​​ ཁ་བའི་མེ་ཏོག

 

 ཁ་བའི་མེ་ཏོག

རྡོ་གྲུབ་བསྟན་པའི་ཉི་མ།
ཁ་བའི་གོས་དཀར་དྲི་མེད་དུངས་མདོག་ཅན།།
དགུན་གྱི་རྒྱལ་མོའི་བཀའ་བབ་འཁུར་བཟོད་པའི།།
ལྕུག་ཕྲན་སར་བ་སར་བའི་ཉིང་ལག་ཅན།།
ལྗོན་པའི་ཤིང་འདི་ལྷ་ཡུལ་ལྷ་མོ་བཞིན།།


ཉི་གཞོན་འོད་ཀྱིས་བྱུགས་པས་རེག་མ་ཐག།

དྭངས་ཤེལ་ཁ་དོག་འཛིན་པའི་ཆུ་ཐིགས་སུ།།
ཞུ་བའི་གཟུགས་ཅན་ཁ་བ་བ་མོའི་རྡུལ།།
ཤིང་ལོའི་འགྲམ་པར་ཡང་དང་ཡང་དུ་འཁྱུད།།

ལྡེམ་དྲང་ཁེངས་པས་དྲེགས་པའི་ནགས་ཀྱི་ཀླུང་།།

ཁུར་གྱི་ལྕིད་ཀྱིས་སྨ་དབབ་བགྱིའོ་ཞེས།།
ཁ་བའི་ཆུ་རྒྱུན་ཀུ་མུད་དོག་པ་བཞིན།།
ནམ་མཁའི་ལམ་ནས་ལྗོན་བཟང་སྤྱི་བོར་འབབ།།

སྤྲིན་དཀར་ཁ་ཡི་ཟེགས་མ་སྐྱུག་པའི་ཆུ།།
དཀར་གསལ་ཁ་བའི་ཟོལ་གྱིས་ཉེར་འོང་བ།།
ལྗོན་ཤིང་མགུལ་བར་ཅུང་ཞིག་ངལ་གསོས་ནས།།
དབྱིན་འཛིན་ཁོང་པར་རིངས་པར་རིངས་པར་སོང་།།

ཉི་མའི་དཀྱིལ་འཁོར་མངོན་དུ་མི་གསལ་ཞིང་།།
གྲང་རེག་འཛིན་པའི་རླུང་གིས་གར་སྟབས་ལ།།
ཞོན་པའི་གོ་སྐབས་ཉེ་བར་གནས་པའི་ཚེ།།
ཁ་བའི་རྡུལ་འདི་རི་ནས་ཀླུང་དུ་རྒྱུ།།

གང་ཚེ་ཉི་མ་འབར་བའི་འོད་ཞགས་ཀྱིས།།
ཁ་བའི་རྡུལ་མང་ཀུན་ཏུ་བཞུས་པའི་མོད།།
ཤིང་གི་གྲིབ་བསིལ་ཁོ་ར་ཁོར་ཡུག་ཀུན།།
རླན་གྱི་ཐིགས་པ་གོས་སུ་འཛིན་པར་འགྱུར།།

དེ་ཚེ་བདག་ཅག་ཁུར་དང་བྲལ་ལོ་ཞེས།།
དགའ་བའི་གར་གྱིས་རོལ་མོ་རྒྱས་པའི་ཤིང་།།
ཡལ་གའི་གཡོ་བ་འབུམ་དུ་རྩེན་པ་འདིས།།
ནགས་ཀྱི་བྱ་ཚོགས་སྙིང་ལ་རབ་དགའ་འཕེལ།།


རྩོམ་ཡིག་ཕབ་བཤུ་བ།སྐབས་དྲུག་པའི་མཐར་ཕྱིན་སློབ་མ་མེ་ལྕེབས་ཡིན།

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-11-02 ལྟ་ཀློག (4134)