རྗེ་བཙུན་མི་ལ་རས་པའི་མགུར་གླུ་ཚན་བཤུས།


  རྗེ་བཙུན་མི་ལ་རས་པས་སྟོན་པ་དར་བློ་ལ་གསུངས་པའི་མགུར། 

    རྗེ་བཙུན་གཉའ་ནང་གྲོད་ཕུག་ན་བཞུགས་པའི་ཚེ། མཚན་ཉིད་ཀྱི་གྲྭ་ས་ཞིག་ཡོད་པ་དེའི་སྟོན་པ་རྣམས་རྗེ་བཙུན་ལ་ཕྲག་དོག་སྐྱེས་ཤིང་། ཁྱད་པར་དུ་སྟོན་པ་རྣམས་ཀྱི་དྲག་ཤོས་ར་སྟོན་དར་མ་བློ་གྲོས་ཞེས་པ་ཚད་མའི་གཞུང་ལ་སྦྱངས་པ་ཆེ་བ་དེ་ཉིད་ཆོས་ཀྱི་དོན་རྩོད་པར་ཡོང་བའི་སྐབས་ཤིག་ན། ཁོ་ན་རེ། ཕར་ཕྱིན་བཅུ་ཉམས་སུ་ལེན་ན་ཇི་ལྟར་བྱེད་ཟེར་བའི་དྲིས་པའི་ལན་དུ་རྗེ་བཙུན་གྱིས་མགུར་འདི་གསུངས་སོ།། 

   རྗེ་སྒྲ་བསྒྱུར་མར་བ་སྐུ་དྲིན་ཅན།། དུས་སྙིགས་མའི་སེམས་ཅན་བསྐྱབ་ཏུ་གསོལ།། ཆོས་ཕྲག་དོག་ཞི་བར་བྱིན་གྱིས་རློབས།། ཁྱོད་ལོ་འདོད་ཀྱི་སྟོན་པ་དར་བློ་ཉོན།། མི་འཆི་སྙམ་པའི་ངང་ཉིད་ལ།། འགལ་འབྲེལ་ཚིག་ལ་སེམས་སེམས་ནས།། ཚེ་སུམ་གཉིས་ཟད་པ་མ་ཚོར་གདའ།། ད་ནི་ཉམས་ལེན་བྱས་ན་ལེགས།། དུས་སྙིགས་མའི་སེམས་ཅན་ཉོན་མོངས་རགས།། མི་སྡིག་ཅན་ཁ་ལ་བཟོད་གླགས་མེད།། ད་བདག་འཛིན་སྤངས་པའི་ཕ་རོལ་ན།། སྦྱིན་པ་བྱ་བ་ལོགས་ན་མེད།། གཡོ་སྒྱུ་སྤངས་པའི་ཕ་རོལ་ན།། ཚུལ་ཁྲིམས་བྱ་བ་ལོགས་ན་མེད།། དོན་ལ་མི་སྐྲག་ཕ་རོལ་ན།། བཟོད་པ་བྱ་བ་ལོགས་ན་མེད།། ཉམས་ལེན་འབྲལ་མེད་ཕ་རོལ་ན།། བརྩོན་འགྲུས་བྱ་བ་ལོགས་ན་མེད།། ངང་ལ་གནས་པའི་ཕ་རོལ་ན།། བསམ་གཏན་བྱ་བ་ལོགས་ན་མེད།། གནས་ལུགས་རྟོགས་པའི་ཕ་རོལ་ན།། ཤེས་རབ་བྱ་བ་ལོགས་ན་མེད།། བདུད་བཞི་བཅོམ་པའི་ཕ་རོལ་ན།། སྟོབས་ཞེས་བྱ་བ་ལོགས་ན་མེད།། དོན་གཉིས་གྲུབ་པའི་ཕ་རོལ་ན།། སྨོན་ལམ་བྱ་བ་ལོགས་ན་མེད།། ཉོན་མོངས་རང་མཚང་རིག་པ་ན།། ཡེ་ཤེས་བྱ་བ་ལོགས་ན་མེད།། དོན་ཉམས་སུ་ལེན་ན་དེ་ལྟར་ཡིན།། ཚིག་སྟོང་བའི་སྒྲ་ལ་དགོས་པ་ཆུང་།།   

རྗེ་བཙུན་མི་ལ་རས་པས་དགེ་བཤེས་རྩག་ཕུ་བ་ལ་གསུངས་པའི་མགུར།

     དགེ་བཤེས་རྩག་ཕུ་བ་བྱ་བའི་སྟོན་པ། ནོར་ཕྱུག་ལ་ཁ་དྲག་པ། འཇིག་རྟེན་ཆོས་བརྒྱད་ལ་གཡེང་བ། ཆོས་ཁ་ལ་བྱང་ཡང་དོན་སེམས་ལ་མ་འབྱོར་བ་ཞིག་ཡོད་པ་དེས་རྗེ་བཙུན་ལ་ཕྲག་དོག་གིས་ཡོན་བདག་མང་བོ་འཛོམས་སར་དམའ་དབབ་པར་འདོད་དེ། ཚད་མའི་གཞུང་ཞིག་བཏོན་ནས་རྗེ་བཙུན་ལ་བདག་གི་དོགས་པ་སེལ་བའི་འབྲུ་གནོན་དང་། འཕྲོས་ལུགས་ཀྱི་གླེང་མོལ་ཞིག་མཛོད་དང་ཟེར་བས། རྗེ་བཙུན་གྱི་ཞལ་ནས། གཞུང་རྣམས་ཀྱི་ཚིག་རིགས་ཀྱི་འབྲུ་གནོན་ཁྱེད་རང་གིས་ཤེས་འོང་། དོན་གྱི་འབྲུ་གནོན་ལ་འཇིག་རྟེན་ཆོས་བརྒྱད་བློས་བཏང་ཞིང་མགོ་སྙོམས་པ། གང་ཟག་གི་བདག་འཛིན་འདུལ་བ། འཁོར་འདས་རོ་སྙོམས་ནས་ཆོས་ཀྱི་བདག་འཛིན་འདུལ་ཞིང་རི་ལ་སྒོམ་པ་འདི་ཀ་ཡིན། དེ་མིན་ཉམས་སུ་མི་ལེན་པའི་ཚིག་འདིའི་ལན་དུ་འདི་ཟེར་དང་། འདིའི་རྗེས་སུ་འདི་ཡོད་རྣམས་ལ་དགོས་པ་མི་འདུག་པས། ངས་བསླབས་ཀྱང་མ་བསླབས། ཤེས་ཀྱང་མི་ཤེས། ཤེས་རུང་བརྗེད་དེ་ཐལ་གསུངས་ཏེ་རྒྱུ་མཚན་གྱི་མགུར་འདི་བཞེས་སོ།།   

    སྒྲ་བསྒྱུར་མར་བའི་ཞབས་ལ་འདུད།། ཐ་སྙད་བྲལ་བར་བྱིན་གྱིས་རློབས།། རྗེ་བླ་མའི་བྱིན་རླབས་སེམས་ལ་ཞུགས།། སེམས་རྣམ་གཡེང་ཆོས་ལ་འཆོར་མ་མྱོང་།། ང་བྱམས་དང་སྙིང་རྗེ་བསྒོམས་བསྒོམས་ནས།། རང་གཞན་འཛིན་པ་བརྗེད་དེ་ཐལ།། བླ་མ་སྤྱི་བོར་བསྒོམས་བསྒོམས་ནས།། ཁ་དྲག་དཔོན་པོ་བརྗེད་དེ་ཐལ།། ཡི་དམ་འབྲལ་མེད་བསྒོམས་བསྒོམས་ནས།། དམན་པའི་ཕུང་ཁམས་བརྗེད་དེ་ཐལ།། སྙན་བརྒྱུད་ཀྱི་གདམས་པ་བསྒོམས་བསྒོམས་ནས།། ཡིག་རིགས་ཀྱི་དཔེ་ཆ་བརྗེད་དེ་ཐལ།། ཐ་མལ་གྱི་ཤེས་པ་བསྐྱངས་བསྐྱངས་ནས།། མ་རིག་འཁྲུལ་བ་བརྗེད་དེ་ཐལ།། སྐུ་གསུམ་རང་ཆས་བསྒོམས་བསྒོམས་ནས།། རེ་དོགས་ཀྱི་སྒོམ་པ་བརྗེད་དེ་ཐལ།། ཚེ་འདི་ཕྱི་མཉམ་དུ་བསྒོམས་བསྒོམས་ནས།། སྐྱེ་འཆིའི་འཇིགས་པ་བརྗེད་དེ་ཐལ།། གཅིག་པུར་ཉམས་མྱོང་བསྐྱངས་བསྐྱངས་ནས།། མཆེད་གྲོགས་ཀྱི་ངོ་སྲུང་བརྗེད་དེ་ཐལ།།ཉམས་ལེན་རྒྱུད་ལ་སྦྱར་སྦྱར་ནས།། གྲུབ་མཐའི་ཁ་འཛིན་བརྗེད་དེ་ཐལ།། སྐྱེ་འགག་གནས་མེད་བསྒོམས་བསྒོམས་ནས།། ཁས་ལེན་གྱི་ལྟ་བ་བརྗེད་དེ་ཐལ།། སྣང་བ་ཆོས་སྐུར་སེམས་སེམས་ནས།། དམིགས་བཅས་ཀྱི་སྒོམ་པ་བརྗེད་དེ་ཐལ།། མ་བཅོས་ལྷུག་པར་བཞག་བཞག་ནས།། ཚུལ་འཆོས་ཀྱི་སྤྱོད་པ་བརྗེད་དེ་ཐལ།། ལུས་ངག་དམན་ས་བཟུང་བཟུང་ནས།། མི་ཆེན་གྱི་དྲེགས་འགྱིང་བརྗེད་དེ་ཐལ།། སྒྱུ་ལུས་ལ་དགོན་པ་བྱས་བྱས་ནས།། བདེ་འཚམས་ཀྱི་དགོན་པ་བརྗེད་དེ་ཐལ།། ཚིག་བྲལ་ཉམས་སུ་བླངས་བླངས་ནས།། ཚིག་གི་འབྲི་གནོན་བརྗེད་དེ་ཐལ།། གཞུང་གི་འབྲུ་གནོན་སྟོན་པས་མཛོད།།  

རྗེ་བཙུན་མི་ལ་རས་པས་རས་ཆུང་བ་ལ་གསུངས་པའི་ཆོག་པ་བརྒྱད་ཀྱི་མགུར།

  དགོན་པ་རང་གི་ལུས་ཀྱིས་ཆོག ། ལུས་གནད་ལྷ་ཡི་ཕོ་བྲང་ཡིན།། བླ་མ་རང་གི་སེམས་ཀྱིས་ཆོག །  ངེས་ཤེས་དམ་པའི་སྐྱེས་མཆོག་ཡིན།། དཔེ་ཆ་ཕྱི་ཡི་ཡུལ་གྱིས་ཆོག  །  སྣ་ཚོགས་ཐར་བའི་ལམ་དཔེ་ཡིན།།  ཟོས་སུ་ཏིང་འཛིན་ཟོས་པས་ཆོག །  ཞི་གནས་ལྷ་ཡི་ཕ་འབབས་ཡིན།། གོས་སུ་གཏུམ་མོ་གྱོན་པས་ཆོག །  བདེ་དྲོད་མཁའ་འགྲོའི་ན་བཟའ་ཡིན།། གཉེན་ལ་འབྲེལ་ཐག་བཅད་པས་ཆོག །  གཅིག་པུ་ལྷ་ཡི་ཚོགས་དཔོན་ཡིན།། སྡང་བའི་དགྲ་ལ་བྱོལ་བས་ཆོག ། དགྲ་བོ་མགྲོན་པོ་ལམ་འཁྱམས་ཡིན།། བགེགས་ལ་སྟོང་ཉིད་བསྒོམས་པས་ཆོག   སྣ་ཚོགས་ཆོ་འཕྲུལ་ཉམས་སྣང་ཡིན།། ཡིན་ལུགས་སྤྱོད་ན་དེ་ལྟར་མཛོད།། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-07-20 ལྟ་ཀློག (10665)