གྲོགས་པོ་ཚོ།

   གྲོགས་པོ་ཚོ།  

               གཙང་དགོན་     ཨ.སྐལ་བཟང་དོན་ལྡན།

དོ་ནུབ་ཀྱི་མཚན་ལྗོངས།

སྨུག་སྤྲིན་གྱིས་བཟུང་། སྨུག་སྤྲིན་གྱི་ཀློང་ན།

ངེད་མིང་སྲིང་ཚོ་ཁུ་སིམ་མེར། 

ཞག་སྒྲོན་རྐང་གཅིག་གི་འོད་མཐའ་རུ།

ཉི་འོད་ཞིང་ལ་རེ་སྒུག་བྱས།

 

གྲོགས་པོ་ཚོ།

ང་ཚོས་ཇི་ལྟར་བྱས་ན་བཟང་།

ལྷིང་འཇགས་ཀྱི་མཚན་མོ་འདིར།

ཕྱི་རོལ་ན། བུ་ཡུག་གི་གདུག་རྩུབ་ལ། 

སྟོན་རླུང་གིས་རམ་འདེགས་བྱེད།

རྨི་ལམ་གྱི་འཇིག་རྟེན་དྲན་པའི་ང་རང་།

ཡུལ་ལྗོངས་འདིར་རང་དབང་བྲལ་བའི།

ཉམ་ཆུང་གི་སྡོང་ལོ་བཞིན།

 

སྤྲིན་དཀར་གྱི་བང་རིམ་ནས་ཁྲུང་ཁྲུང་ལྷོ་རུ་བསྟར།

སྙན་འགྱུར་གྱི་མགྲིན་གླུ་ལེན་པའི་ཁུ་ལོ་མོད་དུ་ཆས།

ད་དུང་། གླེང་མི་ཕོད་པའི་གཏམ་རྒྱུད་རིང་མོ།  

གྲོགས་པོ་ཚོ། 

ང་ཚོས་ཇི་ལྟར་བྱས་ན་བཟང་།

གྲང་རླུང་གིས་བསྡམས་པའི་མཚན་མོ་འདིར།

ཉི་འོད་ཀྱི་ཞིང་ལ་ཇི་ལྟར་བསྐྱོད།

གྲོགས་པོ་ཚོ། 

ང་ཚོ་ལམ་ལ་ཆས།

དྭངས་གཙང་གི་སེམས་པ་དམར་པོ།

ཟུག་གཟེར་གྱི་རྨ་ཁས་ཁེངས་ཡོད།

ང་ཚོས་ཁྲག་དམར་གྱི་རྐང་རྗེས་ཕབ་བཞིན།

རེ་སྒུག་གི་ཞིང་དུ་བསྐྱོད།

 

 

གྲོགས་པོ་ཚོ།

རེ་སྒུག་གི་གླིང་ཕྲན་དུ་ལྟོས་དང་།

ཕུགས་བསམ་གྱི་འོད་སྣང་སྔར་བཞིན།

ཁྲ་ལམ་མེར།

ང་ཚོས་འདི་ལྟར་འཚོལ།

དུས་རབས་འདིར་འཕུར་རྩལ་ངོམ་ཆོག

ངོ་མ་ཡིན།

གྲོགས་པོ་ཚོ།


རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-07-09 ལྟ་ཀློག (3280)