བྲེལ་གསེང་ཆེ་བའི་དུས་སྐབས་ཤིག

བྲེལ་གསེང་ཆེ་བའི་དུས་སྐབས་ཤིག

 

སློབ་གཙོ་འཇིགས་མེད་རྒྱལ་མཚན་མཆོག་གིས་ཁྱིམ་བདག་དང་གསར་ཞུགས་སློབ་མ་རྣམས་ལ་གསུང་བཤད་གནང་བཞིན་པ།   

       ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་རེའི་འཆར་གཞི་ལྟར་ད་ལོའི་སྤྱི་ཟླ་དགུ་བའི་ཚེས་བརྒྱད་ཀྱི་ཉིན་ཕྱོགས་ཡོང་གི་གསར་ཞུགས་སློབ་མ་རྣམས་ལ་དངོས་སུ་ཚོད་རྒྱུགས་བླངས་ཤིང་།   ད་ལོར་སློབ་གླིང་འདི་གར་མིང་ཐོ་འགོད་མཁན་སློབ་མ་ཆིག་སྟོང་བཞི་བརྒྱ་ལྷག་ལ་སོན་ཡོད་ནའང་།  དེའི་ཁྲོད་ནས་སློབ་མ་བརྒྱད་བརྒྱ་ལྷག་དངོས་སུ་འབྱོར་ནས་རྒྱུགས་གཞི་ལ་ཞུགས་པར་མ་ཟད།   ངེད་སློབ་གྲྭའི་ཚོད་རྒྱུགས་བརྒྱུད་ནས་སློབ་མ་སུམ་་བརྒྱ་བརྒྱད་ཅུ་ལྷག་སློབ་གྲྭར་དངོས་སུ་ཚུད་ཐུབ་པར་གཏན་འཁེལ་བྱས།  ཁྱིམ་བདག་དང་གསར་ཞུགས་སློབ་མ་སྟོང་ཕྲག་གཉིས་ལ་ཉེ་བར་རྒྱུགས་སྐར་ཁྱབ་བསྒྲགས་དང་སློབ་མ་བསྡུ་ལེན་བྱེད་པའི་ཚོགས་འདུའི་སྟེང་དུ་སློབ་གཙོ་འཇིགས་མེད་རྒྱལ་མཆོག་དངོས་སུ་བྱོན་ནས་སློབ་གྲྭའི་ཆ་རྐྱེན་དང་འབྲེལ་ནས་བོད་མི་རིགས་ཀྱི་སློབ་གསོའི་ཐད་ཀྱི་གསུང་བཤད་གལ་ཆེན་གནང་བར་མ་ཟད།  གསར་ཞུགས་སློབ་མ་བསྡུ་བའི་བརྒྱུད་རིམ་ཁྲོད་དུ་རྒྱུ་ཐོབ་ངོ་གསུམ་སོགས་གཏན་འགོག་གནང་སྟེ་དྲང་བོ་དྲང་བཞག་གིས་སློབ་མ་བསྡུ་བཞིན་པ་དང་།  ཕྱོགས་སོ་སོའི་ཁྱིམ་བདག་དང་སློབ་མ་རྣམས་ཀྱི་རེ་འདོད་བཞིན་དུ་ངེད་སློབ་གྲྭས་གསར་འབྱོར་སློབ་མ་གང་ཐུབ་ཅི་ཐུབ་ཀྱིས་བསྡུ་ལེན་གནང་བཞིན་ཡོད་པའི་ཕྱོགས་ནས་གསུང་རིན་ཐང་ཅན་བསྩལ་ཏོ།། མདོར་ན་ཉིན་འདི་དག་གི་རིང་ལ་སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་རྒྱུགས་ལེན་པ་དང་།  རྒྱུགས་སྐར་ལ་ལྟ་བ། མིང་ཐོའི་གོ་རིམ་དང་རྒྱུགས་འབྲས་བཞིན་དུ་སློབ་མ་བསྡུ་ལེན་གནང་བ།  གསར་ཞུགས་སློབ་མ་རྣམས་ལ་འཛིན་གྲྭ་བགོ་བ་སོགས་ཉིན་མཚན་མེད་པར་སློབ་གསོའི་ལས་དོན་གྱི་བྲེལ་གསེང་ཞིག་ཏུ་མཆིས་སོ།། 


གསར་ཞུགས་སློབ་མར་མིང་ཐོ་འགོད་བཞིན་པ།


རྒྱུགས་ལེན་བཞིན་པ། 


དགེ་རྒན་དང་ལས་བཟོ་བ་རྣམ་པས་རྒྱུགས་སྐར་སྤྱི་བསྡོམས་གནང་བཞིན་པ། 


རྒྱུགས་འབྲས་ཁྱབ་བསྒྲགས་བྱས་ཏེ་གསར་སློབ་བསྡུ་ལེན་བྱེད་བཞིན་པ། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-09-09 ལྟ་ཀློག (4540)