རླབས་ཆེན་གྱི་མི་སྣའི་དཀའ་སྡུག་ཤེས་དགོས།

རླབས་ཆེན་གྱི་མི་སྣའི་དཀའ་སྡུག་ཤེས་དགོས།

རྩོམ་པ་བོ། དར་ཞིང་འོད་དཀར།

     ཉིན་གསུམ་བཞི་ཙམ་ཞིག་གི་དུས་ཡུན་ནང་དུ་རང་ཉིད་རྒྱ་ནག་གི་གྲོང་ཁྱེར་དུ་མ་ཞིག་ལ་ཡུལ་སྐོར་དུ་འགྲོ་གྲབས་བྱས་འཕྲལ། གྲོགས་པོ་དུ་མས་ལས་དེ་སྐྱིད་རབས་གསུངས་སོང་བས་རང་ཉིད་ལ་སྔར་གྱི་སྤྲོ་སྣང་ལ་སྣོན་པ་བྱས་པས་ལམ་སང་འགྲོ་བར་བརྩམས། སྐབས་དེར་གྲོགས་པོ་ནོར་བུ་ལགས་ཀྱིས་དཔེ་དེབ་ཅིག་གཡར་བ་དང་། སྟབས་འགྲིག་པ་ཞིག་ལ་དཔེ་དེབ་དེ་ནི་ད་ལྟའི་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་ཚ་ཚ་འུར་འུར་གྱིས་སློབ་གསོའི་ལམ་ལུགས་ལ་ནུས་པ་བླ་ལྷག་ཏུ་ཐོན་པའི་གངས་ལྗོངས་ཀྱི་མི་བུ་ཞིག་གི་བྱ་བཞག་ངོ་སྤྲོད་བྱེད་པའི་ཆེད་དེབ་ཅིག་རེད་ལ་དེབ་དེའི་བྱེད་པོའང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་གྱི་ལིང་འཇིགས་མེད་མཆོག་རེད། སྤྱིར་རང་ཉིད་ལ་མཚོན་ན་དཔེ་དེབ་བླུ་རྒྱུ་ནི་ལྟོ་ཆས་སྒྲིག་པ་ལྟར་དུ་ནམ་རྒྱུན་ཟས་མ་མཆིས་ན་སྲོག་མ་མཆིས་ཞེས་པ་ནང་བཞིན་དུ་མེད་དུ་མི་རུང་བའི་ཚོད་དུ་ཡོད། དཔེ་དེབ་ཅིག་བླུ་བ་དང་དེ་འཕྲལ་བཀླག་རྒྱུ་ནི་རྒྱུན་ལྡན་གྱི་འཚོ་བའི་གོམས་གཤིས་ཤིག་ཏུ་ཆགས་ཡོད། རང་ཉིད་ཀྱིས་དཔེ་དེབ་འདི་སྔ་མོ་ནས་དྲ་ལམ་དུ་མཐོང་མྱོང་ཡོད་པ་ལས་དངོས་སུ་དཔེ་ཁང་གང་ཞིག་ཏུ་བླུ་རྒྱུ་ཡོད་པར་མ་འཕྲད་པས་ལག་སོན་མ་བྱུང་། དེབ་འཕྲིན་མཐོང་སྟེ་དཔེ་དེབ་ལག་ལ་མ་སོན་དུས་དེ་ལས་ལྷག་པའི་ན་ཟུག་ཅིག་དང་བློ་འགྱོད་ཅིག་ལར་ནས་མེད།

   སྤྱི་ཟླ་༡༠ཚེས་༡༩ཉིན་གྱི་དགོང་མོ་ཆུ་ཚོད་བརྒྱད་ཀྱི་སྟེང་གྱི་ལིང་གནམ་ཐང་ནས་ལྕགས་བྱར་བསྡད་དེ་ཧྲེང་ཧེ་གྲོང་ཁྱེར་ལ་ཡུལ་སྐོར་དུ་ཆས་ཤིང་། གནམ་གྲུར་བསྡད་མ་ཐག་པ་ནས་དཔེ་དེབ་རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེན་གྱི་མི་སྣ་མཚོན་ལག་ཏུ་བཟུང་ཞིང་ཁྲང་ཨན་མཁར་ལ་བསླེབས་དུས་མཚན་མོའི་དུས་ཚོད་བཅུ་བ་ཡས་མས་ཤིག་རེད།སྟབས་འགྲིག་ཅིང་ལས་ཡག་པ་ཞིག་ལ་གྲོགས་པོ་ནོར་བུ་ལགས་ཀྱི་མཐུན་རྐྱེན་མེད་རྒྱུ་ན་ང་ནི་གནམ་གྲུའི་ནང་གི་ལག་སྟོང་དང་འགྲུལ་བའི་ནང་གི་ཅང་མེད་ཅིག་ལས་གཞན་དུ་ཅི་ཡང་མིན་ནོ།། མི་རིགས་གཞན་དང་འགྲུལ་བ་གཞན་དག་གིས་གནམ་གྲུར་འདུག་པའི་རྒྱུན་ཤེས་དང་བརྡ་ཁྱབ་ཀྱི་དཔེ་དེབ་དག་བཀླག་མོད་ང་ལ་མཚོན་ན་དབྱིན་རྒྱའི་སྐད་ཡིག་གི་མགོ་རྔ་ཙམ་ལས་ཅི་ཡང་མི་ཤེས་པས་ཅི་ཞིག་གི་སྐལ་ཆད་འདུག་སྙམ་པའི་དོགས་པ་ཞིག་དང་སྟོང་ཆ་ཞིག་ཡོད་འདུག དེ་ལྟར་ཉམས་སེང་དང་རྒྱུན་ལྡན་ལྟར་དུ་ཚང་མའི་ལྷན་དུ་དཔེ་དེབ་འདི་བཀླག་ཞོར་མཁའ་ལམ་གྱི་ཕྱེད་ཙམ་སོང་རྗེས་རང་ཉིད་དགའ་སྤྲོ་དང་རེ་བ། སྨོན་འདུན་ཞིག་གིས་ཡུལ་སྐོར་ལ་འགྲོ་བའི་སྣང་བ་དེ་རྩ་མེད་རེད། ཡོངས་འཇོམས་རེད། འདང་ཞིག་བརྒྱབས་དུས་བོད་ཀྱི་སློབ་གསོ་བ་ཆེན་མོ་ངུར་སྨྲིག་རྒྱལ་མཚན་སྒྲེང་བའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱི་ལོ་རྒྱུས་སམ་བྱ་བཞག་ཁྲོད་ཀྱི་དཀའ་སྡུག་གིས་བྱིན་པའི་མྱོང་བ་དེས་རེད། མ་གཞི་ནས་དཔེ་ཀློག་ནི་དགའ་བ་བསྐྱེད་པ་དང་། སུན་པོ་བཟོ་བ། སྣང་བ་དྭངས་པ། སྤྲོ་བ་འཕེལ་བ་སོགས་ཀྱི་བཀོད་འདོམས་པ་ཞིག་ཡིན་པ་དངོས་ནས་རེད། རྒྱུ་མཚན་དེས་ང་རང་ལ་ལན་གཉིས་སུ་མིག་ཆུའི་ཟིལ་བ་གཏོར་དུ་བཅུག་ཅིང་ཐེངས་གསུམ་ལ་དཔེ་ཀློག་གི་བཀླག་མཚམས་འཇོག་ཏུ་བཅུགམིག་ཆུ་འཐོར་བའི་སྐབས་དེ་གང་ཞེ་ན་བརྩེ་བས་ཁྱབ་པའི་ཁོར་ཡུག་ཅེས་པའི་རྩོམ་ཡིག་ནང་དུ་རྒན་ཁོང་ཉིད་ཕྱི་རྒྱལ་དུ་ཕེབས་སྐབས་སུ་སྐུ་ལ་སྙུང་གཞི་ལྕི་མོ་བཞེས་ཏེ་སྨན་ཁང་དུ་ཕེབས་ནས་ལྷ་རྗེ་དག་གིས་བརྟག་དཔྱད་བྱས་ཏེ་ནད་རྟགས་བུད་པ་དེ་ཡིན་ལ། གཅིག་ནི་བདག་གིས་དཔག་པའི་རྭ་རྒྱ་ཞེས་པའི་རྩོམ་ཡིག་ནང་དུ་སློབ་དཔོན་ཁོང་ཉིད་ལན་ཇུར་ཕེབས་ཏེ་བླ་བྲང་ཀུན་མཁྱེན་གྱི་སྐུ་མདུན་དུ་རྒན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ཚང་སླར་ཡང་རྭ་རྒྱ་ལ་དབང་རྒྱུའི་རེ་འདུན་ཞུ་རུ་འགྲོ་སྐབས་ཀྱི་རྒྱ་མིའི་ཇག་ཚོགས་ཀྱི་ངན་གཡོ་དང་སྐབས་དེའི་དཀའ་སྡུག་ཁོ་ན་དེ་རེད།

   སྤྱིར་ན་དཔེ་དེབ་ཅིག་ལ་ཁ་གཏད་ཀྱི་འབྲལ་མེད་དུ་གནས་པ་དེ་ཀློག་པ་བོ་ཡིན་ཞིང་ཀློག་པ་བོ་དེ་ལ་ངེས་པར་དུ་ཡོད་དགོས་པ་ཡང་རྣམ་དཔྱོད་དམ་དཔྱོད་ཤེས་ཟེར་བ་དེ་རེད། རྩོམ་མཁན་གྱི་དཀའ་སྡུག་དང་དེབ་ཀྱི་བརྗོད་སྙིང་སོགས་ཀློག་པ་བོས་མཐོང་དགོས་སྟབས། ཀློག་པ་བོ་ནི་ཚོར་མེད་དུ་འདུག་མི་ཉན་ལ།འདུག་ཀྱང་མི་གནས།གཅིག་ནི་དཔེ་དེབ་བཀླག་པའི་རེ་བ་ནི་གང་ཞིག་ཤེས་པར་བྱ་རྒྱུ་དེ་ཡིན་ཞིང་། ཤེས་པ་དེ་རང་ཉིད་ཀྱི་མི་ཚེའི་ལམ་གྲོགས་དང་ཡང་ན་དགའ་རོགས་སྐྱོ་རོགས་ལྟ་བུ་ཞིག་ཏུ་ཨེ་འགྱུར་ལ་རེ་བ་དེ་ཡིན། དེ་ལས་དཔེ་དེབ་བཀླགས་ཀྱང་ད་རུང་ཚོར་མེད་དུ་སྡོད་པ་ནི་རྡོ་ཐོག་ཏུ་ཆུ་བླུགས་པ་དང་མི་མཚུངས་སམ། དངོས་ནས་རང་ལ་བསམ་མི་ཤེས་པའི་ཚོར་བ་ཞིག་དང་དྲན་མི་ཤེས་པའི་མི་ཚེའི་ལམ་བུ་ཞིག་བསྟན་སོང་། ད་རུང་རྭ་རྒྱའི་སློབ་གྲྭའམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་ངོ་ཉི་ཤུའི་གྲུབ་འབྲས་འདིའི་དངོས་ཤུགས་གང་རུང་ན་སྲིད་གཞུང་དང་སྤྱི་ཚོགས་སྟེང་གི་མི་སྣ་རླབས་ཆེན་ཚོའི་ཐུགས་རྗེ་དང་བྱམས་པ། བརྩེ་བ་ནི་མཚོ་ལྟར་ཟབ་པ་ཞིག་ཡོད་པ་ནི་ད་རེར་ཤེས་པ་ཡིན། མ་ཟད་སློབ་གླིང་འདིའི་དགེ་རྒན་དག་གི་སྐྱ་ཟད་སྔོ་གཏུགས་ཀྱི་འཚོ་བ་དང་། གོས་ངུར་སྨྲིག་གི་ཁ་དོག་སོགས་རང་བཞིན་གྱིས་སེམས་ལ་སྣང་བརྙན་བཞིན་དུ་འཆར་འོང་། སློབ་གླིང་འདི་ནི་གངས་ལྗོངས་ཀྱི་ཐོག་མའི་སྒེར་ཚུགས་སློབ་གྲྭ་ཡིན་ལ་བོད་ཁམས་ཀྱི་ཐོག་མའི་སྣེ་ཁྲིད་པའི་དཔུང་སྡེ་འདུ་འཛོམས་བྱུང་སའང་ཡིན། དང་ཐོག་སློབ་མ་བདུན་བརྒྱད་ཙམ་གྱིས་མིང་ཐོ་བཀོད་པ་ནས་རྒན་འཇིགས་མེད་རྒྱལ་མཚན་ལགས་ཀྱི་དངོས་སུ་སློབ་ཁྲིད་ཀྱི་དབུ་བརྩམས་ཤིང་དེ་ནས་བཟུང་སློབ་དཔོན་བཛྲ་ཚུལ་ཁྲིམས་རྒྱ་མཚོ།སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་བཅས་རྣམ་པ་གསུམ་གྱི་ཐུགས་རྗེས་བསྐྱངས་ཏེ་སློབ་གླིང་འདི་ནི་ཤེས་རིག་གི་ནོར་བུ་ལེན་སའི་ཡོན་ཏན་གྱི་རྒྱ་མཚོ་ཞིག་ཏུ་གྱུར་སོང་།

   སྤྲུལ་སྐུ་རྒྱ་མཚོས་གསུངས་པ་ནང་བཞིན་དུ་དགེ་རྒན་འཇིགས་མེད་རྒྱལ་མཚན་ལགས་ནི་མཁན་པོ་ཡིན་ལ་སློབ་དཔོན་ཡང་ཡིན། དགེ་རྒན་ཡང་ཡིན་གསུངས་པ་ལྟར་ཁོང་ནི་ཐོས་པ་ཆུད་ཟོས་སུ་མི་གཏོང་བའི་བཀའ་གདམས་པ་ཞིག་མ་ཡིན་ནམ། བདག་གིས་མིག་ཆུ་ཞིག་བཏང་བ་དེས་ཅི་ཡང་མི་ཕན་ཀྱང་སེམས་ཚོར་དེས་སློབ་དཔོན་ཁོང་ཉིད་དང་ཁོང་ཉིད་ཀྱི་ཕྱག་ལས་ཀྱི་དཀའ་སྡུག་ཤེས་པ་མཚོན་ཡོད། སློབ་དཔོན་ཁོང་ཉིད་ལ་དཔའ་མི་ཞུམ་པའི་ཐུགས་སྟོབས་འདི་འདྲ་ཞིག་ཡོད་པ་ནི་སྔོན་ཆད་ཀྱི་དམ་པའི་རྣམ་ཐར་དང་སྐྱེས་ཆེན་དུ་མའི་ཞལ་གདམས་ལས་བསྩལ་བ་མ་ཡིན་ནམ། དེའི་ཕྱིར་འུ་ཅག་གིས་ཀྱང་དམ་པ་ཁོང་གི་མཛད་རྗེས་ལ་རམ་འདེགས་མི་ཐུབ་ཀྱང་བསྔགས་པ་དང་བསྟོད་པའི་ནུས་པ་ཅི་དགར་དུ་བཏོན་ཆོག་ལ། ཇི་སྐད་དུ། སྔ་དྲོ་བླ་མའི་རྣམ་ཐར།། ཕྱི་དྲོ་སློབ་མའི་ཉམས་ལེན།། གསུངས་པ་བཞིན་དུ་ཕྱི་རབས་ཀྱི་བོད་ཕྲུག་འུ་ཅག་གིས་འབད་དགོས་པ་མ་ཡིན་ནམ། རྒྱུན་དུ་ང་རང་ཉིད་ཀྱིས་དཔེ་དེབ་ཅིག་བཀླག་ན་ཐོག་མར་དཀར་ཆག་བཀླག་པ་དང་དེ་ནས་རྩོམ་ཡིག་གི་ཁ་བྱང་གང་ལ་གང་འཚམས་ཤིག་གིས་ཤོག་ངོས་གང་ཞིག་གི་ཉིན་སྲིབ་ཏུ་ཁྲིད་འགྲོ་མོད། ད་རེའི་དཔེ་དེབ་འདིའི་དཀའ་ཆག་ལ་དེ་འདྲ་མ་བརྟེན་པར་ཐད་ཀར་ཤོག་ངོས་དང་བོ་ནས་བཟུང་རིམ་གྱིས་བལྟས་པ་ཡིན། བལྟས་ཀྱིན་བལྟས་ཀྱིན་བལྟ་རྒྱུ་ཡོད་ཅིང་། བཀླགས་ཀྱིན་བཀླགས་ཀྱིན་བཀླག་རྒྱུ་ཡོད་པས་ཡིད་རབ་ཏུ་གཡོ་བའི་ཚད་ལྡན་གྱི་དེབ་ཅིག་ཏུ་བརྩི་རུང་། གོང་དུ་བཀླག་མཚམས་ཐེངས་གསུམ་ལ་བཞག་ཅེེས་པ་ནི་ཡིད་ཚིམས་ནས་བཀླག་མཚམས་བཞག་པ་མ་ཡིན་པར་ཡིད་སྐྱོ་བས་བཀླག་མཚམས་བཞག་པ་དེ་ཡིན། དེ་ནི་མ་རྩ་བརྡིབས་པའི་ཁེ་བཟང་ཞེས་པའི་དོ་མི་མཉམ་པ་འདྲ་བའི་ཁ་བྱང་འདིའི་ནང་གི་རྩོམ་ཡིག་ལ་བལྟ་བའི་སྐབས་ཀྱི་དཀའ་སྡུག་དང་སྐྱོ་སྣང་དག་རེད། སློབ་གླིང་འདིའི་དགེ་རྒན་ཚོའི་ཕུགས་བསམ་དང་བསམ་བློ་དེ་ནི་འགལ་རྐྱེན་གཅིག་དང་དཀའ་སྡུག་གཅིག་གིས་བརླག་འགྲོ་བ་ཞིག་གཏན་ནས་མ་ཡིན་པས་ངས་ཁོང་ཅག་གི་ལོ་རྒྱུས་བཀླགས་ཏེ་ཡོང་ན་མཚམས་འདི་ནས་བཀླག་མཚམས་མི་འཇོག་ཀ་མེད་རེད། རྒྱུ་མཚན་ཁྱེད་ཅག་གིས་དཔེ་དེབ་དེ་བཀླག་ན་རང་བཞིན་དང་ངང་ངམ་ཤུགས་ཀྱིས་སློབ་གསོ་ཞེས་པ་དེ་གལ་ཆེན་ཡིན་མིན་དང་མིའི་སྙིང་སྟོབས་ཟེར་བ་དེ་འདྲ་འདྲ་ཞིག་ཡིན་མིན་དེ་ནས་རྟོགས་འོང་། སྤྱིར་མི་ཞེས་པ་དེ་ནི་མཚན་ཉིད་ཀྱིས་གཅིག་ཏུ་གྲུབ་ཀྱང་། བསམ་བློ་དང་ནུས་པ། གཞན་ཕན། ཐུགས་བསྐྱེད་སོགས་ཀྱིས་ཁ་ཁར་བྱེད་པ་དེ་རེད། ཁ་དཔེར།མི་མི་ལ་འདྲ་ན་གཡོག་པོར་མི་འདུག།རྟ་རྟ་ལ་འདྲ་ན་བསྐང་ལ་མི་སྟེར།། ཟེར་བ་བཞིན་དུ་སློབ་གླིང་འདི་གའི་དགེ་རྒན་ཚོ་ནི་གཞོམ་གཞིག་བྲལ་བའི་གང་ཟག་ཁྱད་དུ་འཕགས་པ་དག་མ་ཡིན་ནམ། བཀླག་མཚམས་ཐེངས་གཉིས་པ་དེ་གོང་གི་རྩོམ་ཡིག་འདིའི་ནང་གི་སློབ་གྲྭ་རང་གིས་རང་ཁ་རང་གསོ་བྱེད་ཆེད་དུ་དབྱར་རྩྭའི་རྩྭ་ས་ཉོས་ནས་བརྡིབས་པ་དེ་རེད། ཨ་ཨ་ཇི་འདྲའི་རེ་བ་ཞིགའདི་འདྲའི་དཀའ་ལས་ཤིགསློབ་དཔོན་ཁྱེད་དང་དཔུང་རོགས་དེ་ཚོ། དངོས་ནས་རྒྱལ་སྲས་དམ་པ་དག་རེད་དམ། ང་ནི་ཁྱེད་ཅག་གི་ལོ་རྒྱུས་ཁྲོད་ན་རང་བཞིན་གྱིས་དཔའ་ཞུམ་གྱིན་འདུགབཀླག་མཚམས་གསུམ་པ་དེ་རྣམ་གཡེང་ལྟ་བུའི་སློབ་སྦྱོང་ཞེས་པའི་ནང་གི་གྲུབ་འབྲས་དེ་རེད། སྤྱིར་ན་གྲུབ་འབྲས་ཟེར་ས་ཞིག་ནས་ཐད་ཀར་དུ་བཟང་ཕྱོགས་ཀྱི་ལས་ཀ་ཞིག་གི་མཇུག་འབྲས་ལ་གོ་བ་ལེན་ངེས་རེད། ཡིན་ཡང་སྐབས་འདིར་དགའ་སྣང་ཡོད་པ་ལས་སུན་སྣང་ཞིག་མེད་ན་འགྲིག་མོད། ང་ནི་དེ་ལས་ལྡོག་དོན་རང་གིས་ཀྱིས་ལོ་ངོ་དུ་མར་སློབ་མ་བསྐྱངས་ཤིང་། རང་གིས་ཀྱང་ད་རུང་སློབ་སྦྱོང་ཐན་ཐུན་རེ་བྱེད་ཀྱིན་ཡོད་པ་དེའི་གནོན་ཤུགས་ཡིན་ནམ་ཡང་ན། གང་ལྟར་སློབ་མར་སློབ་སྦྱོང་གི་ཁོར་ཡུག་ལས་ཆེ་བའི་དགའ་ཕྱོགས་བསྐྱེད་སྲིང་གི་ལས་ཁ་ཞིག་བསྐྲུན་པ་དང་། སློབ་གྲྭའི་རྩ་བའི་དམིགས་འདུན་ཕན་ཆོད་ན་ད་རུང་ལས་རིགས་སོ་སོའི་ཁྲོད་དུ་མདོ་འཛིན་པ་དང་སྐད་སྒྱུར་བ། གྱེར་འདོན་པ་དང་གླུ་བ་སོགས་ཞར་དང་ཞོར་ནས་བསྐྱེད་པ་འདི་ཡང་ཇི་འདྲའི་དཀའ་ལས་ཤིག་གདོང་ལེན་བྱས་པ་ཡིང་ཨང་སྙམ་ནས་དཔེ་ཆ་འདི་བཀླག་མཚམས་བཞག་པ་བཅས་ནི་དཔེ་དེབ་འདི་ཐེངས་གཅིག་བཀླག་པའི་སེམས་ཚོར་དངོས་ཡིན་ནོ།། ད་བར་དུ་ང་རང་ལ་མཚོན་ན་སློབ་གླིང་འདི་དང་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་བྱས་པའི་མཛད་བཟང་འདི་ལ་འདི་འདྲའི་དཀའ་ལས་ཤིག་ཡོད་པ་དྲན་མ་མྱོང་ཞིང་ཐོས་མྱོང་མེད་པས་ད་རེར་སློབ་གླིང་འདིའི་ལོ་ངོ་ཉི་ཤུའི་དཀའ་སྡུག་དང་འབྲེལ་ཏེ་སློབ་དཔོན་འཇིགས་མེད་རྒྱ་མཚན་མཆོག་གི་སྐུ་ཚེའི་མཛད་པ་ལ་རྒྱུས་ལོན་ཉུང་ཉུང་ཞིག་བྱས་པས་ཤིན་ཏུ་སྤྲོ་ཞིང་ཞོར་ནས་སྡུག་གིན་མཇུག་བསྡུ་བའོ།། དེ་ལས་ཀྱང་དཔེ་དེབ་འདི་ཉིད་བཀླགས་པས་འཆར་སྒོ་མང་བོ་ཞིག་ཕྱེ་ཡོད་མོད་རེ་ཞིག་ཡུལ་སྐོར་གྱི་བར་གླགས་ནས་ཆོག་པར་བྱའོ།།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས་།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-09-16 ལྟ་ཀློག (4749)