ལག་འཁྱེར་ཁ་པར་གྱི་ཞོར་སྐྱོན།

 ལག་འཁྱེར་ཁ་པར་གྱི་ཞོར་སྐྱོན་ལ་མཉམ་འཇོག་དགོས་པ།

རྩོམ་པ་བོ་མི་གསལ། 

   ཁྱོད་ལ་ཉིན་རེར་ཁ་པར་ག་ཚོད་ཅིག་འབྱོར་རམ། ཡང་ཁྱོད་ཀྱིས་ཉིན་རེར་དུས་ཡུན་ག་ཚོད་ཅིག་ལ་ལག་ཁྱེར་ཁ་པར་ཐོག་ནས་སྐད་ཆ་བཤད་ཀྱིན་ཡོད་དམ། ལག་ཁྱེར་ཁ་པར་གྱིས་ང་ཚོའི་འཚོ་བ་སྟབས་བདེ་རུ་བཏང་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད་མོད། འོན་ཀྱང་དེ་ལ་ཞོར་སྐྱོན་ཡང་མི་དམན་པ་ཞིག་ཡོད་པ་ཁྱོད་ཀྱིས་ཤེས་སམ།

      ལག་ཁྱེར་ཁ་པར་དང་། གློག་ཀླད། སྐུད་མེད་དྲ་བ་སོགས་འཕྲུལ་རིགས་མང་ཆེ་བ་འགྱེད་འཕྲོ་ཞེས་པའི་ནུས་པ་ཞིག་བཀོལ་གྱིན་ཡོད། ནུས་པ་དེ་ནི་སྐབས་རེར་འོད་ཟེར་གྱི་ངོ་བོར་ཡོད་ལ། སྐབས་གཞན་དུ་རླབས་དང་རྡུལ་གྱི་ངོ་བོར་ཡང་ཡོད། སྤྱིར་ན་འགྱེད་འཕྲོ་ནི་ཉི་མ་ལས་ཀྱང་འབྱུང་མོད། འོན་ཀྱང་ང་ཚོའི་རླུང་ཁམས་ཀྱིས་དེ་ལ་ཚོད་འཛིན་བྱས་ཡོད་པས་ལུས་སྟེང་དུ་ཕོག་དུས་གནོད་མི་ཐུབ།
      སྔོན་ཆད་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དམག་ཤུགས་དང་གོ་མཚོན་རྒྱ་བསྐྱེད་བྱས་པའི་སྐབས་སུ་རྡུལ་མཚོན་མང་པོ་བཟོ་བསྐྲུན་བྱས་པ་དང་། དེ་ལ་བརྟེན་ནས་མི་མང་པོར་ནད་གཞི་སྣ་ཚོགས་པ་བྱུང་ཡོད། དེ་ནི་རྡུལ་ཕྲན་མཚོན་ཆ་དེ་དག་ལས་བཟོ་བྱས་པའི་བརྒྱུད་རིམ་ཁྲོད་ནས་འགྱེད་འཕྲོ་ཕྱི་ལ་བཅར་བ་ལས་བྱུང་བ་རེད།
      འགྱེད་འཕྲོ་ཤུགས་ཆེར་ཕོག་ལ་བརྟེན་ནས་མིའི་ལུས་ཀྱི་ཕྲ་ཕུང་གི་སྐྱེ་གནས་འགག་གསུམ་གྱི་བྱ་བར་ཤུགས་རྐྱེན་སྤྲོད་ཀྱིན་ཡོད། མིའི་ལུས་ཀྱི་ཕྲ་ཕུང་ཟེར་བ་ནི་མི་ཞིག་གི་གཞི་རྩའི་གྲུབ་ཆ་དེ་ཡིན་ལ། ཉིན་རེར་ས་ཡ་སྟོང་ཕྲག་མང་པོ་སྐྱེ་ཤིང་ས་ཡ་སྟོང་ཕྲག་མང་པོ་འཇིག་འགྲོ་བཞིན་ཡོད།  ཕྲ་ཕུང་གི་སྐྱེ་འཇིག་དོ་སྙོམས་རྒྱུ་ནི་སྐྱེ་ལྡན་ཞིག་གི་གསོན་གནས་ཀྱི་ཆ་རྐྱེན་ཨང་དང་པོ་ཡིན།  སྐྲན་ནད་(cancer)ནི་ཕྲ་ཕུང་གི་སྐྱེ་འཇིག་དོ་མ་མཉམ་པ་ལས་བྱུང་བ་སྟེ། དེར་ཕྲ་ཕུང་གྱེས་འཕེལ་ཚད་ལས་བརྒལ་བ་བྱུང་བ་ཞིག་རེད།
      གང་ལྟར། འགྱེད་འཕྲོའི་ཤུགས་རྐྱེན་ངན་པས་མི་ལ་གནོད་པ་རིགས་གཉིས་ཐེབས་བཞིན་ཡོད། གཅིག་ནི་ཕྲ་ཕུང་ལ་གནོད་སྐྱོན་ཐེབས་ནས། མིའི་པགས་པ་དང་། འཇུ་བྱེད་མ་ལག  དབང་པོ་གཞན་བཅས་ལ་སྐྲན་ནད་བསྐྲུན་པ་དང་། གཉིས་པ་ནི་མིའི་ལུས་ཀྱི་རིགས་རྫས་ཀྱི་རྣམ་པར་གནོད་པ་ཐེབས་ནས་དེའི་མི་རབས་རྗེས་མའི་རྣམ་པ་དང་། དབང་པོའི་བྱེད་ལས་སོགས་ལ་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་དང་གནས་སྟངས་བསྐྲུན་པ་རེད།
      ལག་ཁྱེར་ཁ་པར་རྣ་གཡས་ཕྱོགས་སུ་གཏད་ནས་ཉན་པས་ན།  དེས་བསྐྱེད་པའི་འགྱེད་འཕྲོ་ཐད་ཀར་མིའི་ཀླད་པར་ཕོགས་བཞིན་ཡོད། དེ་བས། བྱིས་པ་དང་ལོ་ལོན་ཚོ་ལག་ཁྱེར་ཁ་པར་བཀོལ་ན་བདེ་འཇག་མིན་པ་མ་ཟད།  དར་མ་ཚོས་ཀྱང་གང་ཉུང་ཉུང་བེད་སྤྱོད་བྱེད་དགོས།
      ལག་ཁྱེར་ཁ་པར་དག་གིས་འགྱེད་འཕྲོ་འཕོ་གཏོང་བྱེད་ཚད་གཅིག་མཚུངས་མིན། གང་ལྟར། ཨ་རིའི་ནང་དུ་ལག་ཁྱེར་ཁ་པར་ཞིག་གིས་འགྱེད་འཕྲོ་1.6 W/kg ཙམ་གཏོང་གི་ཡོད་ན་ཚོང་འགྲེམས་བྱེད་ཆོག་པ་ལས། དེ་ལས་བརྒལ་ན་ཚོང་རར་འགྲེམས་ཚོང་བྱེད་མི་ཆོག ཚད་གཞི་དེ་ནི་འགྱེད་འཕྲོ་གཏོང་བའི་ཚད་གཞི་མཐོ་ཤོས་དེ་རེད། འོན་ཀྱང་། རྒྱལ་ཁབ་གཞན་དག་ཏུ་འདིའི་རིགས་ལ་གཏན་འབེབ་ཀྱི་སྒྲིག་གཞི་གང་ཡང་མེད་པར་མ་ཟད།  ལག་ཁྱེར་ཁ་པར་རྫུན་མ་དང་གོང་ཆུང་རིགས་ཀྱིས་འགྱེད་འཕྲོ་འཕོ་གཏོང་གི་ཚད་གཞི་འདིར་སྟངས་འཛིན་ཁྱོན་ནས་བྱེད་ཀྱིན་མེད་པས། འགྱེད་འཕྲོ་འཕོ་གཏོང་གི་ཚད་གཞི་མཐོན་པོ་ཡོད་པ་རེད།
      དེ་བས། རབ་བྱུང་ན་ལག་ཁྱེར་ཁ་པར་ཉུང་ཙམ་བཀོལ་རྒྱུ་དང་། དེ་མིན་རུང་སྐུད་ཡོད་ཉན་ཆས་བརྒྱུད་ནས་ཉན་ན་ལེགས་སོ། །
ཉན་ཆས་བཀོལ་དུས་ངེས་དགོས་པའི་ཤེས་བྱ།
      ད་ལྟའི་ཉན་ཆས་མང་ཆེ་བ་ཐད་ཀར་རྣ་བའི་བུ་གར་འཇུག་ཆོག་པའི་སྟབས་བདེ་ཆུང་ཆུང་ཤ་སྟག་ཡིན་པས། ཡུན་རིང་ཉན་ཆས་བཀོལ་ནས་གཞས་ཉན་མཁན་ཚོར་རྣ་བ་འོན་པའི་གནས་ཚུལ་མང་དུ་མངོན་གྱིན་ཡོད། ཉིན་རེར་དུས་ཡུན་ཆུ་ཚོད་གཅིག་ལས་མང་བར་ཉན་ཆས་རྣ་བར་བཅུག་ནས་སྡོད་མཁན་ཚོས་ངེས་པར་ཏུ་མཉམ་འཇོག་བྱེད་དགོས།
མི་གཞན་གྱི་ཉན་ཆས་བཀོལ་མི་རུང་།
      མིའི་རྣ་བའི་བུ་ག་ནི་ཡུན་རིང་གཙང་སྤྲ་མ་བྱས་པའི་ཁང་རྙིང་ལྟ་བུ་ཡིན། ད་དུང་མི་ཁ་ཤས་ཀྱིས་རྣ་བ་གཙང་མ་གཏན་ནས་མི་བཟོ་བས། དེ་ལྟའི་རྣ་བར་བཅུག་པའི་ཉན་ཆས་རང་གི་རྣ་བར་འཇུག་ན་དེ་ལས་ན་ཚ་འགོ་སྲིད་པ་ཡིན།
ཉན་ཆས་གཙང་མར་ཉར་དགོས།
      ནད་འབུ་མང་པོ་ཞིག་དྲོད་ཚད་རན་པའི་དངོས་པོར་འབྱར་ནས་སྡོད་པ་ཡིན་ལ། ཉན་ཆས་དེ་བཞིན་རྣ་བའི་བུ་གར་མ་བཅུག་པའི་སྔོན་ལ་ངེས་པར་གཙང་མ་བཟོ་དགོས།
རྣ་བ་གཙང་མ་བཟོ་དུས།

      རྣ་བའི་བུ་གར་ཡོད་པའི་སྤུ་རྣམས་ཀྱིས་ཕྱི་རོལ་ནས་ཡོང་བའི་རྡུལ་དང་། ནད་འབུ་སོགས་བཀག་འགོག་བྱེད་ཀྱིན་ཡོད་པས། རྣ་བ་གཙང་མ་བཟོ་དུས་སྤུ་རྣམས་མེད་པར་གཏོང་མི་རུང་།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ། 

རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-07-09 ལྟ་ཀློག (5999)