སྐྱབས་རྗེ་དགེ་ཀྱཱ་རིན་པོ་ཆེས་སྐུ་འབུམ་དགོན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་བ།

༄༅།།རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་༧སྐྱབས་རྗེ་དགེ་ཀྱཱ་རིན་པོ་ཆེ་མཚམས་སྦྱོར་མདོར་བསྡུས།

 

         རང་ཅག་རྣམས་ཀྱི་དྲིན་ཆེན་རྩ་བའི་བླ་མ་དགེ་ཀྱཱ་རྡོ་རྗེ་འཆང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱིའི་ལོ་སྟེ།
ཕྱི་ལོ་1934ལོའི་ཧོར་ཟླ་བཅུ་གཅིག་པའི་ཡར་ངོའི་ཚེས་བརྒྱད་ཉིན། ཡབ་གུ་རུ་ཚེ་བརྟན་དང་། ཡུམ་ཡེ་ཤེས་སྒྲོལ་མ་ཞེས་པ་གཉིས་ཀྱི་སྲས་སུ་བཀྲ་ཤིས་ཤིང་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འབུམ་ཚོ་དྲུག་གི་ནང་གསེས་ཀླུ་འབུམ་ཚོ་བའི་རློན་པ་སྡེ་བར་སྐུ་བལྟམས།  དགུང་ལོ་བདུན་པའི་སྟེང་མཁས་བཙུན་བཟང་གསུམ་གྱིས་ཐུགས་རྒྱུད་ཕྱུག་པའི་ཨ་ཀྱཱ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གི་སྐུ་མདུན་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་ལ་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ།

        དགུང་ལོ་བརྒྱད་པའི་སྟེང་སྐུ་འབུམ་བྱམས་པ་གླིང་དུ་ཁྲི་སར་བཀོད་ཏེ་དགོན་པའི་ཆོས་སྤྱོད་སྣ་ཚོགས་དང་ཐུན་མོང་གི་རིག་གནས་ལ་སྦྱངས།
          དགུང་ལོ་བཅུ་བཞིའི་སྟེང་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་འཁོར་དུ་ཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་གཉེར་མཐིལ་ཕྱིན་པ་གནང་སྟེ་དགུང་ལོ་ཉེར་གཉིས་སྟེང་གླེང་བསྲེའི་དགེ་བཤེས་བཀའ་བཅུའི་མཚན་བཏགས་དམ་བཅའ་བཞག    དགུང་ལོ་ཉེར་བཞིའི་སྟེང་སྐུ་འབུམ་དགོན་པའི་མཁན་སློབ་རིམ་བྱོན་གྱི་སེང་ཁྲིར་མངའ་གསོལ་ཏེ་དགོན་པའི་སྒྲིག་ལམ་ཀུན་སྤྱོད་དང་བསླབ་པ་སློབ་གཉེར་ཚུལ་བཞིན་བསྐྱངས།

        དགུང་ལོ་ཉེར་ལྔ་སྟེ་ཕྱི་ལོ1958ལོར་ཡོངས་གྲགས་ལྟར་གྱི་གཡོན་ཕྱོགས་ལམ་ལུགས་ཀྱི་དབང་གིས་རྐྱེན་ངན་ལམ་འཁྱེར་གྱི་དཀའ་སྤྱད་སྡུག་རུས་མང་པོ་ལོ་ངོ་ཉེར་གཉིས་ཀྱི་རིང་ལ་མཛད།
          དགུང་ལོ་ཞེ་བདུན་བཞེས་པ་ཕྱི་ལོ་1979ལོར་སླར་ཡང་སྐུ་འབུམ་དུ་ཕེབས་ཏེ་གཞི་གསུམ་གྱིས་མཚོན་པའི་བསྟན་པ་རིན་པོ་ཆེ་སླར་གསོ་མཛད།
          དགུང་ལོ་ཞེ་དགུའི་སྟེང་གསེར་ཁང་རི་ཁྲོད་དང་གནམ་རྫོང་རྩེ། ཁྲི་ཀའི་སྲིན་པོའི་རྫ་འདབས་ཀྱི་མཚར་ལུང་བྲག་ཕུག་དང་ན་ལུང་བྲག་ཕུག་བཀྲ་ཤིས་རྩེ་སོགས་སུ་སྒྲུབ་པ་ཉམས་ལེན་མཛད། རྗེས་སུ་སྐུ་འབུམ་དང་རི་ཁྲོད་རེས་མོས་སུ་མཛད་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བ་དང་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་གནང་བ་དང་། དབང་ལུང་རྗེས་གསུམ་གྱིས་བཀའ་དྲིན་ཚད་མེད་བསྐྱངས།
        ཕྱི་ལོ་2008ལོ་ནས་དགོན་པའི་གཞུང་དང་དད་ལྡན་སྦྱིན་བདག་རྣམས་ཀྱིས་མཐུན་རྐྱེན་སྦྱར་ཏེ་སྒར་བ་བསྐྱར་བཞེངས་མཛད།  རབ་རྒྱན་ལྕགས་སྟག་ལོ་སྟེ་ཕྱི་ལོ་2010ལོའི་ཆོ་འཕྲུལ་དུས་ཆེན་གྱི་ཡར་ཚེས་བཅོ་ལྔའི་ཉིན་གྱི་ཞོགས་པར་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་། ཚོགས་འདུས་ལྷན་རྒྱས་ཀྱི་རེ་འདུན་ལྟར་སྐུ་འབུམ་བྱམས་པ་གླིང་གི་ཚོགས་ཆེན་འདུ་ཁང་དུ་དགེ་འདུན་སྟོང་ཕྲག་འཚོགས་པའི་དབུས་སུ་གདུགས་དང་རྒྱལ་མཚན།
         སྤོས་དུད་རོལ་མོ་སོགས་གཟབ་རྒྱས་ཀྱི་སེར་སྦྲེང་གིས་མདུན་བསུས་ཏེ་གདན་སའི་མཁན་རབས་རིམ་བྱོན་གྱི་མི་འཇིགས་སེང་གེས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་སླར་ཡང་བཞུགས་ཏེ།
         ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་བ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་དབུ་ནས་ཆོས་ཐུན་གཅིག་གི་གསུང་ཆོས་དང་། དགོན་པ་གྲྭ་ཚང་གི་བསླབ་པ་སློབ་གཉེར་དང་སྒྲིག་ལམ་ཀུན་སྤྱོད་སོགས་ཀྱི་སྒོ་དུ་མར་དམིགས་ནས་བླ་བརྒྱུད་ཚོགས་གཏམ་གྱི་བསླབ་བྱ་གང་ལེགས་གནང་སྟེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་གདན་ས་རང་གི་ཆོས་འཆད་ཉན་ཐོས་བསམ་སྒོམ་གསུམ་སོགས་བཤད་སྒྲུབ་ཀྱི་བསྟན་པའི་བྱ་བ་དབྱར་མཚོ་བཞིན་རྒྱས་པར་མཛད།

       དེ་ནས་བཟུང་དགོན་པ་གཞུང་དང་ཚོགས་འདུས་ལྷན་རྒྱས་ནས་མཎྜལ་རྟེན་དོད་ལྷ་དར་དང་བཅས་དབང་ལུང་མན་ངག་གི་ཟབ་རྒྱས་ཆོས་ཀྱི་བདུད་རྩི་གནང་བར་གསོལ་བ་ཡང་དང་ཡང་དུ་བཏབ་པ་བཞིན།
       སྐལ་ལྡན་བུ་སློབ་ཡོངས་ལ་ཐུགས་བརྩེ་བས་ཞལ་གྱིས་བཞེས་ཏེ་རིམ་བཞིན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཐུགས་དམ་ལྷ་ལྔ་སོགས་ཀྱིས་གཙོས་དབང་ལུང་མན་ངག་གི་ཟབ་རྒྱས་ཆོས་ཀྱི་ཆར་བ་བུམ་པ་གང་བྱོའི་ཚུལ་དུ་རྗེ་སྐུ་འབུམ་བྱམས་པ་གླིང་གི་དགེ་འདུན་པ་རྣམས་ཀྱིས་གཙོས་ཕྱོགས་མཐའ་དབུས་ཡུལ་གྲུ་དུ་མ་ནས་ཕེབས་པའི་བོད་དང་སོག་པོ། རྒྱ་དང་ཧོར་སོགས་དད་ལྡན་ཆོས་ཞུ་བ་སེར་སྐྱ་ཁྲི་ཕྲག་དུ་མ་ལ་ལེགས་པར་གནང་སྟེ་སྨིན་གྲོལ་གྱི་ལམ་ལ་བཀོད། ཁྱད་པར་དུ་སྐུ་འབུམ་བྱམས་པ་གླིང་གི་དགོན་པའི་དོ་དམ་ཁང་དང་ཚོགས་འདུས་ལྷན་རྒྱས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེའི་ཆོས་ཀྱི་ཆར་ཆེན་ཅིས་ཀྱང་འབེབ་པར་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ལྟར།
       བླ་མ་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུ་ལྷག་ལ་ཕེབས་ཀྱང་སྐུ་ཚེགས་དང་འོ་བརྒྱལ་སོགས་ལ་མ་འཛེམས་པར་ཐུགས་དགྱེས་བཞིན་ཞལ་བཞེས་གནང་སྟེ། དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེའི་ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་བགོ་སྐལ། དམ་པ་བར་མ་ཆད་པ་ནས་བརྒྱུད་པ། དམ་ཚིག་གི་སེལ་མ་ཞུགས་པ། བྱིན་རླབས་ཀྱི་དྲོད་མ་ཡལ་བ་འདི།  ཕྱོགས་མཐའ་དབུས་ཀྱི་ཡུལ་གྲུ་མང་པོ་ནས་ཕེབས་པའི་སྐལ་ལྡན་བུ་སློབ་གྲངས་ལས་འདས་པ་རྣམས་ལ་བརྒྱུད་ལྡན་བླ་མ་དམ་པའི་ཕྱག་བཞེས་བཞིན་དུ་ལེགས་པར་གནང་དང་གནང་བཞིན་པ་འདི་ལགས་སོ།།

དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ།།
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།།

         ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།།

     བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག།

སྐུ་འབུམ་དུས་འཁོར་དབང་ཆེན་གཙོ་སྒྲུབ་གཞུང་ལས་ཁང་ནས།  ༢༠༡༥ལོའི་ཧོར་ཟླ་༨པའི་ཚེས༦ཉིན།

 

 

      ཧོར་ཟླ་བརྒྱད་པའི་ཚེས་༦་ནས་ཚེས་༩་ཉིན་བར་གྱི་ཉིན་གྲངས་བཞིའི་རིང་ལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་སྐྱབས་རྗེ་དགེ་ཀྱཱ་རིན་པོ་ཆེས་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་བོར་དཔལ་དུས་ཀྱི་དཁོར་ལོའི་དབང་ཆེན་བསྩལ་བའི་སྟ་གོན་དང་བཅས་པ་གྲུབ་ནས་ཉིན་གྲངས་གསུམ་སོང་ཟིན་ཡང་ཕྱོགས་སོ་སོ་ནས་ཕེབས་པའི་དད་ལྡན་སེར་སྐྱ་མང་བོ་སྔར་ལས་ཇེ་མང་དུ་འགྲོ་བཞིན་པར་འཚང་ཁ་ཤིག་ཤིག་སྐུ་འབུམ་བྱམས་པ་གླིང་གི་མཐའ་འཁོར་གཡས་གཡོན་གང་སར་གུར་ཕུབས་པ་སོགས་བྱས་ཏེ་དད་ལྡན་སེར་སྐྱ་ཁྲི་ཕྲག་མང་བོ་ད་དུང་ཡང་ཁྲ་ལམ་མེར་གནས་ཡོད།

    དུས་འཁོར་དབང་ཆེན་གཙོ་སྒྲུབ་གཞུང་ལས་ཁང་གིས་བཀོད་སྒྲིག་ལྟར་དད་ལྡན་ཆོས་ཞུ་བ་རྣམས་ལ་ཕྱོགས་སོ་སོར་སྡོད་གནས་བཀོད་སྒྲིག་ལེགས་པོ་བྱས་ཡོད་པ་མ་ཟད། དབང་ཉན་པ་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་བོའི་བདེ་འཇགས་ལ་དམིགས་ཏེ་ཕར་བསྐྱེལ་ཚུར་ལེན་གྱི་རླངས་མང་བོ་བཀོད་སྒྲིག་བྱས་ཏེ་རིན་མེད་སྒོས་སྟབས་བདེ་བཟོས་ཡོད་པ་དང་བཏུང་ཆུ་དང་ཀོ་རེ་སོགས་ཟས་སྣ་མང་བོ་མང་ཚོགས་ལ་རིན་མེད་སྒོས་གནང་སྤྱིན་བྱས་པ།  ཆོས་ཞུ་བ་རྣམས་ཀྱི་དགོས་མཁོ་ལྟར་མང་ཚོགས་ཁྲོད་བུམ་ཆུ་དང་དབང་རྫས་བཀྲམ་མཁན་གྱི་མི་གྲངས་དྲུག་བརྒྱ་ལྷག་བཀོད་སྒྲིག་བྱས་ཡོད་པ།

     དགོན་པའི་གླིང་བར་དང་མཐའ་སྐོར་གཡས་གཡོན་དུ་དག་ཏུ་བརྙན་འཕྲིན་དང་སྐུད་མེད་རྒྱང་སྒྲོགས།  སྒྲ་སྡུད་འཕྲུལ་ཆོས།  སྨན་བཅོས་ས་ཚིགས།བོད་རྒྱ་སོག་གསུམ་གྱི་རྒྱང་སྒྲོགས་པ་སོགས་བཀོད་སྒྲིག་བྱས་ཡོད་པ་སོགས་ཕྱོགས་སོ་སོའི་བོད་རྒྱ་སོགས་གསུམ་གྱི་དད་ལྡན་སྟོང་ཕྲག་མང་བོར་འཚོ་བ་དང་འགྲིམ་འགྲུལ་སོགས་ཀྱི་ཐད་སྟབས་བདེ་ཧ་ཅང་ཆེན་པོ་བཟོས་ཡོད། སང་ཉིན་སྟེ་ཧོར་ཟླ་བརྒྱད་པའི་ཚེས་དགུ་ཉིན་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་གྱི་རིམ་པ་རྣམས་ཡོངས་སུ་གྲུབ་རྗེས་སུ་དབང་གྲལ་དུ་སྡོད་པའི་སློབ་མ་རྣམས་ལ་བླ་མ་རིན་པོ་ཆེ་ཞལ་མཇལ་གནང་དུ་འཇུག་རྒྱུ་དང་ཉིན་དེར་ཞལ་མཇལ་གནང་མ་ཚར་བ་རྣམས་ལ་ཚེས་བཅུ་ཉིན་མུ་མཐུད་དུ་ཞལ་མཇལ་གནང་དུ་འཇུག་རྒྱུ་ཡིན་པ་རེད།  མཇལ་ཁའི་སྐབས་སུ་སྐུ་འབུམ་གསེར་སྡོང་ཆེན་མོ་རུ་བཞུགས་པ་བྱིན་རླབས་ཀྱི་ཚན་ཁ་མཆོག་ཏུ་འབར་བའི་རྗེ་ཙོང་ཁ་བ་ཆེན་མོའི་ཆོས་གོས་ཀྱང་བླ་མ་རིན་པོ་དང་ལྷན་དུ་བཞུགས་ཡོད་པས་དད་ལྡན་མང་ཚོགས་རྣམས་ཀུན་སློང་རྣམ་པར་དག་པའི་སྒོ་ནས་གསོལ་འདེབས་དང་བཅས་སྨོན་ལམ་བཟང་བོས་མཚམས་སྦྱར་ཏེ་ཕེབས་པ་ཡིན་ན་ཆོས་གོས་བྱིན་ཅན་དང་བླ་མ་རིན་པོ་ཆེ་མཆོག་གི་ཞལ་དངོས་སུ་མཇལ་བའི་སྐལ་བཟང་མྱུར་དུ་ཤར་ནས་རྒྱུད་ལ་བྱིན་རླབས་འཇུག་པར་གསུངས་སོ།།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-09-20 ལྟ་ཀློག (8592)