ཇོ་བོ་ཉི་དབང་མགོན་པོའི་རྟོགས་བརྗོད་ཚངས་དབྱངས་དགྱེས་པའི་ངལ་གསོ་ཞེས་བྱ་བ་བཞུགས་སོ།།


    

༧ཇོ་བོ་ཉི་དབང་མགོན་པོའི་རྟོགས་བརྗོད་ཚངས་དབྱངས་དགྱེས་པའི་ངལ་གསོ་ཞེས་བྱ་བ་བཞུགས་སོ།།


རྩོམ་པ་པོ།  གངས་ཅན་དབྱངས་འཚོ། 
གངས་ཅན་ངག་རིག་འཕྲུལ་གྱི་ཀློང་ཡངས་ནས། །
གཞོན་ནུ་དབྱངས་ཀྱི་འཚོ་བྱེད་ཉེར་བསླེབས་པས། །
ཀྱེ་ཀྱེ་ཚངས་དབྱངས་ངག་གི་མཛའ་ན་མོ། །
དགྱེས་པའི་ཟོལ་གྱིས་ཅུང་ཟད་གཞའ་བར་འོས། །

བལྟས་ན་འཇིག་རྟེན་སྐྱོ་བའི་གནས་མལ་དུ། །
མི་སྡུག་གཅོང་གི་ཟུགས་རྔུ་ཤུད་ཤུད་འབྱིན། །
ཞིབ་ཏུ་བསམ་ཚེ་རྟོག་པའི་དྲྭ་གཟེབ་ཏུ། །
མུན་འཐོམས་ཀུ་རེའི་རོལ་རྩེད་ཉིད་ལ་འཁྲུལ། །

མ་རིག་འཁྲུལ་བའི་གྲོང་ལ་ཡིད་ཐང་ཆད། །
ཆོས་དབྱིངས་གདོད་མའི་བཙན་སར་སྐྱེ་རྒུ་འཁྲེང་། །
ཇི་ལྟར་བགྲོད་པའི་ཐབས་ལ་རྨོངས་པས་ན། །
སླར་ཡང་རྣམ་རྟོག་བདུད་ཀྱི་བྲན་དུ་འཁོལ། །

གང་ཞིག་འགྲོ་མང་འདུལ་བའི་མགོན་པོ་ལ། །
གནམ་བདག་རྗེ་དང་ཡེ་ཤུའི་སྟོན་པ་སོགས། །
རིམ་བྱོན་ཆོས་ཀྱི་བཤེས་གཉེན་དུ་མའི་ཁྲོད། །
བཅོམ་ལྡན་ཐུབ་པའི་བསྟན་པ་ཉིན་བྱེད་འདྲ། །

འདི་ནི་བདག་གི་རང་ཕྱོགས་མ་ཡིན་པར། །
ཚད་མའི་གཤིས་སུ་སྣང་བའི་གྲུབ་དོན་ལ། །
འོལ་ཚོད་མིན་པར་དཔྱོད་པའི་མེ་ཏོག་ཅིག །
རང་བྱུང་བདེན་པའི་ངག་སྒོར་གཤིས་ཀྱིས་འཛུམ། །

སྲིད་པའི་རྩ་བ་མ་རིག་ཉིད་དུ་བསྟན། །
ཆོས་ཉིད་བདེན་པ་རྟེན་འབྲེལ་ལམ་ནས་གསལ། །
བཅོམ་ལྡན་ཁྱོད་ཀྱི་ཐབས་ཚུལ་འདི་དག་ལ། །
རིག་སྨྲ་རྒན་པོ་སྟོང་གི་བརྟན་པ་བཅོམ། །


དེ་ཡང་བདེ་གཤེགས་ཁྱོད་ཀྱི་ཉེ་དྲུང་དུ། །

ཆོས་རིགས་གྲུབ་མཐའ་ཀུན་ལ་བློ་བྱང་ཞིང་། །
སྒྱུ་རྩལ་ལྟ་བའི་གཏིང་ལ་མངའ་བརྙེས་པའི། །
མཚན་ཉིད་རྒན་པོ་སྟོང་གི་མགོན་ཞིག་མཆིས། ། 

བརྒྱད་གཉིས་དུས་རབས་ཤིག་གི་སྨད་ཙམ་དུ། །
འདི་ནས་ཤར་ཕྱོགས་བྷངྒ་ལ་ཡི་ཡུལ། ། 
སྐབས་གསུམ་གནས་ནས་དབྱངས་ཅན་ལྷ་མོའི་ངག །
བརྐུས་ཏེ་ཧར་གྱིས་བྲོས་པའི་མི་ཞིག་བྱུང་། །

གང་གི་མཚན་ལ་ཏཱ་རཱ་ན་ཐི་འབོད། །
གངས་ཅན་བརྡ་རུ་ཉི་དབང་མགོན་པོ་གྲགས། །
ཐེ་ཀོར་ཞེས་པའི་བྲམ་ཟེའི་རིགས་ལས་འཁྲུངས། །
འབོད་བདེའི་སླད་དུ་ཀུན་གྱིས་ཐེ་ཀོར་གསོལ། །


ཡིད་འོང་ཉམས་དགའ་ལྗོན་པས་བརྒྱན་པའི་གྲོང་། །

བྷངྒ་ལ་ཡའི་ཡུལ་དབུས་ཀརྟ་ནི། །

དུས་ཀྱི་དཔལ་ཡོན་མངོན་པར་ལེགས་མཐོ་ཞིང་། །
མཁས་མང་བྱེ་བའི་འཁྲུངས་སྐར་བསུ་བའི་གནས། །

རིགས་ཀྱི་ཁྱེའུ་ཉི་དབང་མགོན་པོ་ཡིས། །
རང་བརྩོན་ཐབས་ཀྱིས་ཐེམ་སྐས་རིམ་བགྲོད་དེ།།
འགྲན་མེད་མཁྱེན་རྩལ་གདོང་ལྔའི་ཞབས་སེན་ནི། །
འཕགས་ཡུལ་མཁས་རྒུའི་སྤྱི་བོར་འཁྱིལ་བར་བྱས། །

གནའ་བོའི་སྲོལ་བཟང་གསེར་གྱི་ལྗོན་པ་ལ། །
དུས་ཀྱི་སྙིང་ལག་ཁོག་ཏུ་སྦྲུམ་པའི་མཐུས། །
ངོ་མཚར་སྟོང་གི་ཡལ་འདབ་རྣམ་བཀྲ་བས། །
ཨེ་ཤའི་གླིང་ཕྲན་ཁྱོད་ཀྱིས་འཁེབ་པར་བྲེལ། །

རྒྱ་གར་རང་གི་མཚན་ཉིད་བཞེད་དགོངས་དང་། །
ཕྱི་ནང་གྲུབ་མཐའི་ལུགས་ལ་མཁྱེན་རྩལ་རྫོགས། །
ནུབ་ཕྱོགས་རྩོམ་རིག་གཞུང་དང་ཚན་རིག་སོགས། །
འཛམ་གླིང་མཁས་རྒུའི་དབུས་ན་ལྷམ་མེར་བརྗིད། །

ད་དུང་སྒྱུ་རྩལ་བདག་མོའི་བཞིན་དཔལ་ལ།
རྒྱང་ནས་སྨོན་ཏེ་གཅིན་པ་འཆོར་མཁན་མང་། །
དོན་དུ་ཁོ་མོའི་མེ་ཏོག་འཇོམས་པ་ལ། །
གཞོན་ནུ་ཁྱོད་ལས་སྲིད་འདིར་ཡོད་རེ་སྐན། །

ཕྱག་གི་རོལ་མོས་སྐྱེ་རྒུ་འཁྲུལ་བར་བྱེད། །
གསུང་གི་ལང་ཚོས་སྟོང་གསུམ་སྲེད་པས་འཆིང་། །
དེ་ཡི་སྣང་ཚུལ་རི་མོར་བསྡེབ་པ་ལ། །
སྒྱུ་རྩལ་མཁས་པོ་སུ་ཞིག་གདོང་དུ་འབུད ། །

ནུབ་གླིང་རོལ་མོའི་རྒྱལ་བོ་པེ་ཏོ་ཧྥན། །
ད་དུང་རི་མོ་མཁས་ཅན་དཱ་ཧྥན་ཆིས། །
མཛེས་པའི་རོལ་རྩེད་ཚུལ་བཞིན་འཇལ་བའི་ཚེ། །
དོན་དུ་ཁྱོད་ཅག་སྨྲ་མེད་ལྐུགས་པ་ཞིག །  

ཐུན་མིན་ཚིག་གི་རྒྱན་ཆ་གསོལ་མཁན་ལ། །
བྷ་མ་ཧ་དང་སློབ་དཔོན་དབྱུག་པ་ཅན། །
ནག་མོའི་ཁོལ་སོགས་ཇི་ལྟར་བསྒྲགས་ཀྱང་རུང་། །
ཟླ་བའི་མདངས་ལ་སྲིན་འབུའི་འོད་མོག་ཙམ། །

འཛམ་གླིང་འདི་ཡི་ཆེས་མཐོའི་སྟེགས་བུ་རུ། །
སྐུ་ཉིད་འབྱོར་ཚེ་ད་དུང་དམའ་བར་དོགས། །
"ནོར་འབེལ་"ཞེས་བྱའི་རྟགས་མ་མིང་གྲགས་ཅན། །
ཁྱོད་ལ་མཚོན་ན་ཅིས་ཀྱང་རིན་ཐང་ཆུང་། །


 ཡ་གླིང་སྐྱེ་རྒུའི་ལོ་རྒྱུས་གླེགས་བམ་དུ། །
ནུབ་མེད་རྡོ་རིང་ཐོག་མར་བཙུགས་པ་འདིས། །
གང་གི་ཤེས་རབ་ཉི་མའི་ཟེར་རྡུལ་ལས། །
ཆ་ཙམ་མཚོན་པ་བདག་གིས་སྨྲ་བར་སྤོབས། །

འཇིག་རྟེན་ལུགས་དང་སྲིད་པ་ཕ་རོལ་སྡེ། །
ཀུན་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས་པ་ན། །
ཐོས་བསམ་བྱ་བའི་འཕྲིན་ལས་ཡོངས་རྫོགས་ནས། །
ཟབ་མོ་སྒོམ་པའི་གནད་ལ་གོམས་པར་བགྱིད། །

གཞན་གྱི་མངོན་རྟོགས་ཚུལ་བཞིན་འཆད་པ་ལ། ། 
ཚད་མའི་ངེས་ཤེས་དཔའ་གདེང་ལྡན་པར་མཁོ། །
གལ་ཏེ་བྲལ་ན་ཐམས་ཅད་རྫུན་གྱི་གཏམ། །
འགྱུར་ཕྱིར་ཕྲན་གྱི་སྨྲ་བ་འགག་ལ་ཉེ། །

དད་པའི་སོར་མོ་གཏན་དུ་སྦྱར་བ་དང་། །
གང་གསུང་ལེཊ་བཤད་ཉུང་ཙམ་མྱོང་བའི་བཅུད། །
སྐལ་མཉམ་གྲོགས་ཀྱི་སྨན་དུ་བསྟར་བ་ལ། །
ངལ་བ་ཆེ་ཡང་ཅིས་ཀྱང་བཟོད་པར་འོས། །

ཆོས་རྣམས་ཐམས་ཅད་ཚད་ཡོད་ཚད་མེད་དེ། །
སྣང་ཚུལ་རིགས་དབྱེའི་གཉིས་སུ་འདུ་བར་གསུངས། །
ཚད་ཡོད་ཐམས་ཅད་བཅོས་མའི་ཕུང་པོ་ཉིད། །
ཇི་ལྟར་གོམས་ཀྱང་སྲིད་པའི་འཆིང་རྒྱར་ལྟུང་། །

ཚད་མེད་ཆོས་ནི་དངོས་པོའི་བདག་ཉིད་དེ། །
ལེགས་པར་དཔྱད་ཚེ་ཤེས་རབ་འཕེལ་འགྱུར་ཞིང་། །
མྱང་ངམ་གཡང་ས་བདེ་དགའི་ཞིང་ཁམས་སུ། །
ཇི་ལྟར་སྒྱུར་བའི་མན་ངག་རྙེད་པར་གདམས། །

ཚད་ཡོད་ཅེས་པ་ཡུལ་ཅན་ངོས་ནས་བཤད། །
ཚད་མེད་ཅེས་པ་ཡུལ་གྱི་ངོས་ནས་གླེང་། །
དངོས་པོ་རེ་ལ་ཡུལ་དང་ཡུལ་ཅན་ཆ། །
ཡོད་ཕྱིར་ཚད་ཡོད་ཚད་མེད་ཀུན་ལ་ཁྱབ། །

འདི་ནས་བསྟན་པའི་ཚད་ཡོད་ཚད་མེད་དང་། །
ནང་བའི་གཞུང་གི་བདེན་གཉིས་རྣམ་བཞག་གཉིས། །
ཕྱོགས་ཙམ་མཐུན་པའི་སྣང་ཚུལ་འབྱུང་ལཊ་ཀྱང་། །
ཞིབ་ཀྱིས་བརྟག་ཚེ་འགལ་བའི་ངང་ཚུལ་ཉིད། །

ཚུལ་མཐོང་དབང་བོས་ཇི་སྙེད་སྤྱོད་པའི་ཡུལ། །
ཚད་ཡོད་ཡིན་ཕྱིར་བདེན་པའི་གནས་མ་མཆིས། །
འཕགས་པའི་སྤྱོད་ཡུལ་ཀུན་ཀྱང་ཚད་མེད་དེ། །
མཛེས་དང་བདེན་པ་ལྷ་ཡི་གཞི་མཐུན་བསྒྲུབ། ། 

ནུབ་ཕྱོཊ་མཚན་ཉིད་ལྟ་བའི་བཞེད་དགོངས་དང་། །
ཆོས་རིཊ་གྲུབ་མཐའ་ཀུན་གྱི་བསྟན་དོན་སོགས། །
གཞི་དང་ལམ་གྱི་བགྲོད་ཚུལ་མི་གཅིག་ཀྱང་། །
མཐར་ཐུག་ལྟ་བའི་སྙེག་ཡུལ་ཕྱོགས་ཙམ་མཐུན། །

མཐར་ཐུག་བདེན་པའི་གྲུབ་དོན་འཚོལ་བའི་ཚེ། །
ནང་པའི་གྲུབ་མཐས་སེམས་བསྐྱེད་ཆེ་ཆུང་སྨྲ། །
ཕྱི་བའི་ལུགས་ཀྱིས་དཀའ་སྤྱད་ཐུབ་མིན་གླེང་། །
ཉི་དབང་མགོན་པོས་སྒྱུ་རྩལ་ཟབ་མིན་འཆད། །

ཚད་ཡོད་ཆོས་ནི་སེམས་ཀྱི་ཆོ་འཕྲུལ་ཙམ། །
བཅུད་ཀྱི་དངོས་པོར་རིན་ཐང་ཅི་ཙམ་མཆིས། །
རང་བྱུང་ཆོས་ལའང་དེ་ལྟར་ཡོད་པར་གསུངས། །
སྣོད་བཅུད་འདྲ་མཉམ་ཁོང་གི་དགོངས་བཞེད་དོ། །

འདི་ནི་གནའ་བོའི་གྷི་རིག་མཚན་ཉིད་ཁྲོད། །
རང་བྱུང་སྐྱེ་ལྡན་སྨྲ་བའི་ལུགས་དང་མཐུན།  །
འོན་ཀྱང་རང་བྱུང་ལྷ་ཡི་བདག་ཉིད་དུ། །
གྲུབ་པའི་ཚུལ་འདིས་དེ་ལས་འགོངས་པར་བྱས། །

མདོར་ན་ཀུན་ཁྱབ་བདག་དང་རྟག་བརྟན་ལྷ། །
ཚད་མེད་དངོས་པོ་མཛེས་པའི་རྣམ་གྲངས་སོགས། །
ཟབ་མོའི་དོན་དུ་ཀུན་ཀྱང་དབྱེར་མེད་ཉིད། །
འདི་ལྟར་གསུངས་པས་བདག་ལ་ངོ་མཚར་སྣང་། །

ཞི་བར་གཤེགས་ཚེ་བཟུང་བ་འོ་མའི་རྒྱུན། །
འཛིན་པ་བདུད་རྩིའི་ཆབ་དང་འདྲེས་པ་ན། །
གཉིས་མེད་རོ་མཉམ་ལྷ་ཡི་ཟུར་མིག་དེས། །
འདོད་ལྡན་ཁྱོད་ནི་སྲིད་ལས་བཀུགས་པར་ཐོས། །

ཁྱོད་ཉིད་བཟུང་བ་ཡུལ་དང་བྲལ་བའི་ཚེ། །
ཡུལ་གྱི་མཛེས་སྡུག་ཇི་ལྟར་ཁྱོད་ཀྱིས་རྟོགས། །
ཕན་ཚུན་ལྟོས་པའི་ཆོས་ཉིད་འདས་པ་ན། །
སྲིད་པར་འཁྱམས་པའི་ལེགས་བཤད་ཤིན་ཏུ་མད། །

ལྟ་བའི་གནད་འདི་སྦྱོར་བར་བརྩམས་པའི་ཚེ། །
སྤྲིན་དང་མེ་ཏོག་སེམས་ལྡན་ལྟར་དུ་གཅེས། །
འཚེ་མེད་སྙིང་རྗེའི་ཁྱབ་ཁོངས་འཇལ་བའི་ཚེ། །
ཐུབ་པའི་བསྟན་ལའང་སྐྱེངས་པ་མང་དུ་བསྩལ། །

རྔམ་སྟུག་སྲིད་པའི་རྒྱ་མཚོ་ཆེན་མོ་འདི། །
སྒྱུ་རྩལ་གྲུ་བོས་ཤེད་ཀྱིས་རབ་དཀྲུགས་ཏེ། །
ཀུན་ཁྱབ་གདོད་མའི་བཙན་ས་གཟུང་བ་ལ། །
ཁྱེད་ཀྱི་ཐབས་ཚུལ་འདི་ལ་རྨད་བྱུང་མཐོང་། །

འོན་ཏེ་སྲིད་པ་དུས་ཀྱི་སྙིགས་མ་འདིར། །
གྲགས་སྐམ་པ་སྤར་མོ་ཐོད་དུ་འཕྱར་བ་ལས། །
དོན་ཡོད་གནས་ལ་ཚུལ་བཞིན་དཔྱོད་པ་ཉུང་། །
ལ་ལས་དཔྱད་ཀྱང་ལོག་རྟོག་འཕེལ་བྱེད་ཙམ། །

གནད་འདི་མཐོང་ནས་དགེ་བའི་སེམས་བསྐྱེད་ཀྱིས། །
ལེགས་པར་བརྟགས་ཏེ་ངེས་པའི་ཆུ་ཐིགས་ཙམ། །
གཞན་ཕན་མཚོ་མོར་གཏིག་པའི་སྐལ་བཟང་འདི། །
བསོད་ནམས་བྱེ་བའི་དྲིན་ལས་གྲུབ་པར་ཤེས། །

སྣ་ཚོགས་གཞུང་ལ་སྦྱངས་པ་དམན་ན་ཡང་། །
རྣམ་དཔྱོད་རིག་པའི་འཕྲུལ་ལ་མི་རྨོངས་པའི། །
འཁྱར་བོ་གངས་ཅན་དབྱངས་འཚོ་འབོད་པ་ཞིག །
དེ་ལྟར་ཉིད་ཀྱི་སྤྱོད་ལ་ལེགས་པར་གུས། །

རྟོགས་བརྗོད་མཛེས་མའི་མགྲིན་གླུ་ཐོས་པ་ན། །
ཚངས་ཆེན་ལྷ་ཡང་སྐྱེ་རྒུའི་ཁྲི་ལས་བཤོལ། །
དྲེགས་ལྡན་རྒྱལ་བོ་རིང་ནས་གུད་གུད་དུ། །
ཞུམ་པའི་གདངས་ཀྱིས་བདག་ལ་རེ་ལྟོས་འཆའ། །

གང་ཞིང་ཟོལ་བཟང་བློ་གསལ་ངང་མོའི་ཁྱུ། །
ལེགས་བཤད་གསར་བའི་མཚོ་ལ་དུང་འགྱུར་ན། །
དེ་ལ་འཛད་མེད་བདེ་དགའི་ཟེགས་མ་ཡིས། ། 
དཔྱོད་པའི་བློ་གྲོས་རྟག་ཏུ་བསིལ་བར་སྨོན། །
   ཞེས་བོད་རབ་བྱུང་བཅུ་བདུན་མྱོས་བྱེད་ཤིང་ལུག་ལོ་དཔྱིད་མགོ་ཐ་ཆེན་གྱི་ཟླ་བར་འཁྱར་བོ་གངས་ཅན་དབྱངས་འཚོ་རུ་འབོད་པ་དེས་དམ་པ་གང་ཉིད་སྐུ་འཁྲུངས་ནས་བགྲང་བྱང་༡༥༤འཁོར་རྗེས་དྲན་དུ་ཐོལ་བྱུང་ངང་ཤར་མར་སྤེལ་བ་དགེའོ། །  དགེའོ། །   ། །                        __________________༢༠༡༥.༥.༥


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-09-12 ལྟ་ཀློག (3745)