རྒྱལ་སྤྱིའི་ནང་བསྟན་བགྲོ་གླེང་བདེ་གཤེགས་སྙིང་བོའི་ཞིབ་འཇུག་ཚོགས་ཆེན་པེ་ཅིང་དུ་འཚོགས་པ།

 རྒྱལ་སྤྱིའི་ནང་བསྟན་བགྲོ་གླེང་བདེ་གཤེགས་སྙིང་བོའི་ཞིབ་འཇུག་ཚོགས་ཆེན་པེ་ཅིང་དུ་འཚོགས་པ། 

   སྤྱི་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་རྒྱལ་སྤྱིའི་ནང་བསྟན་བགྲོ་གླེང་བདེ་གཤེགས་སྙིང་བོའི་ཚོགས་འདུ་སྐབས་ལྔ་བ་ཀྲུང་གོ་མི་དམངས་སློབ་ཆེན་གྱི་རྒྱལ་སྤྱིའི་ནང་ཆོས་ཞིབ་འཇུག་ལྟེ་གནས་སུ་ཟབ་རྒྱས་ངང་འཚོགས་ཤིང་།  སྔ་དྲོའི་བགྲོ་གླེང་གི་ཚོགས་ཐེངས་དང་བོར་རྒྱ་རྒྱུད་ཆོས་ལུགས་ཀྱི་མཁས་དབང་སྙན་གྲགས་ཅན་ཅི་ཆུན་ཧྥ་ཧྲི་དང་།  ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་མཁས་དབང་ཙོང་ཞིང་ཧྥ་ཧྲི།  པེ་ཅིང་སློབ་ཆེན་སོགས་ཀྱི་མཁས་དབང་རྒན་རབས་པ་ལུའུ་ཡི་ལེ་དང་།  ཡང་ཙན་ཝན་རྣམ་གཉིས་དང་།  མ་ལེ་ཤིང་ཡའི་ལྷོ་རྒྱུད་ཆོས་ལུགས་ཀྱི་ཆོས་མངོན་པའི་མཁས་དབང་ཆེན་མོ་ཧྥ་ཀུའང་ཧྥ་ཧྲི་སོགས་སྐབས་འདིའི་དེ་བཞིན་གཤེགས་པའི་སྙིང་བོའི་སྐོར་གྱི་བགྲོ་གླེང་ལ་ཞུགས་ནས་དཔྱད་འབྲས་གལ་ཆེན་ཞུས་པར་མ་ཟད།  མཇུག་ཏུ་དྲི་བ་དྲིས་ལན་གནང་སྟེ་བགྲོ་གླེང་ཧ་ཅང་འཁྲུག་པོ་བྱུང་།  ཚོགས་ཐེངས་གཉིས་པར་བཞག་པ་རིན་པོ་ཆེས་བདེ་གཤེགས་སྙིང་བོའི་མདོ་ཉེར་གཅིག་གི་ངོ་སྤྲོད་ཞིབ་རྒྱས་གནང་།   ཕྱི་དྲོའི་ཚོགས་ཐེངས་དང་བོར་འབྲས་བློ་གླིང་གི་དགེ་བཤེས་ལྷ་རམས་པ་རིག་འཛིན་གྱིས་བོད་རྒྱུད་ས་དགེ་བཀའ་རྙིང་གི་དེ་བཞིན་གཤེགས་པའི་འདོད་ཚུལ་གྱི་དཔྱད་པ་དང་རྒྱུད་བླ་དར་ཊཱིཀ་རྒྱ་ནག་སྐད་དུ་བསྒྱུར་བའི་ཨ་རིའི་ཀུ་ལན་པི་ཡའི་སློབ་ཆེན་གྱི་འབུམ་རམས་པ་ལོ་ཙཱ་བ་ཆེན་མོ་ཅང་པོས་རྒྱུད་བླ་མའི་བསྟན་བཅོས་ཀྱི་བརྗོད་བྱ་ལ་དཔྱད་པའི་གསུང་བཤད་གནང་།  ཚོགས་ཐེངས་གཉིས་པར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་དགེ་འདུན་གྱིས་ནང་ཆོས་ཀྱི་གཞུང་དུ་གསུངས་པའི་སངས་རྒྱས་རིགས་ལ་དཔྱད་པ་དང་།  སྒང་བ་རིན་པོ་ཆེ་བསྟན་པའི་རྒྱལ་མཚན་གྱིས་རིགས་ཀྱི་ཚིག་དོན་དང་ལྟ་སྤྱོད་ལ་དཔྱད་པ་དང་།   བཀྲ་ཤིས་ལྷུན་པོའི་བཀའ་ཆེན་བློ་བཟང་ཉི་མས་གཏན་བདེའི་རྩ་བ་རིགས་ཀྱི་སྤྱི་བཤད་སྐོར་གྱི་གསུང་བཤད་གནང་བ་དང་།  པེ་ཅིང་སློབ་ཆེན་གྱི་འབུམ་རམས་པ་སཾ་བོད་དབྱིན་རྒྱ་དང་བཅས་པའི་ལོ་ཙཱ་བ་དགེ་སློང་ཐུབ་བསྟན་ཡོན་ཏན་གྱིས་མངོན་རྟོགས་རྒྱན་གྱི་འགྲེལ་བའི་ཐོག་མ་ཉི་སྣང་ལས་བྱུང་བའི་རིགས་ཀྱི་རྣམ་བཞག་དང་འཕེལ་རིམ་ལ་དཔྱད་པ་དང་།  འབྲས་བློ་གླིང་གི་དགེ་བཤེས་ལྷ་རམས་པ་དཀོན་མཆོག་ནོར་བུས་སེམས་ཙམ་པའི་ལུགས་ཀྱི་རིགས་ཀྱི་རྣམ་བཞག་ལ་དཔྱད་པ་བཅས་ཀྱི་གསུང་བཤད་གནང་བར་མ་ཟད།   སོ་སོའི་མཇུག་ཏུ་ཐེངས་འདིའི་བགྲོ་གླེང་ལ་ཞུགས་པའི་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་དབུ་མ་དང་སེམས་ཙམ་པའི་རིགས་པའི་རྣམ་བཞག་དང་།  མདོ་ཁུངས།  རིགས་པས་གྲུབ་ཚུལ།  མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་ཚུལ་སོགས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་བགྲོ་གླེང་ཟབ་རྒྱས་གནང་།  


བགྲོ་གླེང་ཚོགས་འདུའི་སྟེང་དུ་ཞུགས་པའི་སྐུ་མགྲོན་རྣམས།   

གསར་འགྱུར་ཡོངས་ཁུངས་བཞག་པ་རིན་པོ་ཆེའི་དྲྭ་འཕྲིན་ལས།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-10-19 ལྟ་ཀློག (5796)