མི་ལོ་སུམ་ཅུ་དང་དངུལ་ཁབ་རིག་གཞུང་།

བོད་ཀྱི་དངུལ་ཁབ་མཁན་པོའམ་སྨན་པ་བྱང་རིག་ཁོ།

མི་ལོ་སུམ་ཅུར་རིན་སྐར་གང་མ་བླངས་པར་དངུལ་ཁབ་རིག་གཞུང་རིས་མེད་དུ་འཆད་ཁྲིད་དང་ནད་པ་རིས་མེད་ལ་གཙག་བཅོས་བྱས་པའི་སྨན་པ་བྱང་རིག་ཁོ་ལ་བཅར་བ།

      བོད་ཀྱི་དངུལ་ཁབ་མཁན་པོའམ་སྨན་པ་བྱང་རིག་ཁོས་སྤྱི་ལོ་༢༠༠༥ལོ་ནས་བཟུང་ཕྱོགས་ཡས་མས་ཀྱི་སློབ་མ་བསྐྱངས་ནས་བོད་ཀྱི་དངུལ་ཁབ་རིག་གཞུང་འཆད་ཁྲིད་བྱས། རྒྱུས་ལོན་བྱས་པ་ཡིན་ན་ད་རག་བར་དུ་ཐེངས་བཅོ་ལྔ་ཙམ་ལ་དུས་ཐུང་འཛིན་གྲྭ་བཙུགས་ནས་བོད་ཆོལ་ཁ་གསུམ་གྱི་སྐྱ་སེར་རིས་མེད་ཀྱི་སློབ་མ་བསྐྱངས་འདུག

      དེ་སྔ་བོད་ཀྱི་དངུལ་ཁབ་ལ་རྩོམ་ཐུང་རེ་འབྲི་མཁན་མ་གཏོགས་རྐང་ཚུགས་པའི་གཞུང་ལུགས་ཤིག་གྲུབ་མེད་ཅེས་བཤད་ན་ཆོག་མོད། ཁོས་མི་ལོ་སུམ་ཅུར་བོད་ཀྱི་དངུལ་ཁབ་རིག་གཞུང་ལ་ཞིབ་འཇུག་དང་ལག་ལེན་བྱས་པས་ད་ལྟ་༼ རྒྱུན་སྤྱོད་བོད་སྨན་དངུལ་ཁབ ་༽ཅེས་པའི་གཞུང་ལུགས་ཤིག་བརྩམས་ཡོད་པར་མ་ཟད། རྒྱལ་ཕྱི་ནང་གི་ལག་ཐོག་སྨན་པ་མང་བོས་ལག་ལེན་བྱེད་པ་དང་བསྔགས་བརྗོད་ཚད་མཐོན་པོ་གནང་གིན་ཡོད་པ་རེད། ཁོས་ཀྱང་གསར་གཏོད་དང་དར་སྤེལ། རྒྱུན་འཛིན་བཅས་རྩ་བར་བཟུང་ནས་སྐུ་ཚེགས་དཀའ་ལས་ལ་ཅི་ཡང་མ་འཛེམས་པར་སློབ་མ་རྣམས་ལ་བོད་ཀྱི་དངུལ་ཁབ་རིག་གཞུང་འཆད་ཁྲིད་བྱེད་བཞིན་ཡོད།  ཁོས་མི་ལོ་སུམ་ཅུ་ལ་དངུལ་ཁབ་ལ་རིན་མ་བླངས་པར་ནད་པ་རིས་མེད་ལ་གཙག་བཅོས་བྱས། 

      ཁོ་ནི་ངོ་མའི་ཁ་བཤད་དོན་ལ་གནས་ཤིང་ལག་ལེན་དགེ་བ་སྒྲུབ་པའི་མགོན་མེད་ནད་པ་རྣམས་ཀྱི་མི་འདོད་ནད་ཀྱི་ཟུག་རྔུ་སེལ་བའི་སྨན་པ་བཟང་བོ་ཞིག་ཡིན།

ཁོས་མི་ཚེའི་ཁ་འབོད་ནི་འདི་ལྟར་༼  ལྷག་བསམ་གསོན་པོས་ནད་པའི་དོན་ལ་རྒྱུགས། །བྱམས་བརྩེ་དྲོན་མོས་ན་ཟུག་ཅན་ལ་རེམས། །སྙིང་རྗེ་དམར་བོས་མཐོ་དམན་དབྱེར་མེད་བྱོས། །ཆགས་སྡང་ཉེ་རིང་མེད་པར་གཞན་དོན་འབུངས། ། ༽ཞེས་པ་ཁོང་གི་ལས་སྒྲུབ་ཁང་གི་གྱང་ངོས་སུ་བཀལ་ནས་ལག་ལེན་དུ་བསྟར་བཞིན་ཡོད།

      ཁོས་ནམ་རྒྱུན་བཤད་རྒྱུར།  རྒྱུ་བསགས་ནས་རྒྱུའི་ཕ་རོལ་ཏུ་ཕྱིན་སོང་བའི་ལོ་རྒྱུས་མེད།  དགེ་བ་བསྒྲུབས་ནས་བདེ་བ་ཐོབ་པའི་གཏམ་རྒྱུད་མང་།  གཙོ་བོ་གཞན་ཕན་བསྒྲུབ་ན་རང་དོན་ཞོར་དུ་འགྲུབ་པ་སོགས་ཀྱི་གནས་ལུགས་ལྟར། ནད་པ་རིས་སུ་མ་ཆད་པ་ལ་ཞབས་ཕྱི་དྲོན་མོ་བསྒྲུབས་པས་ཁོའི་རླབས་ཆེན་གྱི་བྱ་བཞག་ལ་བོད་ཁུལ་སོ་སོ་ནས་བསྔགས་བརྗོད་དང་གདེང་འཇོག་ཡིད་ཆེས་སོགས་ཐོབ་བཞིན་ཡོད་པ་དེ་རེད།

      དེར་བསྟུན་ནས་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་ལས་ཁུངས་སོགས་ཀྱིས་ཁོའི་བླ་མེད་ཀྱི་བྱས་རྗེས་དང་ལྷག་བསམ་ལ་གཟེངས་དར་དང་དཔང་ཡིག་སོགས་ཀྱི་བདག་རྐྱེན་གཅིག་རྗེས་གཉིས་མཐུད་དུ་ཐོབ་བཞིན་པ་ཞིག་ལགས་སོ།།

བོད་ཀྱི་དངུལ་ཁབ་རིག་གཞུང་སྐབས་འདིའི་གསབ་སྦྱོང་འཛིན་གྲྭའི་དགེ་སློབ་ལྷན་རྒྱས་ཀྱི་རྗེས་དྲན་མཉམ་པར།

བོད་ཀྱི་དངུལ་ཁབ་རིག་གཞུང་སྐབས་བཅུ་གསུམ་པའི་གསབ་སྦྱོང་འཛིན་གྲྭའི་དགེ་སློབ་ལྷན་རྒྱས་ཀྱི་རྗེས་དྲན་མཉམ་པར།


རྩོམ་སྒྲིག་འགན་འཁུར་བ། མགར་རྩེ་ཉི་ཟེར། ཨ་བུ་འབྲོང་། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།

རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-10-28 ལྟ་ཀློག (8175)