སྐབས་ལྔ་བའི་མཐར་ཕྱིན་ཆེད་དེབ།

གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སྐབས་ལྔ་བའི་མཐར་ཕྱིན་ཆེད་དེབ་ཤམ་བྷ་ལའི་སྐུ་མགྲོན་ངོ་སྤྲོད།  

 གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ལྔ་བའི་མཐར་ཕྱིན་སློབ་མ་དཔའ་རྟུལ་སུམ་ཅུའི་རུ་དཔུང་།

 

      ཤམ་བྷ་ལའི་སྐུ་མགྲོན་ཞེས་པའི་དེབ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སྐབས་ལྔ་བའི་མཐར་ཕྱིན་འཛིན་གྲྭའི་སློབ་མ་རྣམས་སློབ་མཐར་ཕྱིན་ཁར་བྲིས་པའི་ཆེད་རྩོམ་དེབ་ཞིག་ཡིན།  དེབ་འདི་ནི་ལོ་ངོ་དུ་མར་སྦྱངས་བརྩོན་བྱས་པའི་སྦྱངས་འབྲས་ཀྱི་མེ་ཏོག་ཀུན་ནས་དཀྲིགས་པའི་སྐྱེད་ཚལ་དང་།  རང་རང་གི་རྣམ་དཔྱོད་བང་རྩལ་འགྲན་སའི་དོ་ར།  ཐུན་མིན་གྱི་བསམ་བློའི་ཁ་ཕྱོགས་གླེང་སའི་སྟེགས་བུ་ཞིག་ཏུ་ངོས་འཛིན་བྱས་ཆོག  འདིར་སློབ་མ་རང་རང་གི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་ཚིག་བཅད་ལྷུག་སྤེལ་མ་ཅི་རིགས་ལས་གྲུབ་པའི་སྙན་རྩོམ་དང་། དབྱིན་རྒྱ་ཅིག་རིགས་ལས་བསྒྱུར་བའི་སྒྱུར་རྩོམ།  བསམ་གཞིག་སྣ་ཚོགས་ལས་ཐོན་པའི་དཔྱད་རྩོམ་སོགས་སྣ་འཛོམས་རང་བཞིན་གྱི་དཔེ་དེབ་ཞིག་ཡིན།  འཇིག་རྟེན་གྱི་མཐའ་དབུས་གང་ནས་བལྟས་ཀྱང་ངོ་ཚ་དང་ཁྲེལ་གཞུང་ཞན་པའི་དམུ་རྒོད་དུ་མ་ཤ་རུལ་གྱི་སྦྲང་བུ་བཞིན་གྲུ་ཟུར་གང་ཞིག་ཏུ་སྤྱི་ཚོགས་ལ་གནོད་ཅིང་འཚེ་བར་བྱེད་པ་དང་།  དེ་བཞིན་དུ་རྩོམ་རིག་ཁྲོད་དུའང་ཆགས་སྡང་ཁོ་ན་བརྗོད་བྱའི་སྙིང་བོར་བཟུང་བའི་ཉེས་བཤད་དུག་གི་ཚེར་མ་གང་སར་མཆེད་པས་ཡང་དག་པའི་རྩོམ་རིག་གི་སྲོག་ལ་ཀུན་ནས་རྒོལ་བའི་སྐབས་དེར་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་བཀའ་དྲིན་ཅན་རྣམས་ཀྱིས་བསྐྱངས་པའི་སློབ་མ་འདི་དག་གི་བསམ་བློའི་འཁོར་ཕྱོགས་ཀྱི་ཆ་ནས་རང་ཉིད་ཀྱི་ལྟོ་རྒྱབ་ཙམ་དང་ཕོ་མོའི་བརྩེ་དུང་ཙམ།  ཡང་ན་རང་ཁོ་ནའི་བདེ་ཐབས་ཙམ་གྱི་ཆེད་དུ་མ་ཡིན་པར་སྣོད་བཅུད་ཀུན་ལ་གཏོར་བརླག་ཅི་ཐེབས་སུ་བརྩོན་པ་སོགས་སྨད་པར་བྱ་བའི་གནས་སུ་རིག་ཅིང་།  རང་རིགས་སྤྱིའི་ལ་རྒྱ་དང་དར་རྒུད།  འགྲོ་བ་མིའི་རིགས་ཡོངས་སུ་ཞི་བདེ་འབྱུང་བའི་གཞི་རྩ་སོགས་ལ་བསམ་བློ་གཏོང་ཤེས་པ་དང་།  སྒོས་སུ་འཛམ་གླིང་ཞི་བདེ་དང་དུས་རབས་ཀྱི་འཕེལ་འགྱུར་སོགས་འཕྲད་ཕུགས་གཉིས་སུ་བསམ་བློ་གཏོང་ཤེས་ཤིང་བཤད་ནུས་པའི་ན་གཞོན་རྩོམ་པ་བོ་ཁྱུ་ཞིག་གི་བསམ་བློའི་ཉིང་བཅུད་ལས་ཐོན་པའི་དེབ་ཞིག་ཡིན་སྟབས།  གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་མཐར་ཕྱིན་སྐབས་ལྔ་བའི་འཛིན་བདག་དགེ་རྒན་བཀའ་དྲིན་ཅན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་གཞོན་སྐྱེས་འདི་དག་གི་ལྷག་བསམ་དང་སྙིང་སྟོབས་གསེང་ན་མ་འོངས་པའི་ཡར་རྒྱས་མངོན་ཞིང་།   རི་མགོའི་དར་ལྕོག་བཞིན་ཡོད་ཚད་གཞན་རྗེས་སྙེག་པའི་ལད་ཟློས་དོར་ཏེ།  གང་བཤད་ཡང་དག་པའི་གཏན་ཚིགས་ཀྱི་སྒྲུབ་བྱེད་འཚོལ་བའི་བརྟན་ཆ་འདི་ལས་མ་འོངས་པའི་རྒྱུན་འཛིན་གསལ་བས་དགའ་བར་རིགས་སོ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མྱོང་ཡོད ། །


རྩོམ་སྒྲིག་འགན་འཁུར་བ།   ཁཱ་ཤེས་རབ་རྒྱ་མཚོ།    མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-07-07 ལྟ་ཀློག (5646)