ཨ་མའི་བདེ་ཐང་ནི་མིའི་རིགས་ཀྱི་མ་འོངས་པའི་བདེ་ཐང་ཡིན།

༄༅། །ཨ་མའི་བདེ་ཐང་ནི་མིའི་རིགས་ཀྱི་མ་འོངས་པའི་བདེ་ཐང་ཡིན།

རྩོམ་པ་པོ།   ཆོས་དཔལ་བཟང་བོ།

     ཨ་མའི་བདེ་ཐང་ནི་བུ་ཕྲུག་གི་བདེ་ཐང་ཡིན་ལ། བུ་ཕྲུག་གི་བདེ་ཐང་ནི་མིའི་རིགས་ཀྱི་མ་འོངས་པའི་བདེ་ཐང་དང་ཐད་ཀར་འབྲེལ་ནས་ཡོད་པ་ཞིག་ཡིན་པས། མོ་ནད་ལ་དོ་སྣང་བྱེད་པ་འདི་བུད་མེད་རྐྱང་བོའི་དོན་དག་ཅིག་ཡིན་མི་འོས་པར་མ་ཟད། བུད་མེད་བདེ་ཐང་ཡོང་མིན་དེ་སྐྱེས་པ་ཚོའི་འཕྲོད་བསྟེན་དང་བསམ་བློའི་གོ་རྟོགས། རིམས་འགོག་འདུ་ཤེས་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་ཅིང་ཡོད། དེས་ན། ཉེ་ཆར་ཚོགས་འདུ་ཁ་ཤས་ཀྱི་སྟེང་ང་ཚོས་བོད་ཁུལ་བུད་མེད་ཀྱི་འཕྲོད་བསྟེན་སྐོར་གླེང་མོལ་བྱས་ལ། གླེང་མོལ་དེ་དག་བརྒྱུད་ནས་མོ་ནད་ལ་རིགས་ག་ཚོད་ཡོད་པ་དང་། རིགས་རེ་རེ་བཞིན་སེལ་ཐབས་ཅི་འདྲ་ཡོད་པའི་སྐོར་བགྲོ་གླེང་མི་ཉུང་བ་ཞིག་བྱས་ཡོད་ལ། དྲྭ་རྒྱ་དང་ཞིབ་དཔྱོད་འདྲི་བྱང་སོགས་བརྒྱུད་ནས་འབྲེལ་ཡོད་ཀྱི་རྒྱུས་ལོན་ཀྱང་འོས་འཚམས་རེ་བྱས་རྗེས། སྨན་པ་དང་མི་ཆེན་འགར་བློ་དྲིས་པ་དང་། འབྲེལ་ཡོད་ཀྱི་ཡིག་ཆ་འགར་སློབ་སྦྱོང་བྱས་རྗེས་རྩོམ་ཡིག་འདི་མང་ཚོགས་ཀྱིས་གོ་སླ་ཉན་བདེ་བའི་ཚིག་གིས་ཡིག་ཐོག་ལ་བཀོད་པ་ཡིན།

    སྤྱིར་བོད་ཀྱི་གསོ་རིག་གི་ཡིག་ཆ་དག་ཏུ་བཤད་པའི་རྒྱུན་མཐོང་གི་མོ་ནད་ལ་རིགས་མང་པོ་ཡོད་དེ། དཔེར་ན། མོ་ནད་གཙོ་བོ་སུམ་བརྒྱ་རྩ་བཞི་དང་། ། ཕལ་བའི་ནད་བརྒྱད་བཞི་བཅུ་རྩ་གཉིས་འགྱུར། ། དེ་དག་བསྡུ་ན་ཁྲག་ཚབས་རླུང་ཚབས་གཉིས། །ཞེས་གཙོ་བོ་བསྡུ་ན་ཁྲག་ཚབས་དང་རླུང་ཚབས་གཉིས་སུ་འདུ་བར་བཤད་ལ། དེ་དག་གི་ནད་རྟགས་ལའང་། དཔེར་ན། རྟགས་ནི་ཁྲག་ཚབས་སྐེད་སོ་མན་ཆད་ཀྱི། །རུས་པ་འཁོལ་ན་རྒྱུ་ཞབས་ཚ་འབྲབ་ཞིང་། །རོ་རྒྱབ་མཆིན་དྲི་གཟེར་ལ་རྩ་རྣམས་ཚ། ། འཁྱུགས་ཤིང་མངལ་ཁྲག་འཛག་གམ་འཁྱིལ་རྣག་འབྱུང་། །རླུང་ཚབས་རྟགས་ནི་རུས་འཁོལ་སྙིང་མི་བདེ། ། མགོ་འཁོར་མགོ་ཡི་རུས་པ་གྲང་བསིལ་བྱེད། །ལུས་ཀུན་སྐྲང་ཞིང་ཤ་མདངས་བར་དུ་ན། །ཤ་རྣམས་གཡོ་ཞིང་སྦོ་ལ་སྦྲིད་པ་དང་། མིག་འགྲིབ་སྨྱོའམ་འབོག་གམ་བརྗེད་པ་དང་། ཆུ་སོ་རྒྱུ་ཞབས་ན་ཞིང་ཟ་ཁུར་འབབས། ། ཟླ་མཚན་མི་ཆོད་རྒྱུན་དུ་འབྱང་བར་བྱེད། ། ཅིས་བྲིས་འདུག་ཀྱང་། འདིར་སྤྱི་ཁོག་ཙམ་རིགས་བཀར་ནས་བཤད་ན་དྲུག་ཙམ་ཡོད་དེ། ཟླ་མཚན་དང་འབྲེལ་བའི་ནད་དང་། མཚན་མ་དང་འབྲེལ་བའི་ནད་དང་། ནུ་མ་དང་འབྲེལ་བའི་ནད་དང་། བུ་སྣོད་དང་འབྲེལ་བའི་ནད་དང་། ལུས་འབྲེལ་ནུས་པ་དང་འབྲེལ་བའི་ནད་དང་། བསམ་སེའུ་དང་འབྲེལ་བའི་ནད་སོགས་ཡོད་པར་བཤད་ལ། ནད་གཞི་དེ་དག་ཕལ་ཆེར་མདོར་བསྡུ་ན་གཤམ་དུ་བཀོད་པའི་བསྐྱེད་བྱེད་ཀྱི་གནད་དོན་དག་དང་དངོས་ཤུགས་བརྒྱུད་གསུམ་གྱིས་འབྲེལ་བ་ཡོད་པ་རྐྱང་རྐྱང་དུ་འདུག་པས། ང་ཚོས་ནད་གཞི་བསྐྱེད་བྱེད་ཀྱི་རྒྱུ་ལ་དབྱེ་ཞིབ་བྱས་པ་བརྒྱུད་བསྐྱེད་བྱའི་ནད་གཞི་སེལ་ཐབས་ཀྱི་སྐོར་ལ་ཁ་བརྡ་ཉུང་ཙམ་བྱའོ། །

དང་པོ། འཁྲིག་སྦྱོར་བྱེད་སྐབས་ཀྱི་གནད་དོན་སྐོར།

    དང་པོ། བོད་ཀྱི་སྐྱེས་པ་མང་པོ་ཞིག་གིས་འདོད་སྦྱོར་བྱེད་སྐབས་བརྩེ་སྦྱོར་སྔོན་འགྲོ་མེད་པ་སྟེ། གཏམ་སྙན་དང་ཆགས་གཏམ་ཀྱིས་བུད་མེད་ཀྱི་སེམས་པ་མི་འབྲིད་པ་དང་། སོར་མོས་འདུ་འགོད་ཀྱིས་བུད་མེད་ཀྱི་ལུས་ཀྱི་ཟ་ཡུལ་ལ་སྐུལ་སློང་མི་བྱེད་པ། ཕ་མ་དང་བུ་ཕྲུག་སོགས་མེད་པའི་ལྷིང་འཇགས་ཀྱི་གནས་མི་འདེམས་པ། སྒྲ་སྙན་མོ་དང་དྲི་ཞིམ་པོ་བྲོ་བའི་ཁོར་ཡུལ་བསྐྲུན་ཐབས་མི་བྱེད་པ་སོགས་ཀྱིས། བུད་མེད་ལ་འདོད་ཆུ་འབབ་པ་དང་། དབུགས་རྒྱུ་མྱུར་བ། རྩ་གནད་རྒྱས་པ་སོགས་ལུས་ཁམས་ཀྱིས་གྲ་སྒྲིག་འདང་བའི་རྟགས་མཚན་མ་བྱུང་སྔོན་ནས་རྟབ་རྟབ་པོར་ལས་ལ་ཞུགས་པ་ནི་བུད་མེད་ཀྱི་ལུས་སེམས་ལ་རྨ་ཁ་བཟོ་བའི་གནད་དོན་ཆེན་པོ་གཅིག་ཡིན་ཞིང་། ལྷག་པར་ཏུ་དང་པོའི་མེ་ཏོག་ལེན་དུས་ཀྱི་ན་ཆུང་ཞིག་ལ་མཚོན་ན་སྔོན་འགྲོའི་རོལ་རྩེད་ནི་ཅི་ནས་ཀྱང་སྣང་ཆུང་དུ་གཏོང་མི་རུང་བ་ཞིག་ཡིན་རུང་། བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ན་ཕལ་ཆེར་བཙན་ཐབས་ལྟ་བུས་ན་ཆུང་གི་མེ་ཏོག་འཕྲོག་བཞིན་ཡོད། ན་ཆུང་དག་ལོ་ན་ཆུང་དྲགས་པའམ། སྐྲག་པའམ་སྤོ་ལངས་བ། ཡང་ན་གྲ་སྒྲིག་འདང་ངེས་ཞིག་མེད་པའི་ཆ་རྐྱེན་འོག་མེ་ཏོག་བླངས་བ་ཡིན་ན། མ་འོངས་པར་འདོད་སྦྱོར་ཞེས་པ་དེ་བརྩེ་དུང་གི་སྦྱོར་བ་རྩོམ་པའི་ལག་ལེན་ཞིག་ཏུ་མི་སེམས་པར། ནམ་ཡང་འཇིགས་སྐྲག་དང་འཁོན་སེམས་ངང་བྱ་བ་གང་གི་མགོ་མཇུག་རྫོགས་སུ་འཇུག་སྲིད་པས། བུད་མེད་མང་པོ་ཞིག་ལ་མེ་ཏོག་ལེན་དུས་ནས་མོ་ནད་ཀྱི་རྨ་ཁ་བཞག་ཡོད་པ་རེད། གཉིས་པ། སྐྱེས་པ་དང་བུད་མེད་སུ་ཡིན་རུང་གང་བྱུང་དུ་ཨ་རོགས་མང་པོ་འཚོལ་བ་དང་། ནུབ་མ་རེར་ལུས་འབྲེལ་ཐེངས་མང་པོ་བྱེད་པ་དང་། ལྷག་པར་ཏུ་རྒྱ་གྲོང་སོགས་ནས་སྨད་འཚོང་མ་བསྟེན་པ་དང་། སྨད་འཚོང་མ་བསྟེན་སྐབས་ཀྱང་སྒོར་མོ་ལྷག་མ་བྱིན་ཏེ་སྲུང་ཤུབས་གྱོན་མི་དགོས་པའི་ཐབས་བྱེད་པ་དང་། གནས་མ་ཡིན་པ་དང་དུས་མ་ཡིན་པའི་བརྩེ་སྦྱོར་ལ་རོལ་བ་སྟེ། གནས་མ་ཡིན་པ་ཞེས་པ་ནི་ལྷ་རྟེན་དང་དགོན་པ་སོགས་ཀྱི་ནང་སྟེ་བུད་མེད་ཀྱི་སེམས་ལ་དེ་ལྟར་རུང་ངམ་སྙམ་པའི་དངངས་སྐྲག་ཡོད་པའི་གནས་དང་། ཕ་མ་དང་བུ་ཕྲུག་སོགས་ཀྱིས་ཐོས་ཨེ་འགྲོ་སྙམ་པའི་སེམས་ཁུར་དགོས་པའི་གནས་དང་། རླན་གཤེར་དང་ཁུག་འབུར་སོགས་ཟུག་གཟེར་དང་མི་བདེ་བའི་ཚོར་བ་བསྐྱེད་པའི་གནས་དང་། འཛེར་སྒྲ་དང་དྲི་ངན་བྲོ་བའི་གནས་སོགས་རིག་པ་ཕྱོགས་གཅིག་ཏུ་བསྒྲིམས་ཐབས་མེད་པའི་ཡུལ་སོགས་ནས་ལུས་འབྲེལ་བྱེད་པ་དེ་ཡིན་ཞིང་། དུས་མ་ཡིན་པ་ཞེས་པ་ནི་གོང་དུ་བརྗོད་ཟིན་པ་ལྟར་བུད་མེད་ཀྱིས་གྲ་སྒྲིག་གིས་འདང་མེད་པའི་དུས་དང་། བུད་མེད་ཀྱི་སེམས་ཁམས་དང་ལུས་ཁམས་བདེ་བོ་མེད་པའི་དུས་དང་། བུད་མེད་ཀྱི་ཟླ་མཚན་དང་ནད་གཞི་སོགས་སངས་དྲག་བྱས་མ་ཚར་བའི་དུས་དང་། བུད་མེད་ཀྱི་ཁོག་ཏུ་ཕྲུ་གུ་ཡོད་པའམ་ཕྲུ་གུ་སྐྱེས་ནས་ཡིན་རིང་པོ་མ་སོང་བའི་དུས་སོགས་ལ་འདོད་སྦྱོར་ལ་རོལ་བས་བསྐྱེད་པ་ཡིན། གསུམ་པ། བོད་ཀྱི་སྐྱེས་པ་དང་བུད་མེད་སུ་ཞིག་ཡིན་རུང་ནམ་རྒྱུན་གྱི་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་བྱེད་ཀྱིན་མེད། སྔོན་ཆད་ཀྱི་བོད་མི་ཚོས་རྡོ་ར་དང་ནགས་གསང་སོགས་ནས་མཚན་མ་ཉི་མར་ལྡེ་བའི་གོམས་སྲོལ་ཡོད་པར་བཤད་ལ། དེ་ལྟར་བྱས་ན་ལུས་པོ་བཀྲུ་བའི་གོ་སྐབས་མ་ཡོད་རུང་། མཚན་མའི་སྟེང་གི་དུག་སྲིན་མང་པོ་ཞིག་ཉི་འོད་དང་མཁའ་དབུགས་ཁྲོད་ཤི་འགྲོ་བས་ཕན་པ་ཆེན་པོ་ཡོད་པར་བཤད་མོད། དེང་སང་ནི་མི་ཚོགས་ཇེ་མང་དུ་སོང་ཡོད་པས་ཉི་མར་ལྡེ་བའི་གོ་སྐབས་མེད་ལ། མང་པོ་ཞིག་གིས་མཚན་མར་གཙང་སྦྲ་གཏན་ནས་མེད་པར་རྩྭ་རྡུལ་སྤུ་ཉག་དང་བཅས་པ་བུད་མེད་ཀྱི་ཁོག་ཏུ་འཇུག་བཞིན་ཡོད་ཕྱིན། བུད་མེད་མང་པོའི་མངལ་ལམ་དང་མངལ་སྐེ། བུ་སྣོད་སོགས་ཀྱི་ནད་མང་པོ་ཞིག་ནི་བུད་མེད་ཀྱིས་རང་ཉིད་ཀྱི་རང་ལུས་བདག་སྲུང་བྱ་མ་ཤེས་པར་ཐད་ཀར་འབྲེལ་བ་ཡོད་ཀྱང་། སྐྱེས་པས་རང་ལུས་བདག་གཅེས་མ་བྱས་པ་དང་ཡང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་པས། མོ་ནད་ལ་ལ་ཞིག་སྐྱེས་པ་ཚོས་བསམ་ཤེས་དང་སེམས་ཁུར་བྱ་ཐུབ་ནའང་གཡོལ་ཐབས་ཡོད་པ་མང་པོ་འདུག་གོ ། ཡིན་ནའང་། བོད་ཡུལ་ནས་ནམ་རྒྱུན་ལུས་པོ་བཀྲུ་བ་དེ་སྟབས་བདེ་མིན་ལ། ལུས་པོ་མ་བཀྲུས་པར་ཐད་ཀར་མཚན་མར་བདག་སྲུང་བྱ་ཟེར་ན་འཕྲོད་བསྟེན་མིན་པའི་ལག་པ་སོགས་ཀྱིས་མཚན་མའི་སྐེར་གཙང་སྦྲ་བྱེད་སྐབས་ནད་ངན་གཞན་བསྐྱེད་པའི་ཉེན་ཁའང་ཡོད་པས། དེ་བས་ནམ་རྒྱུནབརྩེ་སྦྱོར་སྤེལ་སྐབས་སྒྲེའུའམ་སྲུང་ཤུབས་སྤྱོད་པ་དེ་ཤིན་ཏུ་གལ་ཆེན་ཡིན་ཏེ། དེ་ཕོ་མཚན་གྱི་སྟེང་དུ་གྱོན་ན་ཁུ་བ་ནང་འཇུག་གི་གོ་སྐབས་འཕྲོག་པས་མངལ་འགོག་གི་ནུས་པ་ལྡན་ཞིང་། མོ་མཚན་ལ་ཐད་ཀར་རེག་ཐུག་མི་བྱ་བས་རིམས་ནད་ཀྱང་མང་པོ་ཞིག་སྔོན་འགོག་བྱ་ཐུབ། དེར་བརྟེན། རང་ལུས་བདག་གཅེས་བྱེད་པ་དང་། ཁྱིམ་ཚང་དང་རང་གི་དགའ་ཟླའི་བདེ་ཐང་གི་ཆེད་དང་། གྲ་སྒྲིག་མེད་པའི་ཕྲུ་གུ་དང་ཐང་བུ་སོགས་ཆགས་པ་སྔོན་འགོག་བྱ་བའི་ཆེད་དུ་སྲུང་ཤུབས་གྱོན་པའི་གོམས་སྲོལ་ལོབས་སུ་འཇུག་དགོས་ལ། གཞན་ལ་དེའི་སྐོར་གྱི་བག་ཆགས་འཇོག་ཅི་ཐུབ་བྱེད་པ་ནི་ཁྱིམ་ཚང་དང་སྤྱི་ཚོགས་ལ་འགན་འཁྲིའི་བསམ་བློ་ཡོད་མཁན་ཞིག་གི་བླང་བྱ་དང་། ད་ལྟ་བོད་ཁུལ་ནས་ཨ་ཛིའི་ནད་ངན་སྔོན་འགོག་བྱེད་པར་མ་ཡོད་ཐུ་མེད་ཀྱི་ཐབས་ལམ་ཞིག་ཀྱང་ཡིན་ནོ། །

གཉིས་པ། ཟླ་མཚན་འབབ་དུས་ཀྱི་གནད་དོན་སྐོར།

     ཟླ་མཚན་འབབ་དུས་རྒྱུ་ཞབས་དང་སྐེད་པ་ན་བ་དང་། མགོ་ཡུ་འཁོར་བ། སྐྱུག་མེར་ལངས་བ། སྐྱེས་པ་འདོད་པ་སོགས་ཀྱི་རྟགས་ཡོད། དེ་དག་ནི་ཟླ་མཚན་འབབ་དུས་ཀྱི་རྒྱུན་ལྡན་གྱི་རྟགས་ཡིན་པས། ཕལ་ཆེར་ནད་ཤུགས་ཆེན་པོ་མེད་ལ་སྨན་པར་སྟོན་དགོས་དོན་ཡང་མེད་རུང་། བོད་ཀྱི་བུད་མེད་ལ་ལས་སྨན་པར་ཟླ་མཚན་འབབ་བཞིན་པའི་གནས་ཚུལ་གསང་ནས། ནད་རྟགས་དེ་དག་ཐ་དད་དུ་ཡོད་པའི་ཟོལ་གྱིས་འབྲེལ་ཡོད་ཀྱི་སྨན་འཐུང་བཞིན་འདུག དེ་ནི་ཤིན་ཏུ་མི་འོས་པ་ཞིག་ཡིན་ནོ། ། གཞན་ཁོག་པའི་ཕྱི་ནང་གང་གི་ནད་ཡིན་རུང་། སྨན་པར་སྟོན་སྐབས་དང་སྨན་ལེན་སྐབས། ངེས་པར་ཏུ་སྨན་པར་ཟླ་མཚན་འབབ་སྐབས་འཐུང་རུང་མིན་འདྲི་རྩད་གཅོད་ཡག་བྱ་དགོས་ལ། སྨན་པས་ཟླ་མཚན་འབབ་སྐབས་འཐུང་མི་རུང་ཞེས་བཤད་སྐབས་ངེས་པར་ཏུ་སྨན་པའི་ངག་བཞིན་ཉན་དགོས་པ་ལས་རང་ཉིད་ཀྱིས་ཕོ་རྒོད་བློ་རྒོད་བྱ་མི་རུང་ལ། ཟླ་མཚན་འབབ་སྐབས་ནུས་ཤུགས་ཆེན་པོ་བཀོལ་དགོས་པའི་ལས་ཀ་བསྒྲུབ་པ་དང་། བརླན་གཤེར་དང་གྲང་ལྷགས་ཆེ་བའི་ས་ནས་འདུག་མི་རུང་། དུས་རྒྱུན་དུ་གྱོན་གོས་དྲོན་པོ་གྱོན་དགོས་ལ། ཆུ་འཁྱགས་སོགས་ཀྱིས་ལུས་པོ་བཀྲུ་མི་རུང་། ད་དུང་ཤེས་དགོས་པ་ཞིག་ལ། ཟླ་མཚན་འབབ་སྐབས་བུད་མེད་ཀྱི་ཟས་བཅུད་དང་གཉིད་སོགས་ཀྱིས་འདང་དགོས་ཀྱི་ཡོད་ལ། གོང་དུ་བཤད་པ་བཞིན་ཟླ་མཚན་འབབ་དུས་སྐྱེས་པ་འདོད་པ་སྟེ་ཆགས་པ་ལངས་སྲིད་རུང་། དེའི་སྐབས་སུ་ཆགས་པ་སྤྱོད་ན་ནི་བུད་མེད་དང་སྐྱེས་པ་གཉིས་པོའི་ལུས་ཁམས་ལ་གནོད་པ་ཡོད་ཅིང་། ལྷག་པར་ཏུ་བུད་མེད་ཀྱི་ལུས་ཁམས་ལ་ཤིན་ཏུ་མི་བཟང་བས་ངེས་པར་ཏུ་དོགས་འཛེམ་ཡོད་པ་གལ་ཆེ། གལ་ཏེ་གོང་དག་ལ་སེམས་ཆུང་མ་བྱས་ན་སྐྱེ་ལམ་གཉན་ཚད་དང་། མངལ་སྐེ་འབྲུམ་རྡོལ། བུ་སྣོད་གཉན་ཚད། བསམ་སེའུ་གཉན་ཚད་དང་། ཡང་ན། རྒྱུ་ཞབས་གཉན་ཚད་སོགས་འབྱུང་ཉེན་ཡོད་ཅེས་སྨན་ཡིག་ཏུ་བྲིས་འདུག

     སྔོན་ཆད་ཡིན་ན་ལུག་བལ་མཆིང་ཐོ་དང་ཕྱིང་བ་ཆུང་ཆུང་སོགས་ཀྱིས་གཙང་རས་ཀྱི་ཚབ་བྱས་ཡོད་ལ། དེ་དག་གཙང་སྦྲ་ལེགས་པོ་བྱ་བ་སྟེ། ནམ་རྒྱུན་བརྗེ་བྱེད་གསུམ་བཞི་རེ་གྲ་སྒྲིག་ཡོད་པ་དང་། བེད་སྤྱད་བྱས་ཟིན་པའི་གཙང་རས་དག་ཡག་པོར་བཀྲུས་ནས་ཉི་མ་དང་རླུང་ཁར་ལེགས་པོར་སྐེམ་པ་སོགས་བྱས་ན་ལྟོས་བཅས་ཀྱིས་བུད་མེད་ཀྱི་བདེ་ཐང་ལ་བཟང་བར་བཤད་རུང་། ད་ལྟ་ནི་དེའི་སྲོལ་རྒྱུན་དོར་ནས་རས་འཇོག་པ་སོགས་བྱེད་བཞིན་འདུག རས་ཟེར་བ་དེ་ཕལ་ཆེར་གཞན་གྱིས་མི་གོ་བའི་ཆེད་དུ་སྤྱི་མིང་ཙམ་བཏགས་པ་འདྲ། ཡིན་ནའང་བཟའ་ཚང་བར་གོ་བརྡ་ལེགས་པོ་འཕྲོད་ཀྱིན་ཡོད་ལ། རས་དེ་གཙང་བཀྲུ་བྱས་རྗེས་ཉི་མར་བསྐམས་ནས་རྗེས་སུ་ཡང་བསྐྱར་བེད་སྤྱོད་བྱ་བའི་གོམས་གཤིས་ཡོད་མོད། ཁྱིམ་དུ་འགྲུལ་བ་ཇེ་མང་དང་ཤར་ནུབ་གང་ནས་འབུད་པ་མི་ཤེས་པའི་ལམ་འགྲོ་བ་མང་པོའང་ཡོད་པས། བུད་མེད་མང་པོ་ཞིག་གིས་ཕ་མ་དང་མིང་པོ། ཁྱིམ་མཚེས་དང་མགྲོན་པོ་སོགས་ཀྱིས་མཐོང་དོགས་ནས་གསང་རས་སྦྲ་མཐའི་ཁ་འོག་ཏུ་བསིལ་སྐེམ་བྱ་བཞིན་འདུག དེས་དུག་སེལ་བྱ་ཐབས་མེད་ལ། ལྷག་པར་ཏུ་དབྱར་ཁ་སོགས་ཡིན་ན་དུག་སྲིན་དེ་ལས་མང་བ་ཞིག་གསང་རས་ཀྱི་ངོས་སུ་འབྱར་འགྲོ་བའི་ཉེན་ཁ་ཡོད་པས་ཅིས་ཀྱང་དོགས་ཟོན་བྱ་དགོས། གཞན་ཀན་ལྷོའི་ས་ཆ་ཁ་ཤས་ན་ད་དུང་ང་ཚོས་ཁ་ལག་ཕྱི་བྱེད་དུ་བེད་སྤྱོད་པའི་གཙང་ཤོག་བེད་སྤྱོད་གཏོང་བཞིན་ཡོད་པར་བཤད། གཙང་ཤོག་ལ་རིགས་མང་པོ་ཡོད་པས་ངེས་པར་ཏུ་དབྱེ་བ་འབྱེད་ཤེས་དགོས། བོད་ཁུལ་དུ་བཙོང་བཞིན་པའི་གཙང་ཤོག་མང་པོ་ཞིག་ནི་འཕྲོད་བསྟེན་ཚད་ཐིག་ཏུ་སླེབས་མེད་པ་ཤ་སྟག་ཏུ་འདུག་པས་ཅིས་ཀྱང་རྒྱུ་སྤུས་དང་དུས་ཚོད། མིང་རྟགས་སོགས་ལ་དོ་སྣང་བྱ་དགོས་ཤིང་། གཙང་ཤོག་ལ་ལ་ཞིག་གི་ནང་དུ་འོད་འགྱེད་རྫས་དང་ཁུ་དཀར་བྱེ་མ་སོགས་བསྲེས་ནས་དཀར་བསྒྱུར་བྱས་ཡོད་པས་དེས་འབྲས་སྐྲན་བསྐྱེད་ལ། རྨ་ཁ་དང་ཁྲག་གཤེར་འབྱིན་པའི་མཚན་མའི་ཁ་སོགས་གཙང་སྦྲ་བྱས་ན་ཕན་པ་ལས་གནོད་པ་ཡོད་སྲིད་ཅེས་དང་། འཕྲོད་བསྟེན་ཚད་ཐིག་ཏུ་སླེབས་མེད་པའི་གཙང་རས་དང་གཙང་ཤོག་སོགས་བེད་སྤྱད་པ་ལས་ལྡབ་འགྱུར་གྱིས་གཙང་བཀྲུ་བྱས་ཡོད་པའི་རང་བཞིན་གྱི་རས་ལེབ་ཅིག་བེད་སྤྱད་པ་དགའ་ཞེས་ཆེད་ལས་སྨན་པས་གསུངས། ཡུན་ནན་བདེ་ཆེན་ནས་ཡིན་པའི་གྲོགས་པོ་ཞིག་གིས་སྔོན་ཆད་ཁོང་ཚོའི་ཕ་ཡུལ་ནས་སྡོང་བལ་བེད་སྤྱོད་བྱ་བའི་གོམས་སྲོལ་ཡོད་པ་དང་། སྡོང་བལ་གྱི་ནང་ནད་དུག་འགོག་པའི་རྫས་ཀྱང་ཡོད་པས་དེ་ལུས་པོར་བཟང་པོ་ཡོད་པར་བཤད་རུང་། དེང་སང་ནི་དེ་དག་བེད་སྤྱོད་བྱ་བཞིན་མེད་པ་འདྲ་ལ། ས་ཆ་ལ་ལར་རས་ཁུག་ཅིག་གི་ནང་དུ་ཨོང་བ་སྐམ་པོ་ཞིབ་ཞིབ་བྱས་ནས་བླུགས་ཤིང་དེ་འོག་ཏུ་འདོགས་སྲོལ་ཡོད་པར་བཤད་ལ། ཚོད་དཔག་བྱས་ན་ཟླ་མཚན་གྱིས་རློན་པ་བྱས་པའི་ཨོང་བ་ལས་ནད་དུག་གཞན་དྲངས་ཡོང་ངམ་སྙམ་པའི་དོགས་པ་ཟ་ཡུལ་ཞིག་ཏུ་འདུག་རུང་། དེང་སང་དེ་དག་བེད་སྤྱོད་མཁན་ཡང་མེད་པར་བཤད་པས་དེའི་སྐོར་གྱི་ཞོར་སྐྱོན་སོགས་ལ་རྒྱུས་ལོན་མ་བྱས། སྤྱིའི་ཆ་ནས་དེང་སང་གཙང་རས་སོགས་ཀྱིས་སྔོན་གྱི་ཁྲག་གཅོད་ཀྱི་བྱེད་ཐབས་མང་པོ་ཞིག་གི་ཚབ་བྱས་ཡོད་རུང་། བོད་འབྲོག་ཁུལ་གྱི་བུད་མེད་མང་པོ་ཞིག་གིས་གཙང་རས་སྤྱོད་པ་དེའང་སྟབས་བདེ་བོ་མ་རེད་ཅེས་གསུངས་ཀྱིན་འདུག རྒྱུ་མཚན་ནི་གཙང་རས་སྤྱད་རྗེས་གཙང་བཀྲུ་བྱ་རྒྱུ་མིན་པར། ཐད་ཀར་གད་སྙིགས་སུ་འཕེན་པས། འབྲོག་ཕྱོགས་ཀྱི་གང་བྱུང་དུ་གློད་ཡོད་པའི་ལ་ཁྱི་དང་ཧ་པ་སོགས་ཀྱིས་ཁྲག་དྲི་བྲོ་བའི་གཙང་རས་གད་སྙིགས་ནས་སློག་ཏེ་ཁྱིམ་མིའི་ཟ་མ་ཟ་བའི་གོ་ཁར་ཁྱེར་ནས་ཁ་སྐྱེངས་བར་བྱེད་ཀྱིན་འདུག་ཅེས་དོགས་མི་བདེ་བའི་གནས་ཚུལ་མང་པོ་བཤད་རྒྱུ་འདུག དེ་ནི་སྐྱེས་པ་ཚོས་བསམ་བློ་གཏོང་དགོས་པ་ཞིག་ཏུ་འདུག་ལ། ཁོང་ཚོས་དོང་རྐོ་བའམ། ཡང་ན། ཆེད་དམིགས་ཀྱི་སྙིགས་སྒམ་སོགས་བཟོས་ནས་དེའི་ཁ་གང་རྗེས་རྫོང་རིམ་པའི་གད་སྙིགས་འདོར་ལེན་ས་ཚིགས་སུ་འཕེན་པ་ལས། གང་བྱུང་དུ་འཕང་ན་ཁྲག་དང་བསྡོངས་པའི་གཙང་རས་དེ་ཁྱིས་ཟས་ན་ཁོག་པའི་ནང་ཞི་མ་ཐུབ་པར་འཆི་བཞིན་འདུག་ལ། རྩྭ་ཐང་ནས་ལོ་མང་པོའི་རིང་ཞིག་རལ་བྱ་མི་ཐུབ་པར་རྩྭ་སར་གནོད་པ་ཆེན་པོ་ཡོད་ཅིང་། ཡུལ་སྐོར་མཛེས་ལྗོངས་ཀྱི་བཀོད་པར་ཡང་ལྷག་ཏུ་མི་སྡུག་པ་ཞིག་ཏུ་འདུག་གོ །

གསུམ་པ། འཚོ་བའི་གོམས་གཤིས་ཀྱི་གནད་དོན་སྐོར།

    བོད་འབྲོག་ཁུལ་གྱི་ས་ཆ་མང་པོ་ཞིག་ནས་ནུ་མ་ནི་གསང་སྦས་བྱ་དགོས་པ་ཞིག་ཅི་ཡང་མ་ཡིན་པས། ནམ་རྒྱུན་ནུ་ཤུབས་མི་གྱོན་པའམ། གྱོན་རུང་ཚོང་ར་ནས་ནུ་ཤུབས་རྟགས་མ་མེད་པའམ། རྟགས་མ་རྫུན་པ་ཅན་སོགས་ཉོས་ནས་གྱོན་པ། གྱོན་པའི་སྐབས་སུའང་དུས་ཡུན་རིང་པོར་གྱོན་ནས་སྡོད་པ་དང་། འཕུད་ཚེ་ནུ་མར་དཀུ་མཉེད་སོགས་མེད་པ་ཡིས་ནུ་མའི་འབྲས་ནད་སོགས་ནུ་མའི་ནད་མང་པོ་བསྐྱེད་བཞིན་ཡོད་པར་བཤད་ལ། དུས་རྒྱུན་ལུས་པོ་བཀྲུ་བ་སོགས་གཙང་སྦྲ་དང་འཕྲོད་བསྟེན་ལ་དོ་སྣང་མི་བྱེད། སྤྱིར་ལུས་པོ་བཀྲུ་ཟེར་ན་བོད་ཁུལ་ན་ཆ་རྐྱེན་གྱིས་མི་འདང་བ་མང་པོ་ཞིག་ཡོད་རུང་། ནམ་རྒྱུན་ཁ་ལག་གཙང་མ་མི་བཀྲུ་བ་དང་མཚན་མའི་འཕྲོད་བསྟེན་ལ་དོ་སྣང་མི་བྱེད་པ། ནང་འཇམ་གསར་བ་གྱོན་སྐབས་དང་པོ་གཙང་བཀྲུ་བྱ་དགོས་རུང་དེར་དོ་སྣང་བྱ་བཞིན་མེད་ལ། ནམ་རྒྱུན་ནང་འཇམ་རྙིང་བ་དང་ཚི་དྲག་ཅན་དག་གཙང་བཀྲུ་བྱ་བར་དོ་སྣང་མི་བྱེད་པ། བརྒྱ་ལ་གཙང་བཀྲུ་བྱས་རུང་། ཆེད་དམིགས་ཀྱི་འདག་ཆལ་ཉོ་མི་ཤེས་པ། མི་མང་པོའི་གོན་པ་དང་མཉམ་དུ་བཀྲུ་བའམ། ལྷག་པར་རྐང་འབོབ་བམ་རྐང་ཤུབས་དང་ལྷམ་རྩ་སོགས་དང་མཉམ་དུ་བཀྲུ་བ། མོ་ནད་ན་བའི་སྔ་རྟགས་བྱུང་རུང་། དེར་སྣང་འཇོག་མི་བྱེད་པས་ནད་ཡོད་མེད་མི་ཤེས་པ། གལ་ཏེ་ཤེས་པའི་དབང་དུ་བཏང་རུང་། མོ་ནད་སྨན་པར་སྟོན་པ་དེ་ངོ་ཚ་ཞིག་ཏུ་བརྩི་བ་དང་། མི་ཁོམ་པ་དང་མོ་མི་བཟང་བ། ས་ཐག་རིང་བ། རྒྱ་སྐད་མི་ཤེས་པ་སོགས་ལ་ཁ་གཡར་དེ་ཨ་འགོར་ཡང་འགོར་གྱིས་ཕྱིར་འགྱང་བྱེད་པ། བརྒྱ་ལ་སྨན་ཁང་དུ་ཕྱིན་རུང་། སྨན་རིལ་བུ་རེ་ཟུང་ངམ་ཁབ་ཐེངས་མ་གཅིག་གཉིས་ཙམ་གྱིས་དྲག་འགྲོ་བར་བསམ་ནས་ནད་རྔ་གཙང་གཅོད་མི་བྱེད་པ། ཐེངས་འདིར་གཙང་གཅོད་བྱས་རུང་། འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་མ་བཏང་བས་སྔོན་འགོག་མ་ཐུབ་ཕྱིན་ཡང་བསྐྱར་ནད་རྔ་འཕར་བའམ་ནད་གསར་འགོས་ནས་ལོ་རེའི་ཡོང་འབབ་ཕལ་ཆེར་ཕྱིར་ལོའི་སྨན་དཔྱད་ཀྱི་གླ་ཆ་རུ་འགྱུར་བཞིན་ཡོད། གཞན་མོ་ནད་ཀྱིས་ན་བ་དེ་ངོ་ཚ་ཞིག་ཡིན་པའི་འདུ་ཤེས་འཛིན་པ་དེས་མོ་ནད་རིགས་མང་པོ་ཞིག་དུས་ལྟར་ཏུ་སྨན་དཔྱད་བྱ་མ་ཐུབ་པས་མཐར་འབྲས་འགྱུར་གྱིས་ཚེ་སྲོག་འཕྲོག་སོང་བ་མང་པོ་ཡོད། དོན་དུ་མོ་ནད་བྱུང་བ་དེ་ངོ་ཚ་དགོས་པ་ཞིག་མིན་ལ། མོ་ནད་སྨན་པར་སྟོན་པ་ནི་དེ་ལས་ཀྱང་ངོ་ཚ་དགོས་པ་ཞིག་མ་ཡིན་རུང་། བོད་ཁུལ་གྱི་བུད་མེད་ལ་ལ་ཞིག་ངོ་ཚ་མི་དགོས་པ་ཞིག་ལ་ངོ་ཚ་ཁུལ་བྱས་ནས་ནད་ཡོད་བཞིན་དུ་སྨན་པར་མི་སྟོན་པར། མཐར་ནད་ཀྱི་དུས་མཇུག་ཏུ་སླེབས་སྐབས་མྱུར་སྐྱོབས་ཀྱང་བྱ་ཁོམ་མ་ཡོད་པར་ཤི་སོང་བ་མང་པོ་འདུག་ལ། ཁྱིམ་ཚང་ལ་ལ་ཞིག་གི་ལོ་རེའི་ཡོང་འབབ་ལས་བརྒྱ་ཆ་མང་པོ་ཞིག་ཁྱིམ་གྱི་ཆུང་མའི་མོ་ནད་ཀྱི་སྨན་ཡོན་དུ་བཏང་ནས་གཟད་ཀྱིན་ཡོད། དེ་དག་ཚང་མ་ངོ་ཚ་ཁུལ་གྱིས་སྨན་བཅོས་བྱ་བའི་གོ་སྐབས་ཡག་ཤོས་འགོར་འགྱང་དུ་བཏང་བས་ལན་པ་ཡིན་ཞིང་། ད་དུང་བོད་ཁུལ་ན་འཕྲོད་བསྟེན་སློབ་གསོ་མེད་ལ། བརྩེ་འབྲེལ་སློབ་གསོ་ནི་དེ་ལས་ཀྱང་མེད། དེ་བས་དེའི་སྐོར་གྱི་ཚོགས་པ་རེ་འཛུགས་པའམ། འབྲེལ་ཡོད་ཀྱི་སྨན་ཁང་རེ་ཕྱེ་ནས་རིན་མེད་ཀྱིས་འཕྲོད་བསྟེན་སློབ་གསོ་སྤེལ་བ་དང་། རིན་མེད་ཀྱི་སྲུང་ཤུབས་སོགས་འགྱེད་པ་ནི་ཁ་ཡོད་ལག་ཡོད་ཀྱི་དགེ་ལས་གལ་ཆེན་རེ་ཡིན་པར་བསམ་ཡོད།

བཞི་པ། ཕྲུ་གུ་སྐྱེས་སྐབས་ཀྱི་གནད་དོན་སྐོར།

      སྤྱིར་སྦྲུམ་འགོག་བྱེད་པ་དེ་མོ་ནད་རིགས་མང་པོ་ཞིག་མི་འབྱུང་བའི་ཆེད་དུ་ཡིན་དགོས་ལ། སྨན་ཆས་ཀྱི་ཆ་རྐྱེན་བཟང་པོ་ཡོད་པ་དང་། སྨན་པའི་ལག་རྩལ་བཟང་བོ་ཡོད་པ། སྨན་པའི་ངག་བཀོད་བཞིན་ནད་པར་བདག་སྐྱོང་ལེགས་པོ་བྱས་ཡོད་པ་ཞིག་ཡིན་ན་དེ་ལྟར་ཡིན་ཆོག་མོད། བོད་ཁུལ་ན་མོ་ནད་འགོག་པའི་ལག་ལེན་དག་ཀྱང་མོ་ནད་བསྐྱེད་བྱེད་ཀྱི་རྒྱུ་རུ་འགྱུར་བཞིན་འདུག་སྟེ། སྦྲུམ་འགོག་སྨན་དང་སྦྲུམ་འགོག་ཁབ་རྒྱག་པའི་ཞོར་སྐྱོན། སྦྲུམ་འགོག་ཨ་ལོང་འཇོག་པའམ་སྦྲུམ་འགོག་སྦུ་གུ་ལྤགས་གསང་དུ་སྦས་པ། ཡང་ན་སྦྲུམ་འགོག་གཤེག་བཅོས་སོགས་ཀྱི་གོ་རིམ་ཁྲོད་སྨན་པའི་ངག་བཞིན་མ་ཉན་པར་ཟླ་གཉིས་མ་འགོར་གོང་ནས་ལུས་འབྲེལ་བྱས་པའམ། རྟ་ཞོན་པའམ། ལས་ཀ་ལྗིད་པོ་ལས་པ་སོགས་འཕྲོད་བསྟེན་ལ་དོགས་ཟོན་མ་བྱས་པའམ། ཕྲུ་གུ་སྔ་ཤོར་དང་ཕྲུ་གུ་གཞུབ་ལེན་བྱེད་གྲངས་མང་བ། གཞན་ཕྲུ་གུ་ཆགས་པ་དང་། འཕེལ་བ། བཙའ་བ་སོགས་ཀྱི་སྐབས་དོ་སྣང་བྱ་མ་ཐུབ་པ་དང་བཙས་རྗེས་ཟས་སྤྱོད་དང་འཕྲོད་བསྟེན་སོགས་ཀྱིས་མ་འདང་བས་ལུས་པོའི་སྟོབས་དང་རིམས་འགོག་ནུས་པ་ཇེ་ཞན་དུ་འགྱུར་བ་ལས་བསྐྱེད་པའི་མོ་ནད་སོགས་ཡོད། ཕྲུ་གུ་བཙས་རྗེས་བུད་མེད་ཀྱི་ཕྱི་ནང་གསང་གསུམ་གྱི་རྨ་ཁ་སངས་དྲག་མ་བྱས་པར་ལུས་འབྲེལ་བྱ་མི་རུང་ལ། དེ་སངས་དྲག་བྱ་བར་ཟླ་བ་གཉིས་ཙམ་དགོས་ཀྱི་ཡོད། འདིར་གསང་བའི་རྨ་ཁ་ཟེར་བ་ནི་སེམས་ཀྱི་འཇིགས་སྐྲག་ལ་ཟེར་གྱིན་ཡོད། སྤྱིར་བུད་མེད་སུ་ཞིག་ཡིན་རུང་ཕྲུ་གུ་སྐྱེ་སྐབས་ལུས་ཀྱི་རྨ་ཁ་གཡོལ་ཐབས་མེད་རུང་། མང་པོ་ཞིག་ལ་མཚོན་ན་ཕྲུ་གུ་སྐྱེས་པ་འདི་བདེ་སྐྱིད་ཅིག་ཡིན་པ་ལས་སེམས་ཀྱི་རྨ་ཁ་བཟོ་བའི་སྡུག་བསྔལ་ཞིག་མིན་རུང་། སྐྱེས་རྗེས་ཀྱི་ལུས་འབྲེལ་དང་པོའི་སྐབས་བུད་མེད་ཕལ་ཆེར་ཞིག་ལ་དངངས་སྐྲག་ཅུང་ཙམ་རེ་མེད་པ་མེད་པས་སྐྱེས་པ་བསམ་ཤེས་ཤིག་ཡིན་ན་ཅིས་ཀྱང་རང་ཉིད་ཀྱི་ཆུང་མ་སེམས་ཀྱིས་སྐྱོང་ཤེས་བྱ་དགོས། གཞན་ས་ཁུལ་ལ་ལར་ཕོ་མཆོག་མོ་དམན་གྱི་ལྟ་བའི་རྫོང་མཐུག་པས་བུ་ཞིག་སྐྱེས་འདོད་ནས་བྱིས་པ་མང་པོ་མཚམས་མི་ཆད་པར་སྐྱེ་རུ་འཇུག་པ་སོགས་ཀྱིས་བུད་མེད་མང་པོའི་རིམས་འགོག་མ་ལག་ཕར་ཆེར་གཏོར་བཤིག་བྱས་ཟིན་པས།  བསུབ་ཐབས་དཀའ་བའི་རྨ་ཁ་རབ་དང་རིམ་པ་མང་པོ་བཟོས་ཡོད་པ་སོགས་ལ་སྐྱེས་པ་ཚོར་གཡོལ་ཐབས་མེད་པའི་འགན་འཁྲི་ཡོད་པས། རང་གི་བཟའ་ཟླ་དང་བུ་རབས་ཚ་རྒྱུད་ཀྱི་བདེ་ཐང་ལ་བསམ་ནས་ཅིས་ཀྱང་ཕྲུ་གུ་ཉུང་སྐྱེས་དང་ལེགས་སྐྱེས་བྱ་བའི་འདུ་ཤེས་མཐོར་འདེགས་གཏོང་དགོས་བསམ་གྱིན་ཡོད།

ལྔ་པ། དུག་སེལ་སྨན་བཅོས་གནད་དོན་སྐོར།

    ནད་ཅི་དང་གང་ཞིག་ཡིན་རུང་། བོད་ཀྱི་གསོ་བ་རིག་པའི་ལུགས་ལྟར་ན་ཟས་སྤྱོད་སྨན་དཔྱད་སྔགས་བཅས་ལྔ་ཡིས་བཅོས་ཐབས་རྒྱས་བསྡུས་མང་པོ་གསུངས་རྒྱུ་ཡོད་རུང་། འདིར་ནི་གཙོ་བོ་འབྲེལ་ཡོད་ཀྱི་ཤེས་བྱ་ངོ་སྤྲོད་དང་སྔོན་འགོག་འདུ་ཤེས་མཐོར་འདེགས་ཙམ་གྱི་ཆེད་ཡིན་པ་ལས། སྨན་བཅོས་བྱ་བའི་ཆེད་མ་ཡིན་པས་ཕྱོགས་ཙམ་ལས་ཞིབ་པར་མི་སྨྲའོ། ། དེས་ན། སྨན་པ་ལ་ལས་གསུངས་བ་ལྟར་ན་སོས་དུས་དང་དབྱར་སྟོན་སོགས་ལ་རྩྭ་ཐང་ནས་གྱོན་པའི་ཁ་སྦུབ་ཅིང་གཅིན་པ་གཏོང་བ་དེ་མོ་ནད་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན་པར་བཤད་ལ། དེ་ལྟར་ཡིན་ན་འབྲོག་ཕྱོགས་ཀྱི་བུད་མེད་མང་པོ་ཞིག་ལ་གོ་སྐབས་ལེགས་པོ་ཡོད་རུང་། དོན་ངོ་མར་ཕན་ཐོགས་ཅི་འདྲ་ཞིག་ཡོད་པ་དང་། ནད་གང་ཞིག་སེལ་ཐུབ་པ་དང་། ནད་གང་ཞིག་སེལ་མི་ཐུབ་པ་དང་། ནད་གང་ཞིག་ལ་ངེས་པར་ཏུ་རྩྭ་རླངས་དགོས་པ་དང་། ནད་གང་ཞིག་ལ་རྩྭ་རླངས་འདི་ཡོད་མི་ཉན་པའི་སྐོར་དྲིས་ཚེ་ཞིབ་མོ་ཞིག་གསུངས་རྒྱུ་མི་འདུག་མོད། དེ་ལས་སྔོན་ཆད་བོད་ཀྱི་བུད་མེད་ཚོས་ལུག་གི་མཆན་ཁུང་གི་བལ་མར་ཁུའི་ནང་བཙོས་ཏེ་མཚན་མའི་ཁར་འཇོག་པའམ་ནང་དུ་རྫོངས་བའི་བྱེད་སྲོལ་ཞིག་ཡོད་པར་གསུངས་ལ། བྱེད་སྲོལ་དེར་ཕན་པ་མངོན་གསལ་ཅན་ཡོད་པར་གསུངས་རུང་། སྤུ་ཉག་གསང་ལམ་དུ་མི་ཤོར་བར་དོགས་ཟོན་ནན་མོ་དགོས་ཞེས་གསུངས་གྱིན་འདུག

    དེང་སང་དབྱར་རྩྭ་རྐོ་སྐབས་བོད་མི་ཚོར་སྒོར་མོ་ཅུང་ཙམ་ཡོད་པའི་གནས་ཚུལ་ཐོས་མ་ཐག་རྒྱ་ཡུལ་ནས་སྨན་བྱེད་ཆོག་པའི་ཡི་གེ་མེད་པའི་རྐང་རྗེན་སྨན་པ་མང་པོ་བོད་ཡུལ་ན་འཚང་ཁ་ཤིག་ཤིག་བྱ་བཞིན་ཡོད་ལ། ལྷག་པར་ཏུ་མོ་ནད་དང་མཚན་མའི་ནད་སོགས་སྨན་བཅོས་བྱ་བར་རིན་གོང་ཤིན་ཏུ་མཐོན་པོ་དགོས་པ་སྟེ། ཁབ་ཐེངས་གཅིག་རེར་སྒོར་མོ་༨༠༠རེ་དགོས་པར་བཤད་ལ། ཁོང་ཚོས་ཁབ་རེ་བརྒྱབས་ནས་གནས་རེ་སྤོ་བཞིན་ཡོད་པས། ཁྱོད་ཀྱིས་སྨན་གྱི་ཞོར་སྐྱོན་བྱུང་ཚེ་འཚོལ་ས་མི་རྙེད་པའི་གནས་ཚུལ་མང་པོ་བྱུང་བཞིན་འདུག་ལ། སྨན་པ་དེ་དག་གི་ལག་ནས་བུད་པའི་སྨན་ནི་ཕལ་ཆེར་རྫུན་མའམ་དུས་བརྒལ་ཡིན་ཞིང་། ལ་ལར་སྨན་སྣའང་མང་པོ་ཞིག་ཅི་ཡང་མེད། ཕལ་ཆེར་གྱིས་མགོ་ན་ཚེ་ཆིས་ཐོང་ཕན(去痛片)སྟེར་ལ། རྐང་པ་ན་ཚེ་ཡང་ཆིས་ཐོང་ཕན་སྟེར་ཅིང་། ཁོག་པ་དང་རོ་སྟོད་སོགས་ན་ཚེ་ཡང་ཆིས་ཐོང་ཕན་སྟེར་བཞིན་ཡོད་པས། ཆིས་ཐོང་ཕན་དེར་ཞོར་སྐྱོན་ཆེན་པོ་ཡོད་ཅིང་། ཉལ་དུད་ཀྱི་རྫས་ཀྱང་ནང་དུ་འདུས་པས་དེང་སང་མི་ལ་ལར་དེའི་དབྱངས་ཞུགས་ནས་ད་མ་འཐུང་ན་མི་བདེ་བའི་གནས་ཚུལ་བྱུང་ཡོད་ལ། སྨན་གཞན་པ་བསྟེན་ན་ནུས་པ་མི་ཐོན་པའི་གནས་ཚུལ་ཡང་མང་པོ་ཡོད། སྨན་པ་དེ་ཚོས་བོད་ཀྱི་མི་སེར་ཚོས་རྒྱ་ཡིག་མི་ཤེས་པའི་གོ་སྐབས་བརྒྱུད་ནས་མང་ཚོགས་ལ་མགོ་སྐོར་གཏོང་བཞིན་པའི་གནས་ཚུལ་འདུག་ཅེས་བོད་ཀྱི་བསམ་ཤེས་མང་པོས་གསུངས་ཀྱིན་འདུག ད་དུང་དབྱར་རྩྭ་རྐོ་སྐབས་མི་སེར་ཚོས་ལག་ཏུ་སྒོར་མོ་ཅུང་ཙམ་ཡོད་པས། ནད་མེད་རུང་ལུས་པོ་མི་འཁྱགས་བྱེད་དམ་ནད་ངན་སྔོན་འགོག་བྱ་བར་ཕན་པར་བཤད་པའི་ཁབ་ཆེན་ཞིག་རྒྱག་བཞིན་འདུག་ཅེས་ཐོས་ལ། འདི་དག་ནི་ཤིན་ཏུ་ནས་གཟབ་དགོས་པ་ཤ་སྟག་ཡིན་པས་བོད་ཀྱི་རིག་གནས་པ་ཚོས་འགན་ཁུར་ཏེ་གནས་ཚུལ་དེ་དག་ལ་རྩད་གཅོད་ལེགས་པོ་བྱས་རྗེས་མི་ངན་དེ་དག་ཁྲིམས་ལ་སྦྱོར་དགོས་པར་བསམ་གྱིན་ཡོད།

     དེང་སང་སྨན་ཁང་དུ་མོ་ནད་བྱུང་སྐབས་ལུས་སྨད་བཀྲུ་བྱེད་ཀྱི་སྨན་ཁུ་བཙོང་རྒྱུ་ཡོད་ཅིང་། དེ་ཆུ་འཇམ་ནང་སྦྱངས་རྗེས་ན་སར་བྱུགས་པའམ་སྦྱངས་ཆུའི་ནང་ཉལ་ན་ཕན་པར་བཤད་རུང་། སྨན་པས་ནན་བཤད་བྱས་པ་ལྟར་ན། ཉིན་གཅིག་ལ་ཐེངས་གཅིག་ནས་གསུམ་ལས་ཡན་མི་བཀྲུ་ཆོག་ལ། སྨན་ཐུན་གཅིག་ལ་གཟའ་འཁོར་གཅིག་ལས་རིང་དགོས་ཚེ་སྨན་པར་བཀའ་འདྲི་ཞུ་དགོས། ཡུན་རིང་དྲགས་ན་མི་བཟང་ལ། ཐེངས་མང་དྲགས་ནའང་མི་བཟང་། ད་དུང་ཐེངས་རེའི་སྨན་ཁུ་ལྡུག་ཚད་སྨན་པའི་བཀའ་བཀོད་བཞིན་ལྡུག་དགོས་པ་ལས་རང་འདོད་ཀྱིས་སྨན་ཁུ་ཉུང་དྲགས་ན་སྨན་ནུས་མི་ཐོན་ལ། མང་དྲགས་ན་ལུས་ཀྱི་དགོས་ངེས་ཀྱི་ཕྲ་ཕུང་དག་ཀྱང་གསོད་འགྲོ་བས་ངེས་པར་ཏུ་སྨན་པའི་ངག་བཞིན་ཉན་རྒྱུ་དེ་གལ་ཆེ། གལ་ཏེ་བཀྲུ་བྱེད་ཀྱི་ཆ་རྐྱེན་མེད་པའམ་རི་གྲོང་གི་སྨན་རིགས་དག་མ་ཡིན་མིན་གྱི་བརྡར་ཤ་མ་ཆོད་ན་ཆུ་འཇམ་ནང་ཚྭ་ཉུང་ཙམ་བཏབས་ཏེ་བཀྲུས་ནའང་ཆོག་པར་བཤད།

    ནམ་རྒྱུན་མགོ་ཆུ་ཁོག་ལ་བརྡོལ་བ་སྟེ། གྱོན་པའི་ཕྱི་ནང་ཚང་མར་ཆུ་རྡོལ་ནས་གཙང་མར་བཀྲུས་མེད་པའི་སྐྲ་ཆུ་སོགས་བུད་མེད་ཀྱི་མཚན་མའི་ནང་ཕྱིན་པ་ཡིན་ན་མོ་ནད་རིགས་མང་པོ་ཞིག་བསྐྱེད་སྲིད་པར་བཤད་དེ། རྒྱུ་མཚན་ནི། སྐྲ་དེ་ལུས་ཕྱིར་ཡོད་པའི་དུག་འདོན་མ་ལག་ཅིག་ཡིན་ལ། དུག་འདོན་མ་ལག་དེས་དུག་འདོན་དང་དུག་སེལ་བྱ་བའི་གོ་རིམ་ནི་ལུས་ནང་གི་དུག་དག་ཟུངས་བཅུད་ཀྱི་ནུས་པར་བརྟེན་ནས་སྐྲ་ཁོག་བརྒྱུད་ཅིང་སྐྲ་རྩེ་ནས་ཐོན་པ་ཞིག་ཡིན་ལ། སྐྲ་རྩེ་གཙང་མ་མིན་ཞེས་ཟེར་བའང་དེ་ཡིས་ཡིན་ལ། སྐྲ་ཆུ་དུག་ཏུ་སྤྱོད་པ་དང་དམོད་མོའི་ལག་ཆར་སྤྱོད་པའང་དེ་དག་གིས་ཡིན་སྲིད་ཅེས་གསུངས། དེས་ན། ནམ་རྒྱུན་བུད་མེད་ཚོས་རང་ཉིད་ཀྱི་ལུས་པོར་བདག་གཅེས་ལེགས་པོ་བྱ་དགོས་ལ། བུད་མེད་ལ་མགོ་ཆུ་རྡོལ་དུ་འཇུག་མི་ཉན་པའི་འདུ་ཤེས་ཆགས་ཐབས་ལ་བརྩོན་པ་བྱེད་པར་སྐྱེས་ཕོ་མོ་གཉིས་པོས་དོ་སྣང་བྱ་དགོས་པ་ཞིག་ཡིན་ལ། བུ་ཕྲུག་ཚོར་ཆུང་དུས་ནས་འབྲེལ་ཡོད་ཀྱི་སློབ་གསོ་མ་སྤྲད་ན། བོད་ཡུལ་གྱི་མོ་ནད་ལ་ལ་ཞིག་ནི་བྱིས་པའི་དུས་ནས་བཏབས་པའི་ས་བོན་ཡིན་ཞེས་བཤད་ནའང་ཐལ་ཆེ་བ་ཅི་ཡང་མི་འདུག

    དུས་རྒྱུན་གདོང་དྲེག་དང་སྲེ་ཐིག་ལེན་བྱེད་དང་ཁ་ལག་གཙང་མ་འདག་བྱེད་ཀྱི་རྫས་འགྱུར་སྨན་ནུས་ཤིན་ཏུ་དྲག་པོ་ཅན་གྱི་དཀར་མཛེས་ཐོན་རྫས་བེད་སྤྱོད་བྱེད་བཞིན་པ་དེས་ཞོར་སྐྱོན་དྲགས་པོ་ཡིན་པར་བཤད་ལ། བུད་མེད་མང་པོ་ཞིག་གིས་ལྤགས་ནད་གསོ་བའི་རྒྱལ་པོ་ཞེས་འབོད་པའི་རྒྱ་སྐད་ལ་皮康王(ཕིས་ཁང་ཝང་) སོགས་བེད་སྤྱད་ནས་ངོ་གདོང་ལ་གནོད་སྐྱོན་བསུབ་ཐབས་མེད་པ་མང་པོ་འདྲེན་བཞིན་ཡོད་པར་བཤད་ལ། ཆེད་ལས་སྨན་པས་གསུངས་བ་ལྟར་ན། སྨན་དེའི་རིགས་རྒྱུན་རིང་ལ་སྤྱད་ན་པགས་གསང་ནས་དུག་རོ་འདུག་པས་སྲེ་ཐིག་འབྱུང་སྲིད་ཅིང་། ནམ་རྒྱུན་སྨན་ཅི་ཞིག་ཡིན་རུང་སྨན་པའི་བཀའ་བཀོད་བཞིན་བསྟེན་པ་ལས་གང་བྱུང་དུ་གྲོང་སྲང་ནས་སྨན་ཉོས་རང་མོས་སྒོས་བཀོལ་མི་རུང་ཞེས་ནན་གྱི་གསུངས་བྱུང་བས་རྣམ་པ་ཚོས་ཐུགས་ལ་འཇག་འཚལ།



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-07-07 ལྟ་ཀློག (3308)