ཧྲན་ཞི་ནས་བརྒྱུད་ཚོང་བ་མི་སུམ་བརྒྱ་ལྷག་ཉེན་རྟོག་ཕྱོགས་ཀྱིས་སྡེབ་འཛིན་བྱས་པ།

ཧྲན་ཞི་ནས་བརྒྱུད་ཚོང་བ་མི་སུམ་བརྒྱ་ལྷག་ཉེན་རྟོག་ཕྱོགས་ཀྱིས་སྡེབ་འཛིན་བྱས་པ།

 རྒན་གྱའི་ཤ་བོ་ཚེ་རིང་གིས་བསྒྱུར།

  2015-10-25ཉིན་ཀྲུང་ཧྭ་ཚོང་ལས་ཚགས་པར་སྟེང་འདྲ་པར་དང་བཅས་གནས་ཚུལ་སྤེལ་བ་ལྟར་ན། ཟླ10བའི་ཚེས་24ཉིན་གྱི་སྔ་དྲོའི་དུས་ཚོད་8ཙམ་ཞིག་ལ། ཧྲན་ཞི་ཞིང་ཆེན་གྱི་ཧྲང་ལོ་གྲོང་ཁྱེར་ཉེན་རྟོག་པར་ས་གནས་མང་ཚོགས་ཀྱིས་ཞུ་གཏུག་བྱས་ཏེ། བརྒྱུད་ཚོང་བ་མི་འབོར་ཆེན་ཞིག་གིས་ཧྲང་ཀྲུག་གྲོང་ཁུལ་གྱི་མགྲོན་ཁང་ཆེན་མོ་མིང་གྲགས་ཅན་ཐན་ཏིས་རིན་ཧུ་ཟེར་བ་དེའི་ནང་ནས་ཚོགས་ཆེན་ཞིག་འཚོག་གྲབས་ཡོད་པའི་གནས་ཚུལ་བཤད་པ་ན། གྲོང་ཁྱེར་ཉེན་རྟོག་ཅུའུ་ཡི་ཧྲང་ཀྲུག་ཡན་ལག་ཅུའུ་ཡིས་ཉེན་རྟོག་པ་བརྒྱ་ལྷག་རྩ་འཛུགས་བྱས་ཏེ། མགྱོགས་ཤིང་མྱུར་བའི་སྒོ་ནས་ཚོགས་ཆེན་ཚོགས་བཞིན་པའི་བརྒྱུད་ཚོང་བ་300ལྷག་གི་མཐའ་སྐོར་ནས་ཡོངས་སུ་ཚོད་འཛིན་བྱས་པ་རེད་ལ།“ང་ཚོ་མགྲོན་ཁང་དུ་སླེབས་དུས་ཚོགས་ཁང་ནང་ནག་འཐུབ་བེར་ཡོད་པའི་ནང་ན་བརྒྱུད་ཚོང་བ་རྣམས་འཚོགས་འདུག་པ་མཐོང་བྱུང་།”ཞེས་ཧྲང་ཀྲུག་སྤྱི་བདེ་ཡན་ལག་ཅུའུ་ཡི་ཁྲིན་ཀོན་མངགས་གཏོང་ཁང་གི་མགོ་གཙོ་གཞོན་པ་ཝང་ཞན་ཧྤུན་གྱིས་བཤད།


     དེ་རྗེས་ཁོ་ཚོས་གནས་ཚུལ་ཡར་ཞུ་བྱས་མ་ཐག་མྱུར་བ་ཉིད་དུ་ཧྲང་ཀྲུག་སྤྱི་བདེ་ཡན་ལག་ཅུའུ་ཡིས་ཁྱད་ལྡན་ཉེན་རྟོག་པ་དང་། ཉེས་དོན་མྱུལ་ཞིབ་ཉེན་རྟོག་པ་ལ་སོགས་པའི་རིགས་མི་འདྲ་བའི་ཉེན་རྟོག་མི་སྣ་བརྒྱ་ལྷག་རྗེས་བསྣོན་དུ་བཀོད་སྒྲིག་བྱས་ཏེ་བརྒྱུད་ཚོང་བ་མི་300ལྷག་མངགས་གཏོང་ཁང་ལ་ཁྲིད་ནས་རྩད་ཞིབ་བྱས་པ་རེད།


    ཧྲང་ཀྲུག་ཉེན་རྟོག་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། བརྒྱུད་ཚོང་བ་འདི་རིགས་མང་ཆེས་ཤས་ནི་བྱ་བ་འཚོལ་བ་དང་། གྲོགས་པོ་བསྒྲིག་པའི་མིང་གི་ཐོག་ནས་མགོ་སྐོར་བཏང་སྟེ་བརྒྱུད་ཚོང་རྩ་འཛུགས་ནང་ཞུགས་པ་རེད་ལ། མང་ཕྱོགས་ཤིག་ལོ་ཉི་ཤུ་ཡས་མས་ཀྱི་ན་གཞོན་རྐྱང་རྐྱང་རེད་འདུག ཡོང་ས་གཙོ་བོ་ཡོན་ནན་དང་ཀུའུ་ཀྲུག ཟི་ཁྲོན་སོགས་རེད། ཉེན་རྟོག་པས་བརྒྱུད་ཚོང་གཏེ་བོ་ལ་བཀག་སྐྱིལ་ཚོད་འཛིན་བྱས་ཏེ།  མི་གཞན་པ་རྣམས་རང་རང་གི་ཡུལ་ལ་ལོག་ཏུ་བཅུག་ཡོད་པ་རེད།


    ཐེངས་འདིར་རུ་ཁག་གི་སྣེ་ཁྲིད་པའི་ཧྲང་ཀྲུག་སྤྱི་བདེ་ཡན་ལག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་རིན་ཡུང་ཆེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།  ཐེངས་འདིའི་འགུལ་སྐྱོད་ནི་ལོ་འདིའི་ནང་གི་ཧྲང་ཀྲུག་ཉེན་རྟོག་ཕྱོགས་ཀྱི་གཏོར་རྒོལ་མི་གྲངས་ཆེས་མང་ལ་ཁྱོན་ཡོངས་རང་བཞིན་ལྡན་པ། མང་ཚོགས་ཀྱི་མངོན་འདོད་ཤུགས་དྲག་མཚོན་པའི་བྱ་འགུལ་ཅིག་བཅས་ཡིན་པས། མི་འགྱང་བར་མུ་མཐུད་དུ། ཁོ་ཚོས་བཟོ་ཚོང་སྡེ་ཁག་དང་གཞོགས་འདེགས་དམ་ཟབ་སྒོས།  མི་དམངས་ཀྱི་འཚོ་བའི་བདེ་སྐྱིད་དང་སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་ལ་འགན་བསྲུང་བྱ་རྒྱུ་ཡིན་ཟེར།

སྒྱུར་བ་བོའི་ཟུར་དཔྱད་ཕྲན་བུ།

  བརྒྱུད་ཚོང་བ་ཞེས་བཤད་ན་མི་མང་བོ་ཞིག་གིས་ཅི་ཡང་མི་ཤེས་ན་ཐང་། ཡིན་ན་ཡང་ང་ཚོའི་དེང་སང་གི་སྤྱི་ཚོགས་འདིའི་ནང་ན་མིས་མི་ལ་མགོ་གཡོག་མགོ་སྐོར་བཏང་སྟེ། རང་ཉིད་ཀྱི་རྒྱུ་དངོས་པོ་མང་བོ་གཞན་ལག་ཏུ་སྤྲད་དེ་མཇུག་མཐར་དཀའ་ཁག་ལ་འཕྲད་མྱོང་བའི་མི་ཡང་མི་ཉུང་བ་ཞིག་ཡོད་པས། ཁོ་ཚོས་ད་གཟོད་བརྒྱུད་ཚོང་བ་ཟེར་བ་དེ་དོན་ངོ་མ་ཅི་འདྲ་ཞིག་ཡིན་པའི་ཧ་གོ་ངེས་ཡིན། དོན་དམ་པར་བརྒྱུད་ཚོང་བ་ཟེར་བ་ནི་ཉེ་བའི་ལོ་བཅུ་ཕྲག་ལྷག་གི་རིང་ལ་རྒྱལ་ནང་གི་ས་གནས་མང་བོར་ཁྱབ་པའི་མགོ་སྐོར་ཚོགས་པ་ཞིག་ཡིན་ལ། ཁོ་ཚོའི་མི་ལ་མགོ་གཡོག་མགོ་སྐོར་གཏོང་སྟངས་དེ་ངོ་མ་ཁྱད་མཚར་ཅིག་ཡིན་པས། དེ་ཚོའི་གཡོ་འོག་ཏུ་ལས་ཀ་འཚོལ་བཞིན་པའི་ན་གཞོན་དག་ཚུད་མྱོང་བར་མ་ཟད། སློབ་མཐར་མ་ཕྱིན་པའི་སློབ་མ་དང་། རོང་འབྲོག་མང་ཚོགས་དང་། བྱ་བར་ཞུགས་བཞིན་པའི་ལས་བྱེད་པ། སྤྱི་ཚོགས་སྟེང་གི་ཤེས་ཡོན་པ། ཐ་ན་ལས་ཁུངས་ག་གེ་མོའི་འགོ་བ་ལ་སོགས་པ་མང་བོ་ཞིག་ཀྱང་ཚུད་མྱོང་ཡོད་པས།  ད་སྐབས་སྐད་ཅིག་ཉིད་ལ་རྩ་བ་གཅོད་ཐབས་མེད་པའི་སྤྱི་ཚོགས་ཀྱི་རྙོག་དྲ་ཆེན་པོ་ཞིག་ཏུ་གྱུར་ཡོད།
ཁོ་ཚོའི་མི་ལ་མགོ་སྐོར་གཏོང་སྟངས་དེ་དང་ཐོག་མགོ་སྐོར་གཏོང་བཞིན་པ་འདྲ་བ་ཞིག་མ་ཡིན་པར། རང་ལ་ཆེས་སྙིང་ཉེ་བའི་མི་ཞིག་སྟེ། དཔེར་ན་ཁྱོད་ཀྱི་ཆེས་བཟང་བའི་གྲོགས་པོ་ཞིག་གམ། ཡང་ན་དགའ་རོགས། སྤུན་ཟླ། ཕུ་བོ། ཨ་ཅེ། ཐ་ན་ཁྱོད་རང་གི་ཕ་དང་ཡང་ན་ཨ་མ་གང་ཡང་རུང་བ་ཞིག་བེད་སྤྱད་དེ་ཁྱོད་ཀྱི་སྟེང་ལ་རྩིས་རྒྱག་སྟངས་ཤིག་ཡིན།
   སྐབས་དེའི་གནད་དོན་ནི་ཁྱོད་ཀྱིས་རང་དང་རང་གི་སྙིང་ཉེ་བའི་མི་དེ་གཉིས་ཀ་ཕྱོགས་ཡོངས་ནས་གཞན་གྱི་གཡོ་འོག་ལ་ཚུད་ཚར་བའི་རྗེས་རྗེས་ཤིག་ལ་མ་གཏོགས་ཤེས་མི་སྲིད་ལ།  ཁྱོད་ཀྱིས་ཤེས་དུས་རང་ཉིད་ལ་ཡང་བྱེད་ཐབས་དེ་མ་གཏོགས་འགྲོ་ལམ་མེད་པ་འདྲ་བ་ཞིག་ཆགས་ངེས་པས།  སྐབས་དེར་ཐོན་དུས་ད་གཟོད་ཁྱོད་ཀྱིས་ཀྱང་སྔར་གྱི་ཁོ་ཚོའི་བྱེད་སྟངས་དེ་བེད་སྤྱད་དེ་རང་ཉིད་ཀྱི་ཆེས་སྙིང་ཉེ་བའི་མི་སུ་དང་གང་ཡང་རུང་བ་ཞིག་ལ་བསམ་བཞིན་དུ་རྫུན་ལུང་བ་གང་བཤད་ནས་མགོ་གཡོག་མགོ་སྐོར་མི་གཏོང་ཐབས་མེད་ཡིན།  དེ་དུས་ཁྱོད་ལ་ཆེས་མཁོ་བ་ནི་ཁྱོད་ཀྱི་ཆེས་སྙིང་ཉེ་བའི་མི་དེ་མ་ཡིན་པར། མི་དེ་ལ་སྒོར་མོ་ཅི་ཙམ་མང་བོ་ཞིག་འཁུར་ནས་ཡོང་དུ་འཇུག་རྒྱུ་དེ་ཁོ་ན་ཡིན་པས། ཐབས་སྡུག་ན་ཁྱོད་ཀྱིས་རང་གི་ཕ་མ་ཡིན་རུང་གཡོ་ཚོང་བྱ་ངེས་ཡིན། དེ་འདྲ་ནི་བརྒྱུད་ཚོང་བའི་ནང་ན་མང་བོ་ཡོད་དེ།  དེ་འདྲ་ཞིག་ལ་བརྒྱུད་ཚོང་བ་ཟེར་བ་ཡིན་པས། དེ་རིང་གི་གསར་འགྱུར་འདིའི་ནང་གི་མི་སུམ་བརྒྱ་ལྷག་རྒྱལ་ཁབ་ཀྱི་ཉེན་རྟོག་པས་འཛིན་དགོས་དོན་ཀྱང་ཁོ་ཚོའི་བྱེད་སྟངས་དེ་དེ་འདྲའི་ཁྲིམས་མེད་ལུགས་མེད་དང་། ཡ་ང་སྙིང་རྗེ་བྲལ་བ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་གནོད་ཚབས་ཆེ་བ་ཞིག་ཡིན་པའི་རྐྱེན་གྱིས་རེད།

    ཡང་གཅིག་བཤད་ན་འདི་ནི་རྒྱུན་ལྡན་གྱི་མི་ཚང་མས་ངེས་པར་དུ་ཤེས་དགོས་ལ་གཟབ་ནན་ཡང་བྱ་དགོས་པའི་གནད་དོན་ཞིག་ཡིན་པས། དེ་ལས་ལྡོག་ན་ད་རུང་མི་མང་བོ་ཞིག་མུ་མཐུད་དུ་ལམ་ལོག་དེར་མི་ཞུགས་པའི་ངེས་པ་མེད་པས་སོ། །  ངས་འདི་ལྟར་བཤད་དོན་ནི་ང་རང་ཉིད་སྔོན་ཆད་བརྒྱུད་ཚོང་བའི་གཡོ་འོག་ཏུ་དངོས་སུ་ཚུད་མྱོང་བ་དང་། ཁོ་ཚོའི་ནང་ནས་ང་གཟའ་འཁོར་གཅིག་ལ་དངོས་སུ་བསྡད་མྱོང་བ།  ཁོ་ཚོའི་ནང་ན་སྐབས་དེར་ང་རང་གི་ཕ་ཡུལ་ཕྱོགས་ཀྱི་མི་ཁ་ཤས་ཡོད་པ་ཡང་ངས་དངོས་སུ་མཐོང་བ། ཁོ་ཚོའི་བྱ་བ་སྤྱོད་པ་མང་བོ་ཞིག་ངས་དངོས་སུ་མཐོང་ཐོས་མྱོང་གསུམ་ཡོད་པ་མ་ཟད། ང་རང་ཉིད་གཡོ་བཙོང་བྱ་མཁན་ཡང་ང་རང་གི་སྐབས་དེར་ཆེས་དགའ་བའི་བོད་མདོ་སྨད་ཨ་མཆོག་གི་གསར་བུ་ཞིག་བཅས་ཡིན་པས།  ངས་ཉིན་བདུན་གྱི་རྗེས་སུ་ཁོ་ཚོའི་ངོ་མདངས་ལ་གཏན་ནས་མ་བལྟས་པར་སྒོར་མོ་ཅི་ཡང་མ་སྤྲད་ལ་ཨུ་ཚུགས་མཐར་སྐྱེད་ཀྱིས་ཁོ་ཚོའི་ཚོགས་གྲལ་ནས་ཕྱིར་བུད་དེ་སོང་བ་ཡིན།

     སྐབས་དེར་ཁོ་ཚོའི་ཁྲོད་ན་བཟའ་བ་གཉིས་ཀས་གཅིག་གིས་གཅིག་ཁྲིད་ཡོང་ནས་སྒོར་ཁྲི་བཅུ་ཕྲག་རེ་གཞན་ལག་ཏུ་སྤྲད་ཟིན་པ་ཡོད་ལ། བུ་མོས་ཨ་མ་ཁྲིད་ཡོང་ནས་མ་བུ་གཉིས་ཀས་སྒོར་ཁྲི་ཁ་ཤས་རེ་སྤྲད་ཟིན་པ་ཡོད་ཅིང་། རྒན་པོ་ཞིག་གིས་ཕ་ཡུལ་ན་ཡོད་པའི་མགྲོན་ཁང་གི་ཁང་མིག་ཚང་མ་བཙོང་སྟེ་སྒོར་ཁྲི་ཉི་ཤུ་ལྷག་ཡོད་པ་ཚང་མ་གཞན་ལག་ཏུ་སྤྲད་ཟིན་ཡོད་ཅེས་ཁོས་དངོས་སུ་ང་ལ་བཤད་པས། ངས་དེ་འགྲིག་མེད་པར་བསྙད་པས་ཁོ་ཁོང་ཁྲོ་ལངས་ཏེ་ངེད་གཉིས་ཀྱིས་དེ་བརྩད་ནས་ཁ་འཛིང་ཡང་བྱས་མྱོང་།

དེ་དག་ཚང་མ་ནི་དེ་རིང་ངས་གསར་འགྱུར་འདིའི་ནང་གི་བརྒྱུད་ཚོང་བ་ཞེས་པ་དེར་གསལ་བཤད་ཀྱི་ཆེད་དུ་བྲིས་པ་ཡིན་པས་ནང་དོན་གོ་རྒྱུ་ཡོད་མེད་ཁྱེད་ཚོ་རང་རང་གིས་ཐུགས་བསམ་བཞེས་རོགས་ཞུའོ། ། སྤྱི་ལོ༢༠༡༥ལོའི་ཟླ༡༠བའི་ཚེས༢༥ཉིན་པེ་ཅིན་ནས་བྲིས།

གསར་འགྱུར་མཁོ་སྤྲོད་པ། སྐབས་བཅུ་གཉིས་པའི་་མཐར་ཕྱིན་སློོབ་མ་གཉན་བུ་ཡིན།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-10-26 ལྟ་ཀློག (10089)