༼དགའ་བདེའི་གཡང་ར་༽ཞེས་པའི་ལོ་དེབ།

  ༼དགའ་བདེའི་གཡང་ར་༽ཞེས་པའི་ལོ་དེབ།


    གུས་པར་འོས་པའི་རྒྱ་ཆེའི་ཀློག་པ་བོ་ལྷན་རྒྱས་ལགས། ཐེངས་འདིའི་དགའ་བདེའི་གཡང་ར་ཞེས་པའི་སྣ་འཛོམས་ལོ་དེབ་འདི་ནི་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་རེའི་དགའ་བདེའི་མཐར་ཕྱིན་སློབ་མ་རྣམས་ཀྱིས་གཙོ་སྒྲིག་བྱས་ཤིང་། ནང་དུ་དགའ་བདེ་ས་ཆའི་རྩོམ་པ་བོ་དང་སྙན་ངག་པ་གང་མང་ཞིག་གི་བརྩམས་ཆོས་རྐྱང་བ་འགོད་སའི་རིག་པའི་ལྡིང་ཁང་ཞིག་དང་། དེ་གའི་ཉེ་རབས་ཀྱི་མཁས་པ་དང་བསམ་བློ་བ་མང་བོ་ཞིག་གི་ལོ་རྒྱུས་གསལ་བའི་དྭངས་གསལ་མེ་ལོང་ཞིག་ཀྱང་ཡིན། ད་དུང་འདིའི་ནང་དུ་ལྷུག་རྩོམ་དང་སྒྲུང་རྩོམ། དཔྱད་རྩོམ། སྙན་རྩོམ། རང་མོས་སོགས་ཀྱི་ལེ་ཚན་ལས་གཞན་རི་བོང་བློ་ལྡན་དང་མགོ་ལོག་གི་ལོ་རྒྱུས་ས་བོན་ཞེས་པ་དམངས་ཁྲོད་དུ་དར་བའི་མགོ་ལོག་གི་ལོ་རྒྱུས་དང་འབྲེལ་བའི་ངག་རྒྱུན་མང་བོ་བཀོད་པའི་ལེ་ཚན་བཅས་བཀོད་སྒྲིག་བྱས་ཡོད། ང་ཚོས་འཛམ་གླིང་དང་རྒྱལ་ཁབ་ཡང་ན་མི་རིགས་ཞེས་པའི་ཐ་སྙད་བརྗིད་པོ་དེ་དག་ལ་བཤོལ་ཏེ་འདི་འདྲའི་ལུང་གོག་འགོལ་བོ་ཞིག་ལ་གཞོལ་དོན་ནི་ང་ཚོ་སྤྱིར་བཏང་གི་སློབ་མ་འགས་རང་གི་ཕ་ཡུལ་ལ་སྒྲུབ་འོས་པའི་བྱ་བ་ཅིག་གམ་ཡང་ན་རང་གི་ཐེག་ཚད་ཅིག་ཁུར་བ་དེ་ཁོ་ན་ཡིན། ད་དུང་ས་གནས་འདི་ལས་གངས་རིའི་རིང་ལུགས་སྐྱོང་བའི་སྨྱུག་ཐོགས་པ་དང་དགའ་བདེའི་ཡུལ་མི་འཛམ་གླིང་ལ་འཕུར་བའི་ཟམ་ཆེན་ཞིག་ཏུ་གྱུར་བའི་རེ་བའང་ཡིན། གལ་ཏེ་ཁྱེད་ཀྱིས་དགའ་བདེ་ལ་དོ་སྣང་བྱེད་ན་འདི་ལ་གཟིགས་དང་འདིས་ཁྱེད་རང་དགའ་བདེའི་དྭངས་གཙང་དང་གླུ་སྐད་ལ་རོལ་མྱོང་བྱེད་དུ་འཇུག་པར་གདོན་མི་ཟའོ།།

ཞེས་དགའ་བདེ་བ་ཉི་མ་འབུམ་གྱིས།

༢༠༡༥ ༧ ༢༧


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ། 

རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-07-28 ལྟ་ཀློག (18092)