སྐར་རྡོ་ཟགས་རྒྱུ་རེད།

 སྐར་རྡོ་ཟགས་རྒྱུ་རེད།

    སྤྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣༠ ཉིན།ཡོ་རོབ་མཁའ་དབྱིངས་མཐུན་ལྷན་ཚོགས་(European Space Agency) ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ངོས་འཛིན་གསལ་བོ་མི་ཐུབ་པའི་མཁའ་བསྐྱོད་དངོས་གཟུགས་ཤིག་སྤྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༣ ཞོགས་པ་ཆུ་ཚོད་ ༦:༡༥ སྟེང་ཧིན་དྷུ་རྒྱ་མཚོར་ལྷུང་རྒྱུ་རེད། ཚན་རིག་པས་མཁའ་དབྱིངས་ཀྱི་སྙིགས་རོ་དེའི་མིང་ལ་ WT1190F དང་། ཡང་ན་ WTF ཞེས་ཀྱང་བཏགས་ཡོད། ཚང་མས་ཤེས་གསལ་ལྟར་མཁའ་དབྱིངས་ན་ཡང་མིས་བཟོས་པའི་སྙིགས་རོ་མང་པོ་འཕྱོ་བཞིན་ཡོད་མོད། ཞིབ་འཇུག་གི་གྲུབ་དོན་ལྟར་ན་ WT1190F ནི་མཁའ་དབྱིངས་ཀྱི་སྙིགས་རོ་འཛམ་གླིང་ལ་གདོང་ཐུག་རྒྱབ་པ་དང་པོ་དེ་རེད། ཚན་རིག་པས་སྤྱི་ལོ་ ༢༠༡༣ ཟླ་ ༡ ནས་བྱ་དངོས་དེར་དོགས་རྟགས་བརྒྱབ་ཡོད་པར་མ་ཟད། སྤྱི་ལོ་ ༢༠༡༥ ཟླ་ ༡༠ བསྐྱར་བརྟག་བྱས་ཡོད། བྱ་དངོས་དེ་ཤྲཱི་ལངྐ་ནས་སྤྱི་ལེ་ ༦༥ མཚམས་ཀྱི་ཧིན་དྷུ་རྒྱ་མཚོར་བརྡབ་ཟགས་བྱ་རྒྱུ་ཡིན་པ་དང་།  རྡོ་དེ་ཚན་རིག་པས་ལོ་ ༤༠ ལྷག་ཟླ་བའི་གྲོང་ཁྱེར་དུ་བཏང་བའི་འཕྲུལ་ཆས་ལས་ཤོར་བའི་རྡོ་ཡིན་ནམ། ཅི་ཞིག་ལས་གས་ཐོར་བྱུང་བའི་རྡོ་ཡིན་མིན་ད་དུང་གསལ་བོ་ཤེས་མེད། ཚན་རིག་པ་ཚོར་མཚོན་ན། རྡོ་འདི་ལྟ་བུ་འཛམ་གླིང་དུ་ཟགས་པ་ནི། རྡོ་དེ་རང་བྱུང་དང་མིས་བཟོས་གང་ཡིན་ཞིབ་རྟོག་བྱེད་རྒྱུའི་རྨད་བྱུང་གི་གོ་སྐབས་ཤིག་ཡིན་འདུག 

གསར་འགོད་པ། འཇམ་དབྱངས་དཀར་པོ། མཁོ་སྤྲོད་པ།བླ་ནག་པ་སྐལ་ལྡན་རྒྱ་མཚོ།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-10-31 ལྟ་ཀློག (4823)