ཁྱུང་ལ་རི་རྒྱུད་ཉུལ་བའི་སེམས་ཚོར།

   ཁྱུང་ལ་རི་རྒྱུད་ཉུལ་བའི་སེམས་ཚོར།

           གཏུག་རིལ་དཀར། 

བཙན་པོའི་སྙིང་སྟོབས་མཚོན་པའི་གངས་དཀར་རྩེ། །

སྤྲིན་ལས་འཕགས་ཏེ་གཡུ་འབྲུག་རྐང་བ་ཐོགས། །

མེས་པོའི་ཞབས་རྗེས་འཐོར་བའི་རི་བོའི་རྐང་། །

ཆུ་སྣ་ཁྲི་མ་འབུམ་གྱི་གཙང་བོར་འཁྲུད། །


སྐད་དང་ཡི་གེ་དཔྱིད་ཀྱི་ཁ་བ་བཞིན། །

མཐོ་སར་འགོས་ནས་གཤོང་ལ་ཕྱི་མིག་འཕེན། །

ཆས་དང་ཆ་ལུགས་ཆུ་ནང་རྡོ་བ་ལྟར། །

ཨུ་ཚུགས་བྱས་ཏེ་ཐོག་མའི་རྣམ་པ་མངོན། །


དོག་མོ་འགག་གི་སྡོད་ཁང་རྙིང་ཧྲུལ་དང་། །

མཐོན་པོ་རི་རྩེའི་དར་ཅོག་ཟད་པོ་འགས། །

ཆེན་པོ་བོད་ཀྱི་རི་ཆུའི་མཐའ་མཚམས་དག།།

འདི་དང་དེ་ཞེས་ངོ་སྤྲོད་གནང་བ་འདྲ། །


རོང་ལ་སོང་ན་ཞིང་བའི་རིག་གནས་མོད། །

འབྲོག་ལ་བུད་ན་སྒོ་ཕྱུགས་དཀར་ནག་མང་། །

བཙན་པོའི་དམག་རྟའི་སྲོག་གིས་ཉོས་པའི་ཡུལ། །

ད་ལྟའི་ཆ་འདིར་འདྲི་རྟགས་མང་ཙམ་སྣང་། །


རིགས་དང་རུས་པ་གཅིག་པའི་རྒྱལ་མོ་རོང་། །

རི་དང་ནགས་ཀྱིས་ཕྱུག་པའི་ཚ་བའི་ཁུལ། །

ཞིབ་ཏུ་བལྟས་ཤིང་ཡང་ཡང་བསམ་པ་ན། །

རིགས་ཀྱི་ཞེན་པ་རུས་པའི་ཧ་ལ་འཐིམ། །


བན་བོན་གྲུབ་མཐའ་གཡུ་བྱུར་ཕྲེང་བའི་རྒྱན། །

བཙན་པོས་སྐྱེས་སུ་གནང་བའི་དམུ་རྡོའི་གནས། །

ད་ལྟ་རྒྱ་འཁྱམས་མང་ཙམ་འཚང་བ་འདིས། །

སྙིང་ལ་ལྕགས་ཀྱི་ཚེར་མས་བཀྲབ་པ་འདྲ། །


ཐང་དཀར་རྒོད་པོས་རྒྱ་བོད་རིག་གཞུང་གི །

དབྱེ་བའི་མཚམས་ཤིག་ཐིག་རིས་ཕབ་པ་དང་། །

གཅོང་རོང་ཟབ་མོར་དྲག་ཏུ་འབབ་པའི་ཆུས། །

ཚ་བ་རོང་གི་བདེ་སྡུག་འཆད་པར་མཚུངས། །


བདེན་པ་ཁྲི་ཡི་ལོ་རྒྱུས་བག་ལ་ཉལ། །

རྫུན་པ་སྟོང་གི་མགོ་དང་ལག་པ་སྲིང། །

སྙིང་ལ་མཛའ་བའི་གསེར་གྱི་ཞབས་རྗེས་དག།།

འདི་ལྟར་འབོར་ན་སྒང་བ་བོད་ལ་གྱོང་། །


ཆོས་དང་རིག་གཞུང་ནམ་མཁའི་སྐར་མའི་ཟླ། །

ཆས་དང་ཆ་ལུགས་དྲུག་པའི་མེ་ཏོག་བཞིན། །

དེ་སྔར་བསམ་ན་སྒང་བ་བོད་པ་ཚང་། །

འཛམ་གླིང་ལོ་རྒྱུས་ཁྲོད་ན་སྐལ་མེད་མིན། །


ཉིན་ཤས་རིང་ལ་ཕྱིན་པའི་འགྲུལ་བཞུད་པའི། །

ཁྱུང་ལ་རི་རྒྱུད་ཉུལ་བའི་སེམས་ཚོར་དེ། །

མཐོན་པོ་གངས་དང་དོག་མོ་འགག་བརྒྱུད་ན། །

ཁ་བ་ཅན་ཞེས་ཡང་ཡང་འབོད་སྙིང་འདོད། །

                    ༢༠༡༤/༤/༢༡


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། བན་ཤུལ་འཇམ་དབྱངས། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།     


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-07-08 ལྟ་ཀློག (2848)