ནོར་བུ་གླིང་ཁར་ཐང་ག་འགྲེམས་འགོ་ཚུགས།

ནོར་བུ་གླིང་ཁར་ཐང་ག་འགྲེམས་འགོ་ཚུགས། 
 

     2015-08-པའི་ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་ཐང་གའི་འགྲེམ་སྟོན་གྱི་འགོ་ཚུགས་མཛད་སྒོ་དེ་ནོར་བུ་གླིང་ཁའི་ཤར་སྒོ་ཆེན་མོར་སྤེལ་བ་དང་། བྱེད་སྒོའི་དུས་ཚོད་ནི་ཟླ་8ཚེས་14ནས་ཚེས་17ཉིན་བར་ཡིན་ཞིང་། བྱེད་སྒོའི་ནང་ཐང་གའི་ལག་རྩལ་འགྲན་བསྡུར་དང་། སྤུས་ལེགས་ཐང་ག་འགྲེམས་སྟོན། གཏེར་དང་རྩི་ཤིང་ཚོས་བཅས་ལས་སྣོན། ཐང་རས་ལས་སྣོན། ཐང་གའི་སྐྱོ་སྦྱར་མཛེས་བཟོ་སོགས་ཀྱི་ནང་དོན་ཚུད་ཡོད། ད་རེས་ཐང་ག་180ལྷག་ཙམ་ཐང་གའི་འགྲེམས་སྟོན་ནང་ཞུགས་པ་དང་འགྲན་བསྡུར་ནང་ཞུགས་པའི་ཐང་ག་146ཡོད། ཞོ་སྟོན་ངལ་གསོའི་རིང་ནོར་བུ་གླིང་ཁའི་ཐང་གའི་འགྲེམས་སྟོན་དེ་ཕྱི་ཕྱོགས་ལ་སྒོ་ཕྱེ་རྒྱུ་ཡིན་པས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་རིན་མེད་ལྟ་དཔྱད་དང་ལྟ་སྐོར་བྱེད་ཆོག ཐང་ག་དང་གཏེར་དང་རྩེ་ཤིང་ཚོས་བཅས་ལས་སྣོན་བྱེད་སྟངས་ཉམས་ལེན་བྱེད་བསམ་ན་གྲོང་མིས་ས་ཆ་དེ་རང་དུ་ཉམས་ལེན་བྱེད་ཆོག   ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཐང་གའི་འགྲེམས་སྟོན་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་རིག་གནས་ཐིང་རིག་གནས་ཐོན་ལས་ཁྲུའུ་དང་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་གཉེར་འགན་ཁུར་བ་ཞིག་རེད། “ད་རེས་ཀྱི་ཐང་གའི་འགྲེམས་སྟོན་ནང་ཞུགས་མཁན་ནི་རང་ལྗོངས་ཀྱི་རི་མོ་འབྲི་མཁན་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་ཡིན་པ་དང་ད་དུང་རི་མོ་འབྲི་མཁན་50ལྷག་ཙམ་ནི་ད་རེས་ཀྱི་ཐང་གའི་འགྲེམས་སྟོན་ལ་ཞུགས་ཐེངས་དང་པོ་རེད”ཅེས་ལྗོངས་རིག་གནས་ཐིང་རིག་གནས་ཐོན་ལས་ཁྲུའི་ཁྲུའུ་ཀྲང་གཞོན་པ་ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པ་དང་། ད་རེས་ཀྱི་ཐང་གའི་འགྲེམས་སྟོན་ནང་གཙོ་བོ་སྨན་ཐང་ལུགས་དང་། སྒར་བྲིས་ལུགས། སྨན་གསར་ལུགས། མཁྱེན་བརྩེ་ལུགས་བཅས་རང་ལྗོངས་ཀྱི་ལུགས་ཆེ་བ་བཞིའི་བརྩམས་ཆོས་ཡོད་པ་དང་། དེ་བཞིན་ཐང་གའི་འབྲེལ་ཡོད་ལག་རྩལ་འགྲེམས་སྟོན་དང་། ཐང་གའི་གཞི་རས་བཟོ་སྟངས་ལས་སྣོན། ཐང་གའི་ལུགས་ཆེ་གྲས་ཁག་གི་ཐང་ག་འབྲི་མཁན་གྱིས་ས་གནས་ས་ཐོག་ཏུ་རྩལ་ངོམས་པ། ཐང་གའི་སྐྱོ་སྦྱར་མཛེས་བཟོ་སོགས་ཀྱི་ནང་དོན་ཡོད་པ་དང་དུས་མཚུངས་ནོར་བུ་གླིང་ཁའི་ཐང་གའི་འགྲེམས་སྟོན་ཁུལ་དུ་ད་དུང་ཐང་ག་ལས་བྱུང་བའི་བརྩམས་ཆོས་འགྲེམས་ཚོང་བྱེད་སྒོ་ཡང་སྤེལ་རྒྱུ་རེད། གལ་སྲིད་ཐང་གར་དགའ་པོ་ཡོད་ཚེ་རང་ཉིད་ནས་ཐང་གའི་གཞི་རས་སོགས་ལ་ཉམས་ལེན་བྱེད་ཆོག་གི་འདུག

སྐབས་ལྔ་པའི་བོད་ཀྱི་ཐང་གའི་འགྲེམ་ཚོགས་ཆེན་མོའི་སྟ་གོན་གནས་མཆོག་ནོར་བུ་གླིང་གར་བསྡུས་པ།

འགྲེམ་སྟོན་ཡུལ་དངོས་སུ་ཐང་གའི་སྒྱུ་རྩལ་གཟིགས་བཞིན་པ།

བོད་ལྗོངས་རིག་གནས་ཐིང་རིག་གནས་ཐོན་ལས་ཁྲུའི་ཁྲུའུ་ཀྲང་གཞོན་པ་ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱེད་བཞིན་པ།

       བོད་ལྗོངས་རིག་གནས་གནས་ཐིང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གཙོ་གཉེར་བྱས་པ་དང་ །ལྗོངས་རིགས་གནས་ཐིང་ཐོན་ལས་ཁྲུའུ་དང་ ། ལྷ་ས་གྲོང་འཁྱེར་ཞོ་སྟོན་སྒྲིགས་འཛུགས་གཞུང་ལས་ཁང་ ། ནོར་བུ་གླིང་ག་དོ་དམ་ཁྲུའུ།  ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ །བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་བཅས་ཀྱི་གཉེར་འགན་འཁུར་བའི་སྐབས་ལྔ་བའི་བོད་ཀྱི་ཐང་གའི་འགྲེམ་ཚོགས་ཆེན་མོའི་སྟ་གོན་དེ་རིང་གནས་མཆོག་ནོར་བུ་གླིང་གར་གནང་བཞིན་ཡོད།



རྩོམ་སྒྲིག་འགན་འཁུར་བ།   ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-08-13 ལྟ་ཀློག (4667)