འཇིག་རྟེན་སྣང་བ་བཞེས་པ།

       འཇིག་རྟེན་སྣང་བ་བཞེས་པ།
                                  འབའ་སྣང་གྲོལ།
ལུས་ལ་རུས་པ་མ་སྐྱེས་སམ།།
འཇགས་སྐྱ་རླུང་གིས་ཁྱེར་རམ་ཅི།།
ང་ཡི་རང་ཚུགས་སྲོག་ཤིང་ནི།།
ཁྱོད་ཀྱིས་ཐལ་བ་ཐལ་བར་བྱས།།

ཡིད་ཀྱི་མ་དྲོས་མཚོ་ཆེན་དུ།
འཁྱུག་འཁྱུག་གནང་ཞིང་ལྡེམ་ལྡེམ་བྱེད།།
སྙིང་གི་སྒྲོམ་བུ་ཆུང་ཆུང་ཡང་།།
ལན་རེ་འདར་ཞིང་ལན་རེ་འགུལ།།

དཀར་ལ་དམར་བའི་ཞལ་ཁྱིམ་ནི།།
འཛུམ་པའི་འོད་ཐིག་བཀྲ་བ་ཅན།།
མཐོང་ན་ཡིད་ལ་བདེ་སྟེར་བས།།
སྣང་བའི་བདུད་རྩི་ཁྱོད་ལ་དབང་།།

སྤྱན་གྱི་རྒྱལ་མོ་སྒེག་འགྲོས་ཅན།།
གསང་བའི་ཁྲུས་ལ་ཞུགས་ཤིང་རྩེན།།
ལང་ཚོའི་འཁྲི་ཤིང་ལྡེམ་པ་ཡང་།།
ངོ་ཚའི་གོས་དང་ལྷན་ཅིག་བསྐྱོད།།

གཤིས་ཀྱི་པད་མོ་འཛུམ་པ་ལ།།
འོ་མའི་སེམས་ཀྱི་རོལ་བ་ཅན།།
འཇིག་རྟེན་གདུང་བ་གཞོམ་པ་མོ།།
སྙིང་གི་ཐིག་ལེར་ཆགས་པ་ཁྱོད།།

འཇིག་རྟེན་དགའ་བ་འདྲེན་པའི་དབྱངས།།
དྲི་ཟའི་ངག་གི་གླིང་བུ་གང་།།
ཁྱོད་ཀྱི་མགྲིན་པའི་སྦུབས་སུ་ནི།།
སྙན་གྱི་སྐོམ་པ་སིམ་པར་བྱེད།།

མཁའ་ཡི་འོད་དཀར་ཟླ་བ་ཡང་།།
ས་ལ་རྒྱུ་བ་ད་ཚོད་ཤེས།།
ས་ཡི་མེ་ཏོག་དགོད་པ་ཅན།།
སེམས་ལ་སྣང་བ་ད་ཚོད་རྟོགས།།

སྡུག་པར་འོངས་པའི་ཁྱོད་ཀྱི་ཆོས།།
ངག་རིག་འཕྲུལ་ལ་མ་ཤོང་ཡང་།།
སྣང་བའི་འཕྲུལ་གྱི་ཞགས་པ་ཡིས།།
ཁྱོད་ཀྱི་འཇིག་རྟེན་དམ་དུ་བཅིངས།།

དེ་ལྟར་སྣང་བའི་པིར་གྱི་རྩེར།།
སེམས་ཀྱི་ཡིག་འབྲུ་གཤོག་པ་ཅན།།
མཐུན་འཇུག་ལས་ཀྱི་སྐུད་པ་ལ།།
བརྡ་ཡི་གོ་བ་གློག་བཞིན་འཁྱུག །
                                      ༢༠༡༥   ༦   ༡༣ཉིན།

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-07-07 ལྟ་ཀློག (2466)