​ དགུན་ཚུགས་ཁ་མ།

 

དགུན་ཚུགས་ཁ་མ།

ཨ་འཇམ། 
ང་ཡིས་དུས་ཚོད་དེད་ནས་ཡར་ལ་ཡོང་།།
ཡ་གིའི་ནགས་ཀྱིས་མགོ་བོ་ཅུང་ཟད་བཏུམ།།
གཅན་གཟན་སྤུ་ཁ་འཇམ་པར་འཕྲད་བྱུང་ན།།
མེ་ཏོག་རྙིད་པོ་དེ་གས་འགྲིག་ཚོད་རེད།།

ནམ་ཟླ་འཁྱག་པར་དངངས་པ་ཅུང་ཟད་འདུག།
ང་ཡི་ཤ་ཁྲག་ལུས་ལ་རིང་བར་འདུག།
ཡུས་པོ་འདི་ཡི་ཕར་ལ་ཉུག་པའི་ཚེ།།
ཡི་གེ་ཡངས་པོས་ད་དུང་བཅར་བར་བྱས།།

སྲིད་ཀྱི་བཟོ་ལྟ་དར་བའི་སྲང་ལམ་ན།།
ཨ་ཁུ་སྤྱང་ཀི་འགྲོ་བ་ཨེ་མཐོང་ངམ།།
ལག་སྟོང་མཆན་ལ་བཙིར་བའི་དར་མོ་ཆེ།།
ཕ་གི་རི་ལ་བཙུགས་པ་བདེན་པར་སྐད།།

ཡལ་ག་འཁྱོག་པོའི་སྟེང་གི་སྒྱུ་རྩལ་གྱིས།།
མི་ཡི་བྲིས་ཀྱང་རྫུན་དུ་གོ་བར་བྱས།།
ཕག་ཤ་ཅན་གྱི་ཁྲོམ་གྱི་ཟ་ཁང་འདི།།
བོད་སྐད་གཏམ་ལ་ཅུང་ཟད་ཉེ་ཙམ་གདའ།།

ཡོལ་མོ་དམར་ཙམ་བྱས་པའི་ཐེར་ཁུགས་ཀྱི།།
ཐིག་རྩ་ལང་ལོང་བ་ལ་འཁུན་ཙམ་བྱུང་།།
བདུད་རྩི་ཟེར་བའི་ཆུ་དང་རྫས་ཀྱི་སྣེ།།
ནུབ་མོ་དགུ་ལ་ཐེབས་པ་ཡག་པ་འོ།།

གྲང་བའི་འུར་ལ་ལོབས་ཙམ་མ་བྱུང་ཡང་།།
ཁབ་ཀྱི་སྣེ་མོ་ལོ་མར་ཟུག་པ་བདེན།།
ད་ནི་ཙག་གི་ཁ་སྒོ་བཙོག་པ་ལ།།
རོལ་མོ་ཟད་པའི་ཐག་པ་དྲུད་པ་ཤེས།།

རྒྱན་ཆ་ཡག་པ་མ་ལ་ངོ་གཏུགས་ནས།།
སྲོད་ཀྱི་ནམ་མཁའ་དཀར་བས་ཅི་ཞག་བྱ།།
རུས་ལ་ཤ་ལ་ཐེབས་པར་མ་གྱུར་ན།།
སྤྱི་ལེ་སྟོང་ཕྲག་ཁ་ཙམ་ཤུར་ཤུར་ལྡང་།།

དགུན་གྱི་ནགས་ལ་ཐིག་ཏུ་བཏབ་པའི་ཚེ།།
དམག་མི་དར་ཤམ་ཅན་པོ་གཅེར་བུ་ཡིན།།
བརྡ་ལ་འཕྲོད་པའི་བོད་སྐད་དག་མ་ཡང་།།
ངོ་ལ་བཞག་ན་ཁད་ཙམ་འཕྲོད་པ་འོ།།
         ༢༠༡༥ ༡༠ ༡༨  མེག་ལོར་སྲང་ལམ་ཞིག་ཏུ།

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-10-19 ལྟ་ཀློག (3223)