མཉམ་འཛོམས་ཀྱི་ང་ཚོ།

 མཉམ་འཛོམས་ཀྱི་ང་ཚོ།
ཆོས་སྒར་དགོན།     སྦྱིན་པ་རྒྱ་མཚོ།

 

ང་ཚོ་མཉམ་དུ་འཛོམས་པ།
འོད་སྣང་གི་ཆེད་དུ་ཡིན་ལ།
ཕུགས་འདུན་གྱི་དམ་བཅའ་འང་ཡིན་སྲིད།
གང་ལྟར་ང་ཚོ་ལམ་དུ་ཆས་དུས།
གསེར་མདོག་གི་རྨི་ལམ་ལ་ཇི་འདྲར་དུངས།
ཡིད་འོང་གི་མེ་ཏོག་ཇི་འདྲ་མང་།
རེད་ཡ།   མཛེས་སྡུག་གི་རྨི་ལམ་ནི།
བྱིས་དུས་ཀྱི་གནའ་གཏམ་ག་ལ་ཡིན།

ང་ཚོ་མཉམ་དུ་འཛོམས་པ།
ལས་དབང་གིས་བརྐོས་པའི་ཉིན་མོ་ཡིན།
འཛུམ་མདངས་དང་དགོད་སྒྲའི་ཁྲོད་དུ།
དུངས་སེམས་ཀྱི་སེམས་པ་ཕྱིར་མངོན་ཏེ།
བདེན་གཏམ་དང་གསང་བའི་བར་ནས།
མི་རིགས་འདིའི་བདེ་སྡུག་འཚོལ་ཆོག

གང་ལྟར་ང་ཚོ་ལམ་དུ་ཆས་དུས།
གདུག་རྩུབ་ཀྱིས་གདུང་བའི་ན་ཟུག་ཁྲོད།
རྔུལ་ཆུ་གྲངས་མེད་ཀྱིས་བསྐྲུན་པའི་བདེན་དཔང་ཡོད།
ཐེ་ཚོམ་དང་ཡི་མུག
སུན་སྣང་དང་ཨུ་ཚུགས་ཀྱི་སོ་ཁ་རྒོད་ཀྱང་།
སྙིང་སྟོབས་དང་དམ་བཅར་འགྱུར་བ་ཡེ་ནས་བྲལ།
གང་ལྟར་ང་ཚོ་ལམ་དུ་ཆས་དུས།
སྟོན་མཇུག་གི་འཛུམ་མདངས་ལ་འོད་སྣང་དབེན་ཡང་།
ངའི་བཅོས་མིན་གྱི་སེམས་གཏམ་སྙན་མོ།
སུ་ཞིག་ལ་གླེང་དགོས།
གང་ལྟར།    ངའི་བརྩེ་སེམས་དང་དྲན་གདུང་གི་ཀློང་ནས།

གླུ་ཆུང་ཞིག་གི་འགྱུར་ཁུགས་ངོམ་འགྲོ།


རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-07-08 ལྟ་ཀློག (2489)