​ སྤྲི་ཆུར་བཟོ་གྲྭའི་གསར་འགྱུར།

   སྤྲི་ཆུར་བཟོ་གྲྭའི་གསར་འགྱུར། 

    ཁ་སང་སྔ་དྲོ་མཚོ་སྔོན་ཞིངཆེན་གྱི་ཞིང་གཙོ་གཞོན་པ་བང་ལགས་གཙོ་བྱས་པའི་མགོ་ལོག་ཁུལ་ཏང་གཙོ་བོའུ་དང་ཁུལ་དཔོན་དཔལ་རྒྱལ་བཀྲ་ཤིས་འཁོར་དང་བཅས་པ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཞོར་སྒྲུབ་ཁེ་ལས་གངས་ལྗོངས་གཅེས་ནོར་བཟོ་གྲྭ་ལ་གཟིགས་ཞིབ་ཏུ་ཕེབས་ནས་ཁེ་ལས་འདིས་སློབ་གྲྭའི་མ་དངུལ་གྱི་ཁ་སྐོང་ལ་ནུས་པ་ཐོན་པར་མ་ཟད་རང་ས་གནས་ཀྱི་འོ་མའི་ཐོན་ཁུངས་ལ་རིན་ཐང་བླ་མེད་བསྐྲུན་ཡོད་པས། དངོས་གནས་དམངས་ཕན་འབྱོར་ཕྱུག་གི་ལམ་ཁ་བཟང་བོ་རེད་ཅེས་བསྟོད་བསྔགས་ཀྱི་མཐེ་བོང་བསྒྲེངས།

     གསར་འགྱུར་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་དྲ་ལམ་ནས་མཐོང་བ་བཞིན་འདིར་བཀོད་པ་ཡིན་ལ། ཐེངས་འདིའི་གསར་འགོད་པ་དང་གསར་འགྱུར་མི་སྣ་གཙོ་བོ་གཉིས་ཀྱི་གཞི་མཐུན་ལྟ་བུར་གྱུར་པའི་དགེ་རྒན་ཁོང་ལ་ཐུགས་རྗེ་ཆེ་ཞུ།

ཚང་མས་ཤེས་གསལ་ལྟར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་ད་ལྟའི་བར་མི་ལོ་ཉེར་གཅིག་གི་ལོ་རྒྱུས་ལྡན་པའི་སྒེར་བཙུགས་སློབ་གྲྭ་ཞིག་ཡིན་པར་མ་ཟད། ད་ཡོད་བོད་ཁུལ་གྱི་སྒེར་བཙུགས་སློབ་གྲྭ་དག་ལས་དཔལ་འབྱོར་གྱི་ཆ་རྐྱེན་ཆེས་ཞན་ཤོས་ཀྱི་སློབ་གྲྭ་ཞིག་ཀྱང་ཡིན། མང་བོའི་སེམས་སུ་དགེ་རྒན་འཇིགས་མེད་རྒྱལ་མཚན་ཁོང་རྒྱུ་ཆེན་འབྱོར་ལྡན་ཞིག་ཡིན་པར་འདོད་ཡོད་ལ། སྤྱི་ཚོགས་ཁྲོད་ཀྱི་མི་མང་བོས་ཀྱང་ཁོང་ལ་གྲྭ་བ་ཁེ་ལས་པ་ཞེས་ཅུང་མ་རངས་པའི་ཟུར་ཟའང་བྱས་དང་བྱེད་བཞིན་ཡོད་མོད། ཁོང་ཉིན་མཚན་མེད་པར་རྒྱུགས་འདུར་གནང་བཞིན་པ་ནི་མཐར་གཏུགས་ན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་དཔལ་འབྱོར་གྱི་ཐད་ནས་རང་ཚུགས་ཐུབ་རྒྱུའི་ཆེད་དུ་ཡིན་ལ། དེ་ཡང་མི་རིགས་སློབ་གསོའི་ཆེད་དུ་རེད།

    ཉིན་འགའི་སྔོན་ལ་ཁོང་གིས་ངེད་ཅག་དགེ་རྒན་དང་ལས་བཟོ་བ་ཡོངས་ལ་ཐུགས་གཞིགས་ཟབ་མོ་དང་བཅས་གསུང་རྒྱུར། རང་རེའི་སློབ་གྲྭ་འདི་ལ་མཚོན་ན་སློབ་ཁྲིད་ཀྱི་སྤུས་ཀ་དང་སྒྲིག་ལམ་སོགས་གང་ཅིའི་ཐད་ནས་ཅུང་ལམ་དུ་སོང་ཡོད་པས་ད་ནི་ཁྱེད་ཅག་སུས་ཀྱང་འགན་ལེན་ཆོག་ལ་འགན་ཡང་ཐེག་མོད། འོན་ཀྱང་ད་སྔ་ད་དུང་ཆེས་ཆེ་བའི་དཀའ་ཁག་ནི་དཔལ་འབྱོར་ཡིན་པས། འདིའི་ཕྱོགས་ན་ང་ལ་འགན་འཁྲི་ཆེན་པོ་ཡོད་ཅེས་གསུངས་མྱོང་། སྐབས་དེར་བདག་གི་སེམས་སུ་སྨྲ་མི་ཤེས་པའི་སེམས་འགུལ་ཞིག་ཐེབས་སོང་། ཁོང་གིས་ད་སྔ་གཞུང་སྒོར་སྒེར་གྱིས་སྤྱོད་པ་ལྟ་ཅི། ཐ་ན་གཞན་གྱིས་ཁོང་ལ་ཕུལ་བ་གང་ཡོད་ཐམས་ཅད་ཀྱང་སློབ་གྲྭའི་དངུལ་གཉེར་བ་ལ་སྤྲོད་པ་བདག་གིས་ཐེངས་མང་བོར་དངོས་སུ་མཐོང་མྱོང་ལ། ཁོང་གིས་ནམ་རྒྱུན་ཆེས་སྤྱིར་བཏང་གི་ན་བཟའ་རེ་བཞེས་ནས་ཕེབས་ཀྱིན་པ་ཀུན་ལ་མཐུན་སྣང་ཡིན། འདི་དག་ཐམས་ཅད་ཀྱང་ཅི་ཞིག་གི་ཆེད་དུ་རེད་དམ། འོན་ཀྱང་ད་ལྟའི་བར་རང་གི་རིགས་མཐུན་ཁེ་ལས་བ་དང་འབྱོར་ལྡན་བླ་ཆེན་དག་གི་ཁྲོད་དུ་ཁོང་གི་སྐུ་ངལ་གཟིགས་མཁན་དང་ཁོང་ལ་རྒྱབ་སྐྱོར་གནང་མཁན་མང་བོ་མེད་པ་འདི་ཅི་ཡིན་ནམ། ཁོང་གིས་རྟག་པར། ངས་དུས་ནམ་ཡིན་ཡང་མི་གཞན་ལ་རང་འགུལ་གྱིས་རོགས་རམ་བྱེད་དུ་འཇུག་པ་ལས་བཙན་གྱིས་སློང་མོ་བྱས་མ་མྱོང་ལ། བྱས་ན་ཡང་དཀའ་མོ་རེད་གསུངས་མྱོང་། ཚང་མས་ཤེས་དགོས་པ་ཞིག་ལ་མི་རིགས་སློབ་གསོའི་ལས་ཀ་འདི་དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་འགན་གཙང་ལེན་བྱས་པ་ཞིག་མིན་པས། ཁོང་གིས་སྣེ་ཁྲིད་ན་ཚང་མས་བསྐྱོར་མ་ཞུ་དགོས་ཨང་།

གསར་འགོད་པ་གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-09-16 ལྟ་ཀློག (5422)