འབྲོང་རིག་གནས་ལས་ཤག


༄༅།། འབྲོང་རིག་གནས་ལས་ཤག་གི་ངོ་སྤྲོད་མདོར་བསྡུས།

དང་བོ། འབྲོང་རིག་གནས་ལས་ཤག་ཅེས་པའི་མིང་གི་འགྲེལ་བ།

   ངེད་ཀྱི་ལས་ཤག་གི་མིང་ལ་འབྲོང་རིག་གནས་ལས་ཤག་ཅེས་འབོད་ཅིང་མིང་གི་བཏགས་དོན་བཤད་ན། དེ་ཡང་འབྲོང་ཞེས་པ་ནི་གནའ་ནས་ད་བར་མཐོ་སྒང་བོད་ཀྱི་ཡུལ་འདིར་གནས་འཆའ་ཞིང་བོད་མི་རིགས་ཀྱི་བསམ་བློའི་རིག་གནས་ཁྲོད་གོ་གནས་མཐོན་པོ་བཟུང་ཡོད་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན། བོད་ཀྱི་གནའ་མྱི་ཚོས་སྲོག་ཆགས་འདི་ལ་ཧ་ཅང་རྩིས་མཐོང་ཆེན་པོ་བྱེད་ཅིང་། འདི་དང་འབྲེལ་བའི་རིག་གནས་ཀྱི་ལྟ་ཚུལ་ཡང་མང་བོ་བཏོན་ཡོད་འདུག དེའང་འདི་ལྟར་ཏེ། བོད་མི་རྣམས་དང་སྲོག་ཆགས་འདི་གཉིས་ནི་ཡུལ་གྱི་ཆ་ནས་གཉིས་ཀ་མཐོ་སྒང་དུ་གནས་པ་དང་། གཉུག་གཤིས་ཀྱི་ཆ་ནས་གདོད་མའི་བོད་མི་རྣམས་འབྲོང་གི་གཤིས་ཀ་ལྟར་དཔའ་ཞིང་རྟུལ་ཕོད་ལ་བརྟན་ཞིང་ཚུགས་ཐུབ་པ་དང། ཁོ་ཚོ་འབྲོང་གི་རང་གཤིས་དང་སྙིང་སྟོབས་ལ་ཧ་ཅང་དགའ་མོས་ཡོད་པ། གཞན་ཡང་འབྲོང་ནི་གནའ་སྔ་མོ་ནས་བོད་མིའི་སྒོ་ཕྱུགས་སུ་བཏུལ་ཅིང་བོད་མི་རྣམས་དེ་ཉིད་འཚོ་སྐྱོང་གི་བྱེད་པོ་རུ་གྱུར་བས་འབྲོང་ཞེས་པའི་སྲོག་ཆགས་འདི་ཉིད་བོད་མི་རིགས་ཀྱི་འཚོ་བ་དང་རིག་གནས་ཀྱི་རྒྱ་མཚོ་ཆེན་པོའི་ཁྲོད་དུ་ག་ལེར་ག་ལེར་འཐིམས་པར་གྱུར་བ་ཞིག་རེད། དེ་བས་གངས་རི་དང་གངས་སེང་གིས་བོད་པའི་རིག་གནས་དང་འཚོ་བ། ལ་རྒྱ་དང་སྤོབས་པ། སྙིང་སྟོབས་དང་བློ་ཁོག་མཚོན་པ་བཞིན་འབྲོང་གིས་ཀྱང་དེ་དག་ཇི་བཞིན་དུ་མཚོན་ཐུབ་བོ། །

  ལྷག་ཏུ་དུས་ཀྱི་བདུད་མོ་ཞེ་ནག་མས་འཇིག་རྟེན་གྱི་མཛེས་སྡུག་ཡོད་ཚད་ལ་གཞོམ་གཞིག་བཏང་དང་གཏོང་གིན་པའི་སྐབས་འདིར་ང་ཚོས་གནའ་སྔ་མོ་སྔ་མོའི་དུས་ཀྱི་ཕ་མེས་རྣམས་ཀྱི་ཤེས་རབ་དང་བློ་གྲོས། གཞན་འབྲོང་གི་རང་ཚུགས་དང་སྙིང་སྟོབས་སོགས་དྲན་སྲིད་ལ་དེ་དག་ནམ་ཡང་རང་གི་ལུས་ངག་ཡིད་གསུམ་དུ་ཉར་ཅིང་དུས་ཀྱི་གཡོ་སྐྱོམ་དྲག་པོའི་ཁྲོད་ཏུ་བརྟན་པོར་འགྲེང་བའི་ཕྱིར་དུ་འབྲོང་གིས་མཚོན་པའི་རིག་གནས་འདིར་སྙིང་ཉེ་བོ་བྱ་རྒྱུ་དང་དེ་དག་ལ་བདག་པོ་བརྒྱག་རྒྱུ་དེ་རང་ཤུགས་ཀྱིས་དྲན་ཡོང་ལ་ལས་ཀ་ཅི་ཞིག་གཉེར་ཡང་རིག་གནས་འདི་དང་ཁ་མི་འབྲལ་བ་ཞིག་ནི་ཅིས་ཀྱང་གཡོལ་དུ་མེད། དེའི་རྒྱུ་མཚན་གྱིས་ང་ཚོས་ལས་ཀ་འདི་འདྲ་ཞིག་གཉེར་བར་རྩོམ་པའི་ཚེ་ནའང་ལས་ཤག་གི་མིང་ལ་འབྲོང་རིག་གནས་ལས་ཤག་ཅེས་མིང་བཏགས་པ་ཡིན་ནོ། །

གཉིས་པ། ལས་ཤག་གི་གནས་དང་འཛུགས་དུས།

ངེད་ཀྱི་ལས་ཤག་འདི་སྤྱི་ལོ་༢༠༡༤ལོའི་ཟླ་༣པའི་ཚེས་༡ཉིན་དངོས་སུ་བཙུགས་པ་ཡིན་ལ། གནས་ནི་མདོ་སྨད་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་དུ་ཡོད་ཅིང་། ཐང་སྐོར་ས་གནས་ཀྱི་ན་གཞོན་སློབ་མ་འགས་མཉམ་སྒྲུབ་སྒོས་བཙུགས་པ་ཞིག་ཡིན།

གསུམ་པ།ལས་ཤག་གི་དམིགས་ཡུལ་དང་ཁ་ཕྱོགས།

   ངེད་ཀྱི་ལས་ཤག་གིས་ཁེ་ལས་ཆུང་ཆུང་འདི་ལྟ་བུ་ཞིག་གཉེར་བའི་དམིགས་ཡུལ་ནི་གཙོ་བོ་རང་གི་འཚོ་ཚིས་ཀྱི་ཕྱིར་དང་། དེ་ནས་བསམ་དོན་གཞན་པའང་མང་དུ་ཡོད་དེ། དེ་ཡང་དེང་གི་དུས་ནི་དཔལ་འབྱོར་དང་རིག་གནས་འགྲན་རྩོད་ཀྱི་ཡོ་ལང་རབ་ཏུ་འཁྲུག་པའི་དུས་རབས་ཞིག་ཡིན་པ་དང་། མི་སྒེར་དང་ཚོགས་པ། མི་རིགས་དང་རྒྱལ་ཁབ་སུ་ཡིན་ཡང་ཚང་མས་རང་ཉིད་ཡར་རྒྱས་སུ་གཏོང་ཐབས་དང་ལྷག་ཏུ་དཔལ་འབྱོར་དང་རིག་གནས་གཉིས་ཐད་ནས་འཛམ་གླིང་མི་རིགས་ཀྱི་སྔོན་དུ་འབུད་མ་ཐུབ་ཀྱང་རྗེས་སུ་མི་ལུས་པའི་ཐབས་ལ་ནུས་པ་རྩལ་དུ་བཏོན་ནས་འབད་ཀྱིན་པའི་སྒང་ཡིན། དུས་སྐབས་འདི་འདྲ་ལ་ང་ཚོ་བོད་མི་རྣམས་ཀྱང་རང་དགར་མི་འདུག་པར་རིག་གནས་དང་དཔལ་འབྱོར་གཉིས་ཀ་མཉམ་ཏུ་སྤེལ་བའི་ཐབས་ལ་འབད་རྒྱུ་ནི་ཧ་ཅང་ཁ་ཚ་དགོས་གཏུག་ཏུ་མཐོང་། དེ་མིན་ཡོད་ཚད་དཔལ་འབྱོར་ཁོ་ནར་མགོ་འཁོར་ཏེ་རང་གི་རིག་གནས་དེ་ཉིད་ཡལ་བར་འདོར་བ་དང་། སློབ་གྲྭ་འགྲིམས་མགྲིམས་པའི་མཐར་ཡང་རྒྱལ་ཁབ་ཀྱི་བྱ་བ་མ་གཏོགས་རིག་གནས་ཀྱི་ཕྱོགས་ལ་བསམ་བློ་ཅི་ཡང་མི་གཏོང་བའི་མིག་སྔའི་སྣང་ཚུལ་འདི་དག་ནི་ཧ་ཅང་མཐར་ལྷུང་གི་བྱ་བའོ། །

   ཁྱད་པར་དུ་རང་ཉིད་བོད་ཅིག་ཡིན་པར་ངོ་ཤེས་ཤིང་སྙིང་ན་རུས་པ་ཅན་གྱི་མི་ཞིག་ཡིན་ན་ལས་ཀ་ཆེ་ཆུང་གང་ཞིག་སྒྲུབ་ཀྱང་རང་གི་རིག་གནས་ལ་བསམ་བློ་མི་གཏོང་བ་ནི་གཏན་ནས་མི་འོས་ཏེ་རིག་གནས་ནི་མི་རིགས་ཤིག་གི་སྲོག་གི་ཚབ་ཡིན་པས་ཚེ་སྲོག་དེ་ཉིད་མི་འགག་པའི་ཕྱིར་ཏུ་སུ་ཞིག་གིས་མི་བརྩོན་ཨང་། དེ་བས་ངེད་འབྲོང་རིག་གནས་ལས་ཤག་གི་གྲོགས་པོ་ཚོས་ཀྱང་རང་གི་ཚོད་ཀྱིས་ལས་ཀ་གང་ཞིག་སྒྲུབ་ཀྱང་རང་གི་རིག་གནས་ལ་མཐུན་པ་ཞིག་དང་རང་གི་རིག་གནས་འཛིན་སྐྱོང་གི་ཐད་ལ་ཕན་པ་ཡོད་པ་ཞིག་ལ་བསམ་བློ་གཏོང་ཁུལ་བྱེད་ཀྱིན་ཡོད། ཡིན་ནའང་རང་རེའི་ན་གཞོན་མང་བོ་ཞིག་ད་རུང་གོ་མེད་ཚོར་མེད་དུ་སྡོད་པ་དང་ཐ་ན་སློབ་གྲྭ་རིམ་པར་བརྒྱུད་པའི་མཐར་ཡང་ལས་བྱེད་ཁོ་ན་མ་གཏོགས་གཞན་ཅི་ཡང་བསམ་རྒྱུ་མེད་པ་འདི་ནི་མི་རིགས་ཤིག་ལ་མཚོན་ན་ཇི་འདྲའི་ཉེན་ཁ་ཅན་གྱི་བསམ་བློ་ཞིག་རེད་ཨང་། དེ་བས་ངེད་འབྲོང་རིག་གནས་ལས་ཤག་གི་གྲོགས་པོ་རྣམས་ཀྱིས་ཡོད་ཚད་རང་ཉིད་ནས་མགོ་བརྩམས་ཏེ་ཁེ་ལས་གཉེར་བའི་ལས་ལ་ཞུགས་པ་དང་ཞོར་དུ་རང་རེའི་རིག་གནས་འདིའང་རང་གི་ཚེ་ནོམ་ཡིན་པ་ངོས་ཟིན་པའི་ཐོག་ནས་ཚོང་ལས་དང་རིག་གནས་འཛིན་སྐྱོང་གི་ནུས་པ་གཉིས་ཀ་ལྡན་པའི་ལས་ཤག་འདི་བཙུགས་པ་ཡིན། འདིས་ནི་ཚོང་གི་ཞོར་དུ་ས་གནས་ཀྱི་ཡིག་རྨོངས་པ་རྣམས་ལ་ཡིག་བཏག་པར་སྐྲུན་སོགས་ཀྱི་ཞབས་ཞུ་གྱ་ནོམ་པ་ཞིག་བསྒྲུབ་རྒྱུ་ཡིན་ལ། མ་འོངས་པར་ཡང་མུ་ནས་མུར་རྒྱ་ཇེ་ཆེ་དང་སྣ་ཇེ་འཛོམས་སུ་བཏང་སྟེ་ཡན་ལག་ལས་ཤག་མང་དུ་གཟུག་རྒྱུ་དང་རིམ་གྱིས་སྤྱི་གཉེར་གྱི་རྣམ་པར་བསྒྱུར་ནས་ས་གནས་རང་གི་བོད་ཡིག་དང་འབྲེལ་བའི་པར་སྐྲུན་ཀྱི་ལས་ཀ་ཡོད་ཚད་སྐྱོན་མེད་སླད་མེད་དང་ཡང་དག་པ་ཞིག་འོང་བའི་འགན་ཡང་ཁུར་ཐུབ་པ་བྱ་རྒྱུ་ཡིན་ནོ། །

བཞི་བ། ལས་ཀའི་རྣམ་གྲངས།

ངེད་ཀྱི་ལས་ཤག་གི་ལས་ཀའི་རྣམ་གྲངས་ལ། སྒོ་བྱང་དང་ལམ་བྱང་། མིང་བྱང་དང་མགྲོན་ཤོག་སོགས་བསྒྲག་ཡིག་དང་གཟེངས་ཡིག་སྣ་ཚོགས་བསྒྲིག་ཅིང་དཔར། པར་ཆེ་ཆུང་སྣ་ཚོགས་ལེན་པ་དང་འཁྲུད་པ་སྒྲིག་པ་སོགས་བྱེད་ཅིང་། གོན་པའི་ངོས་སུའང་པར་རིས་སྣ་ཚོགས་བསྒྲིག་ཅིང་དཔར། གཞན་ཟེར་སྡེར་དང་རྣོ་བྱང་། འཐེབ་སྡེར་སོགས་སུ་སྒྲ་གཟུགས་སྣ་ཚོགས་བསྒྲིག་ཅིང་འཇུག་ལ་དེ་ཉིད་རང་གི་དགོས་མཁོ་ལྟར་ཕབ་སྒྱུར་ཡང་བྱེད་དོ། ། ད་དུང་རྩིས་འཕྲུལ་དང་ཁ་པར་སོགས་སུ་ཡིག་གཟུགས་སྣ་ཚོགས་དང་མ་ལག་སྣ་ཚོགས་འཇོག་ལ་དྲིལ་བརྡའང་བསྒྲིག་གོ ། དེ་ལས་གཞན་གཟུགས་འཕྲིན་སྐུར་སྡུད་དང་ཡིག་གཏག་བསྐྱར་དཔར། ཡིག་སྒྱུར། རྩོམ་འབྲི། ཞུ་དག་སོགས་ཀྱང་བྱེད་དོ། །

ལྔ་བ། ལས་ཀའི་གྲུབ་འབྲས།

ངེད་ཀྱི་ལས་ཤག་འདི་བཙུགས་ནས་ད་ལྟ་ལོ་ངོ་ཧྲིལ་བོ་གཅིག་དང་ཕྱེད་ལྷག་འགོར་ཡོད་ཅིང་། ཟླ་ངོ་དེ་དག་གི་རིང་ལ་ཚོང་ལས་དང་ཞབས་ཞུ་གཞི་གཅིག་ཏུ་སྦྲེལ་ནས་ལས་ཀ་བྱས་པས་ས་གནས་ཀྱི་གྲོགས་པོ་མང་བོ་ཞིག་བྱ་བ་དེའི་ཁྲོད་ནས་ངོ་ཤེས་ཤིང་ཕན་ཚུན་ལ་ཡིད་ཆེས་ཡོད་པར་གྱུར། སྤྱིར་ཚོང་ལས་ཆེ་ཆུང་གང་ཞིག་གཉེར་ཡང་ཚོང་བདག་དང་འཛད་སྤྱོད་པ་ཕན་ཚུན་བར་ཡིད་ཆེས་སྟེར་རྒྱུ་ནི་ཚོང་ལས་དེ་ཉིད་གེགས་མེད་ལམ་ལྷོངས་ཡོང་བ་དང་ཚོང་གི་ལས་ཀ་རྒྱུན་རིང་བོར་སྐྱོང་ཐུབ་པའི་གཞི་རྩའི་མཐུན་རྐྱེན་དུ་ངེས། ཡང་གཅིག་བཤད་ན་འདི་ནི་དེང་གི་མཐོ་རིམ་ཁེ་ལས་པ་དག་གི་གཞི་རྩའི་རྩ་དོན་ཞིག་ཀྱང་ཡིན་ནོ། ། དེ་བས་ངེད་འབྲོང་རིག་གནས་ལས་ཤག་གིས་ཀྱང་རྒྱ་ཆེའི་སྤུན་ཟླ་རྣམ་པ་ཚོར་ཡིད་ཆེས་སྟེར་ཅིང་རེ་བ་བསྐང་ཕྱིར་དྲང་བོ་དྲང་བཞག་དང་བསམ་པ་རྣམ་དག་གིས་ཚོང་ལས་གཉེར་བས་ས་གནས་འཛད་སྤྱོད་པ་མང་བོའི་དགའ་བསུ་དང་ཡིད་ཆེས་འཐོབ་ཀྱིན་ཡོད་དོ། ། 

འབྲེལ་གཏུག་བྱ་ཡུལ། བཀྲ་ཤིས་རབ་བརྟན། 13778693484   འཇམ་དབྱངས་རྡོ་རྗེ། 13551773645 

                      མགོན་པོ་རྡོ་རྗེ། 1354838684        ཀུན་དགའ། 13678379977

                          འབྲོང་རིག་གནས་ལས་ཤག་གིས། 


འབྲོང་རིག་གནས་ལས་ཤག


ཚོང་སྒྲོམ་དང་སྒྲིག་ཆས།



 རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-07-11 ལྟ་ཀློག (6174)