དོན་དམ་པའི་མ་བཀླགས་ཚད་མེད་ཀྱི་དཔེ་དེབ་ཅིག

དོན་དམ་པའི་མ་བཀླགས་ཚད་མེད་ཀྱི་དཔེ་དེབ་ཅིག

                                                                           གཟི་མིག་གསུམ་པ།

    ཐོག་མར་ངས་འདི་ནས་ཀློག་མཁན་ཁྲི་སྟོང་གི་ཚབ་བྱས་ཏེ་《རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེན་གྱི་མི་སྣ་མཚོན》ཞེས་པའི་དཔེ་དེབ་འདིའི་རྩོམ་པ་བོ་གྱི་ལིང་འཇིགས་མེད་ལགས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  རྒྱུ་མཚན་ནི།   གལ་སྲིད་རྩོམ་པ་བོ་ཁོང་གི་བཀའ་དྲིན་མིན་ན་ང་ཚོར་འདི་ལྟ་བུའི་དེབ་མཆོག་ཅིག་ལ་མཇལ་རྒྱུའི་སྐལ་བ་ལྡན་མི་སྲིད།  དེ་བས།  རྩོམ་པ་བོ་ནི་མིའི་རིགས་ལ་ཤེས་རིག་གི་ལོངས་སྤྱོད་སྩོལ་བའི་དགེ་རྒན་དང་།  མིའི་རིགས་ལ་འཇིག་རྟེན་གྱི་གསང་བ་རྗོད་མཁན་གྱི་དཀོན་མཆོག      མིའི་རིགས་ལ་སྣེ་ཁྲིད་བྱེད་མཁན་གྱི་དེད་དཔོན་ལྟ་བུ་ཡིན་པས།  ང་ཚོས་ནམ་ཡང་འཇིག་རྟེན་འདིའི་སྟེང་གི་རྩོམ་པ་བོ་རྣམས་ཀྱི་བཀའ་དྲིན་དང་མཛད་རྗེས།  རིན་ཐང་སོགས་ངོས་ཟིན་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན།   དེ་རིང་འདི་ནས་ངས་རང་ཉིད་རྩོམ་པ་བོ་ཞིག་གི་ངོས་ནས་རྩོམ་པ་བོ་གཞན་ཞིག་གི་གྲུབ་འབྲས་ལ་གདེང་འཇོག་བྱ་དོན་ནི།   ང་ཚོའི་ལས་རིགས་དང་དགའ་ཕྱོགས་གཅིག་པའམ།    ཡང་ན་འདོད་འདུན་དང་ལས་དབང་གཅིག་པ་ལྟ་བུའི་རིགས་མཐུན་གྱི་བསམ་བློའམ་ཀུན་སློང་ཞིག་གི་དབང་གིས་སྐད་ཆ་བཤད་འདོད་པ་གཏན་ནས་མིན།    ངས་ནི་གྱི་ལིང་འཇིགས་མེད་ཅེས་པའི་རྩོམ་པ་བོ་ཁོང་གིས་ང་ཚོར་གནང་བའི་དེབ་མཆོག་འདིའི་རིན་ཐང་གི་ངོས་ནས་སྐད་ཆ་བཤད་འདོད་པ་ཡིན།    དེས་ན་དེབ་འདི་དོན་དམ་གང་འདྲ་ཞིག་རེད་ཟེར་ན།    ངས་ཁྱེད་ལ་དཔེ་དང་དོན་གྱི་ལམ་ནས་ངོ་སྤྲོད་ཐུང་ཐུང་ཞིག་བྱ་རྒྱུ་ཡིན།   དཔེའི་སྒོ་ནས་བཤད་ན།    དེབ་འདི་ནི་གསེར་གྱི་མེ་ལོང་ལྟ་བུ་ཞིག་སྟེ། འདིའི་ནང་དུ་འཛམ་གླིང་གི་ཡང་རྩེར་གནས་པའི་མི་རིགས་ཤིག་གི་བདེ་སྡུག་གི་གནས་བབ་དང་མདུན་ལམ་གྱི་དཀའ་ཁག་གསལ་བོར་ཤར་ཡོད་ལ།  ད་དུང་དུས་རབས་ཤིག་གི་དར་རྒུད་དང་འཕོ་འགྱུར་གྱི་སྣང་ཚུལ་མང་བོ་ཞིག་གསལ་ལེར་ཤར་ཡོད།   ལྷག་པར་དུ་དུས་རབས་ཉི་ཤུའི་དུས་མཇུག་ཏུ་བྱོན་པའི་བོད་ཀྱི་སློབ་གསོ་བ་ཞིག་གམ།    ཡང་ན་དུས་རབས་ཉེར་གཅིག་པའི་དུས་སྟོད་དུ་བྱོན་པའི་བོད་ཀྱི་གསར་བཏོད་པ་ཆེན་མོའམ་མཛངས་མི་རླབས་ཆེན་ཞིག་སྟེ། ར་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་མི་ཚེའི་ལོ་རྒྱུས་ཀྱི་དུམ་བུ་གལ་ཆེན་ཁག་ཅིག་ཧ་ཅང་ཞིབ་གསལ་གྱིས་ཁྱེད་ཀྱི་མིག་ལམ་དུ་བསྟར་ཡོད།   དོན་གྱི་སྒོ་ནས་བཤད་ན།  དེབ་འདི་ནི་བོད་ཀྱི་སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་སློབ་གསོའི་ལས་དོན་ཇི་ལྟར་བསྒྲུབས་པའི་སྐོར་གྱི་གནས་ཚུལ་གསལ་བོར་བཀོད་པའི་ལོ་རྒྱུས་ཀྱི་ཡིག་ཚགས་རིན་ཐང་ལྡན་པ་ཞིག་རེད་འདུག      

    དེབ་འདིའི་ནང་དུ་གཙོ་བོ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གསར་འཛུགས་བྱས་པའི་ཐོག་མཐའ་བར་གསུམ་གྱི་བརྒྱུད་རིམ་ཆ་ཚང་དང་།    དམིགས་བསལ་ང་ཚོས་ད་ལྟའི་བར་མ་ཤེས་པར་གསང་བ་ལྐོག་གྱུར་དུ་ལུས་པའི་དཀའ་ཁག་སྣ་ཚོགས་མྱངས་པའི་སྐོར་དང་།   དཀའ་ཁག་དེ་དག་ལ་གདོང་ལེན་ཇི་ལྟར་བྱས་པའི་སྐོར་སོགས་གསལ་བོར་བྲིས་འདུག་པས།   ཁོ་བོས་དེབ་འདི་བཀླགས་ཚར་རྗེས་ཡང་བསྐྱར་སློབ་དཔོན་འཇིགས་མེད་རྒྱལ་མཚན་ཁོང་ལ་ངོས་འཛིན་དང་ལྟ་ཚུལ་གསར་བ་ཁག་ཅིག་བྱུང་སོང་།   དེ་ནི་ཁོ་བོས་སྔོན་ཆད་སློབ་གླིང་འདི་ནས་ལོ་ངོ་བཞིར་སློབ་གཉེར་བྱས་ཏེ་བསྡད་པའི་རིང་ལ་ངོ་མ་ཤེས་པའི་སློབ་དཔོན་འཇིགས་མེད་རྒྱལ་མཚན་གསར་བ་ཞིག་ངོ་ཤེས་པར་གྱུར་བ་དེ་རེད།   དེའང་ཚིག་གྲུབ་ཐུང་ངུ་ཞིག་གིས་མཚོན་དགོས་ཚེ་“བྱང་ཆུབ་སེམས་དཔའ་དངོས་སོ”ཞེས་པ་འདི་ལས་གཞན་ཞིག་བཀོལ་རྒྱུ་ཁྱོན་ནས་རྙེད་པར་མ་གྱུར།  རེད་དེ།   ང་ཚོ་མི་མང་བོ་ཞིག་གིས་སློབ་དཔོན་ཁོང་གིས་དཀའ་སྡུག་དུ་མ་ཞིག་མྱངས་ཏེ་སློབ་གླིང་འདི་ལྟ་བུ་ཞིག་བཙུགས་པ་ཚོད་དཔག་ཙམ་གྱིས་ཤེས་ཀྱིན་ཡོད་ནའང་།   དོན་དམ་པར་ཁོང་གིས་དཀའ་སྡུག་གང་དང་གང་མྱངས་པ་དང་།   སློབ་གསོའི་བྱ་བཞག་རླབས་ཆེན་འདི་དག་རེ་རེ་བཞིན་ཇི་ལྟར་འགྲུབ་པའི་རྒྱུ་མཚན་གསལ་བོ་ཞིག་སུས་ཀྱང་ཤེས་ཀྱིན་མེད།  ད་དུང་མིག་སྔར་ཁོང་གི་བྱ་བ་ཡོད་ཚད་ལེགས་འགྲུབ་བྱུང་ཡོད་པ་ལྟར་སྣང་མོད།  ད་དུང་དཀའ་ཁག་མང་བོ་ཞིག་གིས་མདུན་བསུས་ཏེ་ཡོང་གིན་ཡོད་པས།  ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཁོང་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱ་དགོས་པའི་གནད་དོན་གལ་ཆེན་དེ་དག་སུས་ཀྱང་ཤེས་ཀྱིན་མེད།   དེའང་སློབ་དཔོན་ཁོང་གིས་གཞན་གྱི་སེམས་ཁ་དཀྲུགས་པ་དང་དཀའ་ལས་བཟོ་བར་འཛེམས་ཏེ་དཀའ་ཁག་གང་ལ་འཕྲད་ཀྱང་རང་གཅིག་པུས་སེམས་ལ་ཉར་ནས་འདུག་པ་ལས་མཐའ་འཁོར་གྱི་མི་སུ་གཅིག་ལའང་བཤད་ཀྱིན་མེད་པས་རེད།   དེ་བས།   བོད་མི་ཡི་གེ་ཤེས་མཁན་ཞིག་ཡིན་ན་དེབ་འདི་བཀླག་རྒྱུ་ནི་ཧ་ཅང་གལ་ཆེ་བར་མ་ཟད་དེབ་འདིའི་ནང་གི་གནད་དོན་རེ་རེ་ནི་ཐད་ཀར་བོད་ཀྱི་སློབ་གསོའི་མ་འོངས་མདུན་ལམ་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད་སྙམ། 

    ལྷག་པར་དུ་སློབ་གླིང་འདི་གའི་སློབ་མ་ཞིག་ཡིན་ཚེ་དཔེ་དེབ་འདི་ནི་ངེས་པར་བཀླག་དགོས་པའི་དཔེ་དེབ་རྩ་ཆེན་ཞིག་སྟེ།  འདིས་ཁྱེད་རང་གི་སློབ་དཔོན་དེ་ཉིད་རླབས་ཆེན་གྱི་མི་སྣ་ཞིག་ཏུ་ཇི་ལྟར་གྱུར་བ་དང་།  ཁྱེད་རང་གི་མ་ཡུམ་སློབ་གྲྭ་དེའི་མཚན་སྙན་གནམ་འོག་ཏུ་ཁྱབ་དགོས་པའི་རྒྱུ་མཚན་སོགས་གསལ་བོར་ཤེས་སུ་འཇུག་ངེས་ཡིན།  ང་ཚོས་དུས་རྒྱུན་རླབས་ཆེན་གྱི་མི་སྣ་དང་རླབས་ཆེན་གྱི་བྱ་བཞག་གཞན་དང་གཞན་མང་བོ་ཞིག་ནི་དཀའ་སྡུག་དང་དངུལ་ཆུའི་གྲུབ་འབྲས་རེད་ཟེར་གྱིན་ཡོད་ནའང་།  རང་གི་མ་ཡུམ་སློབ་གླིང་འདི་ནི་དཀའ་སྡུག་དང་དངུལ་ཆུ་ཙམ་མ་ཡིན་པར་སློབ་དཔོན་འཇིགས་མེད་རྒྱལ་མཚན་ཁོང་གི་ཟུངས་ཁྲག་དང་ཚེ་སྲོག་གིས་བཞེངས་ནས་འོངས་པ་ཞིག་ཡིན་པ་དེ་རིང་དཔེ་དེབ་འདི་མ་བཀླགས་ཀྱི་བར་དུ་ཁྱོན་ནས་ཤེས་ཀྱིན་མེད།  དེའང་དཔེར་ན།  སློབ་གྲྭ་འདིའི་ཆེད་དུ་ཁོང་གིས་ཚེ་སྲོག་གི་ཉེན་ཁ་མང་བོ་བརྒྱུད་ཅིང་མི་ངན་གྱིས་དབྱུག་པས་གཞུས་ཤིང་གྲི་ཡིས་བསྣུན་ཏེ་སྐུ་སྲོག་འཆོར་ལ་ཁད་དུ་བཏང་བ་སོགས་མིག་ཆུ་ཤོར་བའི་གཏམ་རྒྱུད་མང་བོ་ཞིག་གི་གསང་བ་དེབ་འདིའི་ནང་དུ་བརྗོད་འདུག་པས་ན།   ཁོ་བོས་དེབ་འདི་ནི་དོན་དམ་པའི་མ་བཀླགས་ཚད་མེད་ཀྱི་དཔེ་དེབ་རྩ་ཆེན་ཞིག་རེད་ཅེས་ཁྱེད་ལ་མཚམས་སྦྱར་བ་ཡིན།  དེ་བཞིན་བོད་ཀྱི་སློབ་གསོའི་བྱ་བཞག་སྒྲུབ་མཁན་གྱི་མི་སྣ་དང་།  ཡང་ན་རླབས་ཆེན་མི་རིགས་ཀྱི་ལས་དོན་ལ་གཞོལ་མཁན་སུ་དང་སུ་ཡིན་ནའང་།   དེབ་འདི་ནི་ཐེངས་གཅིག་བཀླགས་པ་ཙམ་མ་ཡིན་པར། རང་ཉིད་ལ་ཐེ་ཚོམ་དང་ཡིད་ཆད་བྱུང་དུས་སམ།  དཀའ་སྡུག་དང་ཉེན་ཁར་འཕྲད་སྐབས་ཡང་ནས་ཡང་དུ་ཀློགས་དང་།  འདིས་ཁྱེད་ལ་སྙིང་སྟོབས་དང་སྤོབས་པ་སྦྱིན་ལ།   ཐབས་དང་ཤེས་རབ་ཀྱིས་བཟོས་པའི་བདེན་དོན་གྱི་ལམ་ཆེན་ཞིག་མཐོང་དུ་འཇུག་ངེས་སོ། །

                                        ༢༠༡༤/༧/༡༨


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-10-19 ལྟ་ཀློག (4329)