སློབ་གླིང་གསར་འགྱུར།

སློབ་གླིང་གསར་འགྱུར།

    ༢༠༡༥ལོའི་སྤྱི་ཟླ་༨་པའི་ཚེས་༢༦་ཉིན་ཀྲུང་གོའི་སྤྱི་ཚོགས་བྱ་བའི་མཉམ་འབྲེལ་ལྷན་ཚོགས་དང་། ཞང་ཀང་རྟ་མཆོག་ཚོགས་པ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐེན། ༼སྤྱི་ཕན་ཚགས་པར།༽ཁང་སོགས་ཀྱིས་མཉམ་འབྲེལ་སྒོས་མི་བརྒྱ་མཉམ་སྐྱོད་ཀྱི་གོམ་སྟབས་མཚོ་སྔོན་ལ་བསྒྱུར་ཏེ་སྤྱི་ཕན་ལས་དོན་སྒྲུབ་པ་ཞེས་པའི་བྱ་འགུལ་སྤེལ།

བྱ་འགུལ་འདི་ནི་ཞང་ཀང་རྟ་མཆོག་ཚོགས་པས་གཙོ་སྐྱོང་གིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་འཛུགས་རོགས་བྱེད་པའི་བྱ་འགུལ་ཞིག་ཡིན་ལ། མགོ་ལོག་ཁུལ་དང་རྨ་ཆེན་རྫོང་སྲིད་གཞུང་སོགས་ལས་ཁུངས་བདུན་དང་། ཀྲུང་གོའི་དབུལ་སྐྱོར་ཐེབས་རྩ་ཚོགས་པ་སོགས་ཚོགས་པ་བཅུ། སི་ཁྲོན་དར་རྒྱས་ཚོགས་པ་སོགས་ཚོང་ལས་སྡེ་ཁག་བཅུ། ཀྲུང་དབྱང་བརྙན་འཕྲིན་ཁང་སོགས་གསར་འགྱུར་སྡེ་ཁག་བཅུ་གཉིས་བཅས་མཉམ་ཞུགས་བྱས།

ཚོགས་ཐོག་ཏུ་ཞང་ཀང་རྟ་མཆོག་ཚོགས་པའི་སྤྱི་གཉེར་བ་ཐང་ཞོ་རོ་དང་། ཀྲུང་གོའི་སྤྱི་ཚོགས་བྱ་བའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་དྲུང་ཡིག་ལིའུ་ཅིན་སོགས་ཀྱིས་སྔ་ཕྱིར་གཏམ་བཤད་གནང་ཞིང་། མཇུག་ཏུ་ཐེངས་འདིའི་རོགས་སྐྱོར་བྱ་འགུལ་ལ་བཀྲ་ཤིས་པའི་དར་གྱི་མེ་ཏོག་གཅོད་པ་སོགས་མཛད་སྒོ་ཕུན་སུམ་ཚོགས་པ་ཕྱེས།

    གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་སྐུ་ཞབས་ཐང་ཞོ་རོ་ན་རེ། "འཇིགས་མེད་རྒྱལ་མཚན་གྱི་ལས་ཀ་འདི་ནི་མི་རིགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་དང་ལ་རྒྱ་རེད། འོན་ཀྱང་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་མེད་པའི་ཁྱིམ་ཚང་དེ་ཁྱིམ་ཚང་བདེ་ཐང་མིན་ལ། མི་རིགས་དེ་མི་རིགས་བདེ་ཐང་མིན། དེ་བཞིན་དུ་སློབ་གསོ་ལ་མཚོན་ན་མ་དངུལ་གཏན་འཇགས་མེད་པའི་སློབ་གསོ་དེ་ཡང་བདེ་ཐང་གི་སློབ་གསོ་ཞིག་མ་རེད། ང་ཚོའི་རེ་བ་ནི་ཚང་མས་མཉམ་དུ་འབད་པ་བྱས་ཏེ་ཁོང་གི་རླབས་ཆེན་གྱི་བྱ་བཞག་འདི་བདེ་ཐང་ཅན་དུ་གཏོང་དགོས།"ཟེར། དངོས་གནས་ང་ཚོའི་བོད་མི་རིགས་རང་གི་འབྱོར་ལྡན་དང་ཤེས་ལྡན་དག་གིས་ཀྱང་གནད་དོན་འདི་ལ་ཐུགས་བསམ་བཞེས་དགོས་འདུག་ཨང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-08-27 ལྟ་ཀློག (5803)