འཛམ་གླིང་ཀྲུང་མཐུན་བོད་གསོ་ལྷན་ཚོགས་འཛུགས་པ།

འཛམ་གླིང་ཀྲུང་མཐུན་བོད་གསོ་ལྷན་ཚོགས་འཛུགས་པ་དང་རིག་གཞུང་ལོ་ཚོགས་སྐབས་དང་པོ་བསྡུས་པ།

     ཉེ་སྔོན། འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་མཉམ་འབྲེལ་མཐུན་ཚོགས་ཀྱི་བོད་ལུགས་གསོ་རིག་ཆེད་ལས་ཨུ་ཡོན་ལྷན་ཚོགས་གཉེར་འཛུགས་དང་རིག་གཞུང་ལོ་ཚོགས་སྐབས་དང་པོ་གནའ་མཁར་ཟི་ལིང་དུ་བསྡུས་ཤིང་། འཛམ་གླིང་ཀྲུང་ལུགས་གསོ་རིག་མཐུན་ཚོགས་ཀྱི་འགོ་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་ལི་ཀྲིན་ཅི་དང་།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོའོ་དབྱི་ཀྲི  མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དོ་དམ་ཅུའུ་ཡི་འགོ་གཙོ་དོན་གྲུབ། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཐུན་ཚོགས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅི་ཞིན་ཀོ  རྒྱལ་སྤྱིའི་ཡ་གླིང་སྲོལ་རྒྱུན་གསོ་རིག་མཐུན་ཚོགས་ཀྱི་ཚོགས་གཙོ་རྗེའོ་ཧྥར་རེའུ་སཱ་མོནGeoffery Samuel། བོད་ལུགས་གསོ་རིག་གི་ཆེད་མཁས་པ། མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་སྨན་པ་ཁ་ལོ་སོགས་འབྲེལ་ཡོད་འགོ་ཁྲིད་དང་ཤེས་ལྡན་མི་སྣ་དང་སྐུ་མགྲོན། དེ་མིན་ཀྲུང་གོ་དང་ཨ་རི། ཨོ་ཏེ་ལེ། འཇར་མན་སོགས་འཛམ་གླིང་གི་ས་ཁུལ་སོ་སོའི་ཚོགས་མིའི་འཐུས་ཚབ་བཅས་བསྡོམས་པས་མི450ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
     ལི་ཀྲིན་ཅི་ཡིས་འཛམ་གླིང་ཀྲུང་ལུགས་གསོ་རིག་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་བོད་ལུགས་གསོ་རིག་ཆེད་ལས་ཨུ་ཡོན་ལྷན་ཚོགས་ལ་ཟངས་ཀྱི་གཟེངས་རྟགས་གནང་བ་མ་ཟད་གཉེར་འཛུགས་ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས་ལ། འཛམ་གླིང་ཀྲུང་ལུགས་གསོ་རིག་མཐུན་ཚོགས་ཀྱི་དམིགས་འབེན་དང་འོས་འགན་མཚམས་སྦྱོར་གནང་བ་མ་ཟད་ཆེད་ལས་ཨུ་ཡོན་ལྷན་ཚོགས་འཛུགས་པའི་དགོས་ངེས་རང་བཞིན་བསྟན་པ་དང་། ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་རྗེས་ཕྱོགས་བྱ་བའི་གལ་གནད་དང་འོས་འགན་ཐད་དགོངས་ཚུལ་བཏོན་ཞིང་། བོད་ལུགས་གསོ་རིགས་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་མཉམ་འབྲེལ་སྟེགས་བུ་འདིར་བརྒྱུད་དེ་བོད་ལུགས་གསོ་རིག་གི་ཚད་ལྡན་ཅན་འཛུགས་སྐྲུན་དང་རྒྱལ་སྤྱིའི་རིག་གཞུང་འབྲེལ་འདྲིས་ལ་སྐུལ་སྤེལ་སྒོས་བོད་ལུགས་གསོ་རིག་གི་དེང་རབས་ཅན་དང་རྒྱལ་སྤྱི་ཅན་གྱི་འཕེལ་ཚད་ལ་སྐུལ་འདེད་དང་། བོད་ལུགས་གསོ་རིག་གི་ཕྱོགས་ཡོངས་འཕེལ་རྒྱས་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས་པ་བསྟན།

 


     འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་མཉམ་འབྲེལ་མཐུན་ཚོགས་ཀྱི་རིག་གཞུང་ཁག་གཉིས་པའི་འགོ་གཙོས་བོད་ལུགས་གསོ་རིག་ཆེད་ལས་ཨུ་ཡོན་ལྷན་ཚོགས་བཙུགས་པའི་ཆོག་མཆན་དང་སྐབས་དང་པོའི་འགན་འཛིན་ཚོགས་པའི་མིང་ཐོ་བསྒྲགས་པ་དང་། མཚོ་སྔོན་འཇིགས་མེད་བོད་ལུགས་གསོ་རིག་སྨན་རྫས་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་འཇིགས་མེད་ཕུན་ཚོགས་ནི་སྐབས་དང་པོའི་འགན་འཛིན་ཚོགས་པའི་ཚོགས་གཙོར་བསྐོས།
     གཉེར་འཛུགས་ཚོགས་ཆེན་མཇུག་སྒྲིལ་རྗེས་བོད་ལུགས་གསོ་རིག་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་སྐབས་དང་པོའི་རིག་གཞུང་ལོ་ཚོགས་བསྡུས་པ་དང་། རང་འགུལ་སྨན་བཅོས་ནུས་རྩལ་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་། དགེ་རྒན་ཆེན་མོNida Chenagtsangདང་། དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་སོགས་རྒྱལ་ཁབ་ཕྱི་ནང་གི་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་ཆེད་མཁས་པ།  ཤེས་ལྡན་པ་སོགས་ཀྱིས་རིག་གཞུང་སྙན་ཞུ་ཕུལ།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-09-02 ལྟ་ཀློག (3489)