རེ་སྨོན་གྱི་ཟེགས་མ།

རེ་སྨོན་གྱི་ཟེགས་མ།

 

    གཙང་     ཨ་སྐལ་བཟང་དོན་ལྡན།         

ཁ་བའི་རྡུལ་མང་བརྩེགས་པའི་ས་འཛིན་གྱི་དབུ་ན།།

རྣམ་དཔྱོད་དཡུ་རལ་རྒྱས་པའི་གདོང་ལྔ་ཡི་ཁྱུ་ཚོགས།།

མེས་པོའི་ཞབས་རྗེས་དཀར་བོའི་ལོ་རྒྱུས་དེ་སྒྲོགས་དང་།།

གངས་རིའི་གཟི་འོད་འཕྲོ་བའི་དགེ་མཚན་ཞིག་མངོན་ཡོང་།།


རྐང་འཐུང་གཡུ་ལོ་ལྡེམ་པའི་ཚང་ཚིང་གི་དབུས་ན།།

སྐྱོ་བའི་ཤུགས་རིང་འབྱིན་པའི་ཉམ་ཆུང་གི་འཇོལ་མོ།།

ཚན་རིག་དཔྱིད་དཔལ་བསུ་བའི་གླུ་དབྱངས་རེ་ལོངས་དང་།།

དཔྱིད་ཀྱི་ཕོ་ཉར་མཇལ་བའི་བསྐལ་བཟང་ཞིག་བསླེབ་ཡོང་།།


མརྒད་ཞུན་མའི་མདངས་འཛིན་སྤང་ལྗོངས་ཀྱི་ཁུགས་ན།།

རྨིག་བཞི་རླུང་ལ་བཏེགས་པའི་མགྱོགས་འགྲོས་ཀྱི་རྟ་ཕོ།།

ལྔ་ཟུང་མེ་ཏོག་ཐང་དུ་བང་རྩལ་རེ་ངོམ་དང་།།

སྔོན་ཐོན་ཞིང་ལ་བསླེབ་པའི་དུས་སྟོན་ཞིག་འཆར་ཡོང་།།


ཆུ་འཛིན་ཕྲེང་བ་རྩེན་པའི་ལྷ་ལམ་གྱི་དབུས་ན།།

གཤོག་རྩལ་ཡོངས་སུ་རྫོགས་པའི་འདབ་ཆགས་ཀྱི་རྒྱལ་བོ།།

ཆོས་སྲིད་ཟུང་དུ་འབྲེལ་བའི་ནམ་འཕང་རེ་སྟོད་དང་།།

ཤེས་ལྡན་རྒྱལ་ཁབ་ཡོངས་ཀྱི་ཡང་རྩེ་རུ་བསླེབ་ངེས།།

 

སྨུག་སྤྲིན་ལང་་ལོང་འཐབ་པའི་རྫ་རི་ཡི་རྐེད་ན།།
ནོར་གནག་རྨིག་རྗེས་སྙེག་པའི་ན་མཉམ་གྱི་གཞོན་ནུ།།
སློབ་གྲྭའི་དགའ་ཚལ་ཁྲོད་དུ་གོམ་སྟབས་རེ་སྒྱུར་དང་།།
གདོད་མའི་འུར་ཆ་འཛིན་པའི་དམ་བཅའ་དེ་འཐོར་འགྲོ།།

ཤེས་རིག་འདབ་སྟོང་རྒྱས་པའི་སློབ་གླིང་གི་ཚལ་ན།།
རྣམ་དཔྱོད་གློག་གི་གར་བསྒྱུར་བརྩོན་ལྡན་གྱི་སློབ་བུ།།
གནའ་དེང་རིག་གཞུང་ཟབ་མོའི་བདུད་རྩི་རེ་མཆོད་དང་།།
ཞི་བདེའི་ཉི་གཞོན་བསུ་བའི་རྟེན་འབྲེལ་ཞིག་ལོས་ལྡན།།

རེ་སྨོན་ཟེགས་མ་འབུམ་གྱི་རླབས་རྩེ་ན་འཕུར་བའི།།
དགོས་འདོད་ཡིད་བཞིན་འགྲུབ་པའི་ནོར་བུ་དེ་ཐོབ་ནས།།
ཡིད་འོང་གླིང་ཕྲན་གསར་བའི་དགའ་སྟོན་ལ་རོལ་ཚེ།།

སེམས་ཀྱི་འདུན་པ་ཡོད་ཚད་གེགས་མེད་དུ་འགྲུབ་ཤོག།


རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།

 

 


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-07-09 ལྟ་ཀློག (2882)