དབྱིངས་སུ་བརྩིགས་པའི་སེམས་ཀྱི་དག་ཞིང་།


—ཕ་ཡུལ་ཨ་མཆོག་གི་ཚོགས་ཆེན་འདུ་ཁང་བསྐྱར་བཞེངས་ལེགས་གྲུབ་ཀྱི་དགའ་སྟོན་ལ་ཕུལ་བ།

 ཨ་སྐལ་རྒྱམ།  བསང་ཆུ།

     ཁྱེད་རང་མདོ་ལྷོ་ཁུལ་གཙོས་གྲོང་ཁྱེར་བརྒྱུད་ནས་བླ་བྲང་དང་སི་ཁྲོན་སོགས་སུ་ཡར་འགྲོ་མར་འོང་བྱེད་མཁན་ཞིག་ཡིན་ཚེ་ཨ་མཆོག་རྩྭ་ཐང་མི་བརྒྱུད་ག་མེད་ཡིན། ཀླུ་ཆུ་ནས་རིང་བོར་མ་སོང་བར་ཐོག་མར་མཐོང་སྲིད་པའི་དགོན་པ་ཞིག་ཡོད།  དེ་དུས་མགོ་བོ་ཡར་ལ་བཀྱགས་ནས་ག་ལེར་ལྟོས་དང་། གོས་ལྗང་ཐང་ལ་བཏིངས་འདྲའི་སྤང་ཐང་ངོས་ཤིན་ཏུ་སྙོམས་པ་ཞིག་ན་ལྷམ་མེར་ཆགས་འདུག་པའི་དགོན་པ་དེ་ནི་ཨ་མཆོག་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་རེད།   དགོན་པ་འདི་ནི་ཕྱི་ལོ༡༧༦༠ལོར་ཀུན་མཁྱེན་འཇིགས་མེད་དབང་བོས་ཕྱག་འདེབས་མཛད་པ་ཞིག་རེད།

      ཨ་མཆོག་གི་སྐྱ་སེར་ཕོ་མོ་སུ་ཡིན་ཡང་དགོན་པ་འདི་ནི་ཁོང་ཚོའི་ཚེ་འདིའི་སེམས་ཀྱི་སྐྱིད་སྡུག་བཅོལ་ས་དང་། ཕྱི་མའི་ཐར་བའི་ལམ་སྣ་སྟོན་ས་གཅིག་པུ་རུ་བཀུར་ཡོད། ཡང་གཅིག་བཤད་ན་ཨ་མཆོག་ཚོ་བ་བརྒྱད(ཡུལ་འདིའི་མྱེས་པོ་ཡ་རུའི་ཕྱུག་བཞི་དང་མ་རུའི་རྒྱལ་བཞིའི་རྒྱུད་པ་ལས་སོ་སོར་གྱེས་པ་ལ་ཚོ་བ་བརྒྱད་དུ་ཐོགས། ཕྱུག་བཞི་ནི་རྔ་རྒོད་ཀླུ་འབུམ་ཕྱུག་དང༌། མཆོད་ཚང་བན་དེ་ཕྱུག རིན་ཆེན་འབུམ་ཕྱུག དགེ་འཕེལ་ཕྱུག་བཅས་དང༌། རྒྱལ་བཞི་ནི་ཁ་རྒོད་རྒྱལ། མུ་ཏོ་སྔོན་པོ་རྒྱལ། མི་ནག་རྒྱལ། ཀླུ་བ་རྒྱལ་བཅས་ཡིན། དེ་དག་ལས་ཚོ་བ་བརྒྱད་ནི་བན་དེ་ཕྱུག་ཚོ་བ་དང༌། མི་ནག་རྒྱལ་ཚོ་བ། མུ་ཏོ་ཚོ་བ། ཀླུ་བ་རྒྱལ་ཚོ་བ། རྔ་རྒོད་མཆོད་ཚང་ཚོ་བ། རྔ་རྒོད་ཉིན་པ་ཚོ་བ། རྔ་རྒོད་སྲིབ་པ་ཚོ་བ། གྱི་ལིང་ཚོ་བ་བཅས་ཡིན་ལ། གྱི་ལིང་ཚོ་བ་ནི་ཀླུ་ཤོད་ཡུལ་ཚོའི་ཁོངས་གཏོགས་ཀྱི་སྨད་ཀྱི་གྱི་ལིང་ཟེར་བ་འདི་ཡིན)དུ་གྲགས་པ་འདིར་དེང་སྐབས་དགོན་པ་འདི་ཁོ་ན་ལས་མེད།

     ད་དུང་ས་འདིའི་ཡུལ་མི་ཚོས་མནའ་སྐྱེལ་དུས་ཀྱང“ཨ་མཆོག་དགོན་པ"ཞེས་ཁས་ལེན་དང་དམ་བཅའི་དཔང་བོ་རུ་འཛིན་པར་བྱེད་ལ། གནའ་ནས་ད་ལྟའི་བར་སྒར་གྲོང་གཉིས་ཀྱི་མཆོད་ཡོན་འབྲེལ་ལམ་དེ་རྒྱུན་བསྲིངས་ནས་འོངས།

      འཇིག་རྟེན་སྟེང་གི་སྲོག་ལྡན་ཡོད་དོ་ཅོག་གིས་གཡོལ་ཐབས་བྲལ་བའི་ལོ་རྒྱུས་ཀྱི་སྐས་ཐེམ་རེ་རེ་བརྒྱུད་མྱོང་བ་བཞིན། ལས་བསམ་སར་མ་སོང་གསེག་སར་སོང་ཟེར་བ་ནང་བཞིན། ཨ་མཆོག་མི་མང་གིས་ཀྱང་དུས་ཡུན་རིང་པོའི་ལོ་ཟླའི་ནང་མངར་སྐྱུར་ཁ་གསུམ་ལྡན་པའི་ལོ་རྒྱུས་ཀྱི་དྲོ་བ་མྱངས་མྱངས་མཐར། ནམ་མཁའ་ཐམས་ཾཅད་དུ་བ་དང་། ས་གཞི་ཐམས་ཅད་རྡུལ་གྱིས་གཡོགས་པའི་དུས་ཚིགས་སླེབས་མྱོང་། དེ་འདྲའི་དུས་ཚིགས་དེ་ཐེངས་གཅིག་མིན་གཉིས་ལ་སླེབས་མྱོང་། རྒྱུ་མཚན་དེའི་ཕྱིར། ང་ཚོས་ལོ་ངོ་ལྔ་བཅུ་ལྷག་གི་རིང་། བལྟས་བལྟས་ཟི་ལིང་མཁར་ལ་བལྟས། ཉན་ཉན་ཁུ་བྱུག་སྐད་ལ་ཉན་ནས་དུས་ད་ལྟ་བར་དུ་ཡོང་བ་རེད། བསམ་བློ་ནང་དུ་བསྡུས་ཏེ་འདང་རེ་རྒྱོབས་དང་། ལོ་ངོ་ལྔ་བཅུ་ལྷག་ནི་དུས་ཡུན་ཐུང་ཐུང་ཞིག་གཏན་ནས་མ་རེད། དེ་ནི་མི་ཞིག་གི་མི་ཚེའི་ཕྱེད་ཀ་ལྷག་གམ་ཡང་ན་ཧྲིལ་བོ་གཅིག་རེད། དཀའ་སྡུག་གི་ལམ་ཁ་རབ་དང་རིམ་པར་འུ་ཚོ་སྲན་ཚུགས་ཀྱིས་གོམ་པ་གང་རེ་གང་རེ་སྤོས་ཏེ་ཡོང་བ་རེད།

      དེ་ལྟར་དུས་རབས་ཉེར་གཅིག་པའི་དཀྱོགས་མཚམས་ཤིག་ལ་སླེབས་པ་ན། ང་ཚོའི་སེམས་ཀྱི་འདོད་འདུན་དེ་སྨིན་རན་པའི་སྐབས་ལ་ཐོན་སོང་། དེ་ནི་རྒྱུ་མེད་རྐྱེན་མེད་དུ་སྨིན་པ་ཞིག་མ་ཡིན་པའང་ང་ཚོས་ཤེས་གསལ་ལྟར་རེད། ཡང་སྙིང་སྨིན་བཞིན་པ་དེ་ཨ་མཆོག་དགོན་ནང་ན་ལུས་ཡོད། དགོན་པ་ཡོད་ཀྱང་འདུ་ཁང་མེད་པའི་གནད་དོན་དེར་ཐུག་ཡོད། དེ་ནི་ང་ཚོས་བརྗོད་བཞིན་པའི་ཚོགས་ཆེན་འདུ་ཁང་རེད། དགའ་འོས་པ་ཞིག་ལ། ང་ཚོའི་སེམས་ངོར་ཕབ་པའི་སྐྱ་ཐིག་དེ་ལས་བརྒལ་བ་ཞིག  ང་ཚོའི་རྨི་ལམ་ནང་གི་ཕོ་བྲང་དེ་ལས་མཚར་བོ་ཞིག  དུས་དེང་སང་ཨ་མཆོག་དགོན་པ་ནས་ལྷམ་མེར་ལྷུན་ནེར་ཡར་འཕགས་བྱུང་།

      དེ་ནི་རྩི་ཤིང་ལྟར་རང་བཞིན་གྱིས་སྐྱེས་པ་ཞིག་མ་ཡིན་པར། ཨ་མཆོག་མི་མང་གི་སྟོབས་ཤུགས་དང་དད་འདུན་ལས་འཁྲུངས་པ་ཞིག་རེད། དེ་ཁོ་ན་ཙམ་གྱིས་ཀྱང་མི་འོང་སྟེ། གཙོ་བོ་འདུ་ཁང་བསྐྱར་བཞེངས་ཀྱི་བཀོད་པ་སྔོན་དུ་གཏོང་མཁན། ཐབས་ལ་མཁས་ཤིང་གནས་དང་གནས་མ་ཡིན་པ་ལ་འཇུག་པའི་བློ་སྤོབས་རང་ཆས་སུ་མངའ་བ། ཨ་མདོ་འཇམ་དབྱངས་བཞད་པ་དབལ་ཤུལ་ངག་དབང་བརྩོན་འགྲུས་མཆོག་གི་ཡང་སྲིད། ཀུན་མཁྱེན་རིན་པོ་ཆེའི་བཀའ་བཀོད་ལྟར་ཕྱོགས་དུ་མ་ནས་རྒྱབ་སྐོར་མཛད་པ་སོགས་ནི་འདུ་ཁང་འདི་ཆེས་ཐོག་མའི་ས་རྡོ་དང་ཤིང་ཆ་ནས་ད་ལྟའི་ལྷའི་གཞལ་ཡས་ཁང་ལྟ་བུར་གྲུབ་ཟིན་པའི་སྔོན་འགྲོའི་ཆ་རྐྱེན་དང་པོ་ཡིན་ནོ།།

     འོ་ན་ཨ་མཆོག་མི་མང་གི་ངལ་རྩོལ་དང་འབུལ་བ་འདུས་མེད་དམ་ཞེ་ན་ཡོད་དེ། སྤྱིར་འདུ་ཁང་དང་ལྷ་ཁང་ལ་ང་ཚོས་གཙུག་ལག་ཁང་ཞེས་བརྗོད་པ་བཞིན། གཙུག་ལག་ནི་རིག་གནས་ཐམས་ཅད་ཀྱི་སྤྱི་མིང་ལ་བཤད་པ་དང་། བོད་ཀྱི་གནའ་བོའི་གཙུག་ལག་རིག་གནས་ཀུན་ལ་མཆོད་བཀུར་དང་སློབ་སྦྱོང་བྱེད་སའི་གནས་ཤིག་ལ་འདུ་ཁང་དང་གཙུག་ལག་ཁང་དུ་བཤད་པ་ལས། འདུ་ཁང་ནི་གྲྭ་པ་ཁོ་ན་ཚོགས་ལ་འཚོགས་ཏེ་སྐྱིད་པོ་བྱེད་ས་ཞིག་གཏན་ནས་མ་ཡིན་ནོ།། དེ་བས་ན་རང་སོ་སོས་བསོད་ནམས་ཀྱི་ཚོགས་བསོག་ཕྱིར། སྐྱ་སེར་ཐུན་མོང་གིས་རང་རང་གི་ནུས་ཚོད་ལྟར། འདུ་ཁང་བཞེངས་སྐྲུན་གྱི་མ་དངུལ་ཐད་གཏོང་ཕོད་ཀྱི་སྤར་མོ་ཡངས་པོར་ཕྱེ་བ་རེད། ད་དུང་དེས་ཀྱང་གང་ནས་ཚད་དེ། དྲུག་ཅུའི་རྒན་རྒོན་ནས་ལོ་ཆུང་བྱིས་པ་ཚུན་ཆད་ཀྱིས་ཀྱང་ལྗིད་ཏིག་ཏིག་གི་རྡོ་ལེབ་རེ་རེ་སྒལ་བར་འཁུར་ཏེ་ལེ་བར་བཅུ་ཕྲག་ལྷག་གིས་ཆོད་པའི་སོ་སོའི་ཕ་ཡུལ་ནས་ཨ་མཆོག་དགོན་པར་ལྷ་ཁང་བཞེངས་སྐྲུན་གྱི་ཞལ་འདེབས་སུ་འབུལ་བཞིན་པའི་སྣང་ཚུལ་དེ་མཐོང་འོང་དུས། གཞུང་རྒྱུད་དྲང་ཞིང་ཆོས་དད་ཅན་གྱི་ཡུལ་མི་འདི་ཚོས། བདག་གི་ཡིད་ལ་ངེས་པ་དོན་གྱི་རྣལ་འབྱོར་བ་ཆེན་མོ་མི་ལ་རས་པས་སྲས་མཁར་དགུ་ཐོག་བཞེངས་པའི་ལོ་རྒྱུས་དེ་དྲན་དུ་བཅུག་སོང་།

      འདི་དག་གིས་བོད་ཀྱི་ལུང་པ་ནི་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པ་ཤེས་པར་མ་ཟད། ཆོས་དེ་ཡང་ཁོ་ཚོའི་འཚོ་བའི་ནང་ཁ་འབྲལ་དུ་མེད་པའི་གྲུབ་ཆ་གཙོ་བོ་ཞིག་རེད། དེ་སྔོན་ཕྱི་རྒྱལ་གྱི་མཁས་པ་ཞིག་གིས་བོད་པ་ཚོར་བླ་སྲོག་གསུམ་ཡོད་པར་བཤད་ལ། གཅིག་ནི་བོད་ཀྱི་དགོན་པ་དང་། གཉིས་ནི་བོད་ཀྱི་ནང་ཆོས། གསུམ་ནི་བོད་ཀྱི་དད་པ་རེད་ཟེར། འདི་གསུམ་གྱིས་བོད་པ་རྣམས་དཀའ་ངལ་གང་ལ་ཕྲད་ཀྱང་དཔའ་མ་ཞུམ་པར་ད་ལྟའང་འཛམ་གླིང་གི་སྒང་འདིར་རྐང་བཙུགས་ནས་བསྡད་འདུག་པར་བརྗོད་པ་ནི་གཟུ་བོར་གནས་པའི་གཏམ་མོ།།

       དེང་གི་སྐབས་འདིར་ཁྱོད་ཚོས་ཆོས་འཆད་ཉན་མི་བྱེད་པར་ལྷ་ཁང་རྫིག་པོ་བཟོས་ནས་འདུག་པ་ཅི་ཡིན་ཟེར་ན། ལྷ་ཁང་བཞེངས་ན་ཆོས་འཆད་ཉན་མི་བྱེད་པ་མ་ཡིན་པར་དེ་ནི་ཆོས་འཆད་ཉན་བྱེད་རྒྱུའི་མཐུན་རྐྱེན་དུ་འགྱུར་བ་རེད། འདུ་ཁང་སོགས་གཙུག་ལག་ཁང་བཞེངས་པའི་སྲོལ་ནི་སྲོང་བཙན་སྒམ་པོའི་སྐུ་རིང་ནས་བཟུང་བོད་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད་པ་དང་། གཞན་ལ་ངོམ་དུ་རི་བའི་བརྩིགས་བཟོ་སྒྱུ་རྩལ་ཞིག་ཀྱང་ཡིན་པས། དེས་ང་ཚོའི་གཟི་བརྗིད་དང་སྙིང་སྟོབས་མཚོན་པ་ལས་བླུན་རྨོངས་ཤིག་མཚོན་གྱིན་མེད།

       ཨ་མཆོག་མི་མང་གིས་དད་པས་ལྷ་ཕྱག་འཚལ་སའི་འདུ་ཁང་འདི་འདྲ་ཞིག་བཞེངས་པར་བྱིན་རླབས་ཡོད་དམ་ཟེར་ན། ངས་ནི་ཡོད་དོ་ཟེར་བར་སྤོབས། བྱིན་རླབས་ཟེར་བ་དེ་ཡང་རླངས་པ་ཐུལ་ལེར་འཁྱིལ་འདུག་པ་ཞིག་དང་། འོད་ཀོར་ཀྲིག་གེར་འཕྲོས་འདུག་པ་ཞིག་མ་ཡིན་པར། སོ་སོའི་སེམས་ལ་རག་ལས་པ་ཞིག་དང་། གསལ་བོར་བཤད་ན་རང་ལ་དད་པ་དང་ཡིད་ཆེས་ཡོད་མེད་ཁོ་ནའི་རྗེས་སུ་འགྲོ་ལྡོག་བྱེད་པ་ཞིག་རེད།

       དེ་ཡང་སྔར་ཤར་ཕྱོགས་པ་རིག་པའི་དཔའ་བོ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་མ་ཡུམ་ལགས་དགུང་ལོ་བགྲེས་དྲགས་ཏེ་རང་ཉིད་ཀྱི་ཚེ་ཐོག་འདི་ལ་བུ་དང་ཐེངས་གཅིག་འཕྲད་དགོས་སྙམ་ནས་ཁོ་མོའི་དུང་ལྟར་དཀར་བའི་དབུ་སྐྲ་ཉག་མ་འགའ་སྣོད་དུ་བཙུད་དེ་དབུས་ལྷ་ལྡན་གྲོང་དུ་རྗེ་ཙོང་ཁ་པར་བསྐུར། ཁོང་གིས་མ་ཡུམ་གྱི་དབུ་སྐྲ་མཐོང་བ་དང་ཐུགས་སྐྱོ་བས་སྤྱན་ཆབ་བསིལ་བཞིན། རང་ཡུལ་ལ་སོང་ན་སངས་རྒྱས་བསྟན་པའི་ལས་དོན་བསྒྲུབ་མི་ཐུབ་པ་དང་མ་སོང་ན་ཚེ་འདིའི་དྲིན་ཆེ་བའི་མ་ཡུམ་དང་གཏན་དུ་ཁ་འབྲལ་རྒྱུ་ཡིན་པ་ལ་བསམ་གཞིགས་བྱས་མཐར་ཁོང་གིས་རང་ཉིད་ཀྱི་འདྲ་སྐུ་ཞིག་བྲིས་ཏེ་མ་ཡུམ་ལགས་ལ་བསྐུར་བ་རེད། ལམ་བར་དུ་སྐུ་པར་འཁྱེར་མཁན་གྱི་ཚོང་པས་སྐུ་པར་ངོ་མ་རང་གིས་ཉར་ཏེ་ཚབ་ཏུ་སྐུ་པར་དེ་དང་འདྲ་བ་ཞིག་བྲིས་ནས་མ་ཡུམ་ལ་སྤྲད། མ་ཡུམ་གྱིས་རང་གི་བུའི་པར་ལ་བལྟས་མ་ཐག  སྐུ་པར་ཆུང་ཆུང་དེས་ཁ་གྲགས་ཏེ“ཨ་མ། ཁྱོད་བདེ་མོ”ཞེས་གསུང་སྨྲས་པར་གྲགས་པའི་ལོ་རྒྱུས་འདིས་བྱིན་རླབས་ཟེར་བ་གང་འདྲ་ཞིག་ཡིན་པ་ཧ་གོ་བར་གྱིས་ཤིག

      འཇིག་རྟེན་གྱི་བྱ་དངོས་མཐའ་དག་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འགྱུར་གྱིན་ཡོད་པས། ང་ཚོའི་ཆོས་སྡེ་ཆེན་པོ་འདིའི་སྒྲིག་གཞི་ཁ་ཤས་ཀྱང་ཅུང་ཙམ་འགྱུར་ན་མི་ཆོག་པ་མེད་པར་འདོད། དཔེར་ན་ཡུལ་སྐོར་ལས་རིགས་ཀྱི་ཐོན་ལས་ལྟ་བུ་རེད། དགོན་པའི་ནང་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་ཡོང་ས་བྱེད་ན་དོན་དག་ངན་པ་ཞིག་མིན་པར། དེ་ནི་རང་ཉིད་ཀྱི་དགོན་པ་མ་ཟད་དེའི་ཉེ་འཁོར་དང་བཅས་པའི་འཚོ་བའང་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཐུབ། ལྟོས་དང་། མདོ་སྨད་ཀྱི་བླ་བྲང་བཀྲ་ཤིས་འཁྱིལ་དང་། སྐུ་འབུམ། དབུས་ཀྱི་སེ་འབྲས་དགེ་གསུམ་སོགས་ནི་གཙོ་ཆེར་ཡུལ་སྐོར་ལས་རིགས་ལ་བརྟེན་ཡོད་པ་མ་ཡིན་ནམ། དགོན་པ་དེ་དག་གི་ཤུགས་རྐྱེན་གྱིས་མང་ཚོགས་ཀྱི་འཚོ་བར་ཕན་ཐོགས་བྱུང་དང་འབྱུང་གིན་ཡོད་པ་མིག་མཐོང་ལག་ཟིན་རེད།

      ལར་ཆོས་སྡེ་ཆེན་པོ་ཞིག་ལ་མཚོན་ན་སྤྱིར་བཏང་གི་རི་ཁྲོད་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་པས་གང་ལ་གང་འཚམ་གྱིས་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་སོགས་ཚང་དགོས་པ་ནི་ཆོས་སྡེ་དེ་དང་དེའི་ཁྱད་ཆོས་ཡིན། འོན་ཀྱང་ང་ཚོའི་ཁ་དཔེར། ལྷ་ཆེ་ས་ན་བདུད་ཆེ་ཟེར་བ་བཞིན། དགེ་བའི་བྱ་བ་གང་དང་གང་ཞིག་བསྒྲུབ་ན་བྱ་བ་དེར་མངོན་ལྐོག་གང་རུང་ནས་གནོད་པ་བྱེད་མཁན་ནི་སྔར་ནས་ཡོད་ལ། ད་ལྟའང་ཡོད་སྲིད་པ་ཞིག་རེད། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་དུས་ཀྱང་ཉིན་དཀར་ལས་ཟིན་པའི་བརྩིགས་པ་རྣམས་དགུང་མོར་བདུད་འདྲེ་རྣམས་ཀྱིས་ས་ས་མལ་དང་། རྡོ་རྡོ་མལ་བྱས་ནས་བཤིག་འདུག་ཟེར་བའང་དོན་གྱིས་བདུད་ཟེར་བ་ནི་མགོ་ན་རྭ་དང་ཁ་ནང་ན་མཆེ་བ་ཅན་ཞིག་མ་ཡིན་པར། ཆོས་ལ་བར་དུ་གཅོད་པ་བདུད་ཀྱི་མཚན་ཉིད་དུ་བཤད་པ་ལྟར། སྐྱེས་བུ་དམ་པ་དང་ལྷག་བསམ་ཅན་དག་གིས་གཞན་ལས་ཁྱད་དུ་འཕགས་པའི་ལས་དོན་ཞིག་སྒྲུབ་འོང་དུས་འགའ་རེས་དེ་ལ་ཕྲག་དོག་དང་འགྲན་སེམས། གཏོར་བརླག་དང་དཀྲུག་ཤིང་འཕེན་འདོད་ཀྱིས་སྦྱོར་བ་འདྲ་མིན་རྩོམ་མཁན་ལ་བདུད་ཅེས་བཤད་པ་རེད།

     འུ་ཚོས་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན་དབུས་ཀྱི་གཙུག་ལག་ཁང་རྣམ་གཉིས་སོགས་ལེགས་གྲུབ་བྱུང་བ་ན། དགའ་དགའ་སྤྲ་སྤྲོ་ཡིས་གྲུབ་སྟོན་རོལ་བཞིན་ཡོད་པ་ནི་ད་ལྟ་མཇལ་རྒྱུ་ཡོད་པའི་ལྡེབས་རིས་སོགས་སུ་གསལ་ལ། སྐབས་ཐོག་དེར་གླུ་ལེན་གར་རྩེད་དང་། རྟ་རྒྱུག་མདའ་འཕེན། ས་སྒྱེ་འགྱོག་པ། འཇུ་རེས་བྱེད་པ། སྤོ་ལོ་རྩེ་བ་སོགས་རྩེད་མོའི་རྣམ་གྲངས་མཐའ་ཡས་པ་ཞིག་ཡོད་པ་ནི་ཤེས་ནུས། དེ་ག་ནང་བཞིན་ང་ཚོ་ཨ་མཆོག་མི་མང་གིས་ཀྱང་རང་གི་ཡུལ་སྲོལ་དང་མཐུན་པའི་སྟོན་མོ་ཞིག་ཅིས་ཀྱང་བྱ་ཆོག་ཆོག་རེད།

      ད་ནི་སྐྱ་ཆད་སྔོ་སྡུག་གི་ལོ་རྒྱུས་ཁྲོད་ན་འཕག་འཚག་རྒྱག་གིན་པའི་ལྷ་ཁང་འདི་སྟོབས་ཀྱིས་ཡར་ལངས་བྱུང་། ཁོས་ཁྱོད་དང་ང་ཚོའི་སྔར་འདས་ཀྱི་བྱུང་བ་ལ་འཁང་ར་ཅི་ཡང་མེད་པར་ཡར་ལངས་བྱུང་། དེ་ནི་འུ་ཚོ་ཁ་དན་ཚིག་ལ་མི་གནས་པ་ཞིག་མིན་པ་ད་ལྟ་ཁོ་ལ་ཡིད་ཆེས་ཟབ་མོ་ཡོད་པས་རེད། འདི་ནི་ཁོ་དང་འུ་ཚོའི་བར། ཚེ་ཚེ་རབས་རབས་སུ་མངའ་བའི་འདོར་མི་སྲིད་པའི་དམ་བཅའ་ཞིག་རེད་དོ།།

ཕྱི་ལོ༢༠༡༥ཟླ༨ཚེས༡༨ཉིན་ཕ་ཡུལ་ཨ་མཆོག་ནས་དྲ་མིང་ལ་རླུང་ཡོར་དུ་འབོད་པས་སྦྱར།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-08-27 ལྟ་ཀློག (5813)