རྒྱབ་རི་ལྟ་བུའི་ཁྱོད།

       རྒྱབ་རི་ལྟ་བུའི་ཁྱོད།
                  གཡུ་ཨ་གར།
ཤ་རུས་པས་འབྲེལ་བའི་གཉེན་ཉེ་མིན།།
སེམས་དམ་ཚིག་གཙང་བའི་དགེ་སློབ་མིན།།
གཅིག་གཅིག་ལ་འཁོན་ཞོར་འཐབ་ཞོར་དུ།།
དུས་དེ་རིང་ཤ་འདྲེས་བག་འདྲེས་ཡིན།།

སྡིག་མཉམ་དུ་མྱོང་བའི་སློབ་གྲོགས་མིན།།
སྐྱིད་རྩེ་ར་གཅིག་པའི་ན་ཟླ་མིན།།
གཏམ་ཀུ་རེས་ཁབ་གཙག་འབུག་གཙག་ངང་།།
སེམས་གློ་བ་ཉེ་མོ་ཉེ་མོ་ཡིན།།

ངའི་སྤྱོད་པ་རྩྭ་མགོ་རླུང་འདྲོགས་ཡིན།།
དོན་དེ་ལ་ཁྱོད་རང་ཞེ་ནས་ཁྲོ།།
གཏམ་དོན་རྩ་ཅན་གྱི་ཚིག་སྣེ་ནས།།
སེམས་ལུས་ཟུང་ལག་པའི་མཐིལ་ལ་བཅུག།

སྐབས་ལན་རེ་ཁྱོད་ལ་བདེན་ཁ་བྱིན།།
ཚོད་ཚོད་ལ་ཨུ་ཚུགས་འཁྲེགས་འཛིན་བྱས།།
མས་བུ་ལ་གནང་བའི་བསླབ་བྱ་བཞིན།།
ཁྱོས་ང་ལ་གནས་ལུགས་རྩལ་གྱིས་བསྟན།།

ཞེ་མ་སོང་རང་སྣང་མཐོན་པོའི་ངང་།།
ཚིག་ཡ་ལན་སྤྲད་པའི་རང་མཚང་བསྟན།།
ལག་ཧ་ཅང་མྱུར་བའི་ཐལ་ལྕགས་དེས།།
འགྲམ་གཡོན་པར་ཚ་ཐག་ཆོད་པོར་གཞུས།།

བློ་གནད་མོས་བསམ་གཞིག་མ་བྱས་ན།།
སེམས་གདུག་རྩུབ་ཅན་གྱི་མི་རྒོད་ཅིག།
ཞེ་ལྷོད་ལ་ཕབ་སྟེ་འདང་བརྒྱབས་ན།།
ཁྱེད་ཅི་འདྲའི་བདག་ལ་སྙིང་ཉེ་བ།།

དོན་མེད་པའི་ཐང་གི་མི་དེའི་ཆེད།།
ཐོབ་མེད་པར་ལུས་སེམས་སྡུག་ལ་སྦྱར།།
ངས་དེ་རིང་ཁྱོད་ལ་བཀའ་དྲིན་ཞུ།།
མི་ཁྱོད་ཀྱི་དྲིན་དེ་བརྗེད་མེད་ཡིན།།

སྤྱི་ལོ༢༠༡༥་༡་༡༤ཕྱི་དྲོར་བདག་ལ་ཤ་ཚ་སྙིང་ཉེ་ཧ་ཅང་ཟབ་པའི་གྲོགས་པོ་ཞིག་ལ་བཀའ་དྲིན་མཚོན་བྱེད་ལ་ཁ་སྐད་ཀྱི་ལམ་ནས་ཤར་མར་བྲིས་པ་ཡིན།

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-07-08 ལྟ་ཀློག (2632)