ཟླ་བ་བཞུད་སོང་།

                 ཟླ་བ་བཞུད་སོང་།

                                  སྲད་བུ།༼མདོ་ལྷོ༽      

མཚན་སྨག་གིས་མཐའ་ནས་དེད་པས

ཟླ་བ་རི་ལ་ནུབ་སོང
ཟླ་བར་འཁྲེང་བའི་བུ་ལོ
སེམས་པ་སྐྱོ་ལྷང་ལྷང མིག་ཆུ་ཁྲོམ་ཁྲོམ
མུན་ནག་གི་འཇིག་རྟེན་ལ་བརྫངས

ཟླ་བ་བཞུད་སོང
འཇིག་རྟེན་ཞིག་གི་འོད་སྣང་གི་ཆེད
འཁོར་བ་ཞིག་གི་སྡུག་བསྔལ་གྱི་ཆེད
རི་བོ་འདིའི་ཕ་རོལ་ལ་བཞུད་སོང

འཇིག་རྟེན་གྱིས་མུན་པ་གྱོན་ནས་སླེབས་དུས
ས་གཞིའི་མི་རྣམས་སྐྲག་ཅིང་འདར
སེམས་པའང་བློང་བློང་བོར་གྱུར
ད་དུང་ངུ་ངག་གི་དབྱངས་འགྲོས་ཤིག
ས་ཆེན་གཤགས་ནས་ནམ་མཁའི་མཐའ་ལ་ཁྱབ

ཟླ་བ་བཞུད་སོང
གསེར་གྱི་ཐིགས་པ་ཞིག་རྟེན་དུ་བཞག་ནས
དངུལ་གྱི་མེ་ལོང་ཞིག་ཤུལ་དུ་བཞག་ནས
རྡུལ་གྱིས་མ་གོས་པའི་འཇིག་རྟེན་ཞིག་ལ

དེ་རིང ཟླ་བ་བཞུད་སོང་ཟེར་བས
ལྷའི་སྤྱན་ཆབ་ཀྱང་རྒྱ་མཚོར་འདྲེས
མིའི་སྨྲེ་སྔགས་ཀྱི་འོ་དོད་ཀྱིས་གནམ་ས་འགེངས


                         ༢༠༡༤ལོའི་ཟླ༡༡ཚེས༢༥ཉིན།


རྩོམ་སྒྲིག་འགན་འཁུར་བཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-07-07 ལྟ་ཀློག (2660)