ཁང་ཧྥེ་ལགས་ཀྱིས་རང་གི་བུ་མོ་གཉིས་ལ་སྤྲིངས་པའི་འཕྲིན།

ཨ་ཧྥུ་ཧན་གྱི་མཛངས་མ་ཁང་ཧྥེ་ལགས་ཀྱིས་རང་གི་བུ་མོ་གཉིས་ལ་སྤྲིངས་པའི་འཕྲིན།

 ཡིག་སྒྱུར་བ། ལྡོང་སྲས་ཨ་བྷེ།

     སྙིང་ཉེ་བའི་ཧྲུའུ་ལ་དང་ཧྲ་ཧྭ་པྲ་ཏི་གཉིས་ལ

དེ་རིང་ང་ཧྥ་ཏྲ་པཱ་ཏི་དང་ཏཱ་ཨར་ཝ་ཚི་རུ་ཆབ་སྲིད་ལས་དོན་ཞིག་བསྒྲུབ་ཏུ་བུད་སོང་ལ། མྱུར་དུ་ཕྱིར་ལོག་ནས་ཁྱོད་ཚོ་དང་གྲལ་གཅིག་ཏུ་འཛོམས་རྒྱུའི་རེ་བ་ཧ་ཅང་ཆེ།ཡིན་ན་ཡང་ངས་ཁྱོད་ཚོར་མི་བཤད་ཐབས་མེད་དུ་གྱུར་བ་ཞིག་ནི། ང་རང་ཕྱིར་ལོག་མི་ཐུབ་ནའང་ཐང་།

ཐེངས་འདིའི་འགྲུལ་བཞུད་ཀྱི་ཁྲོད་དུ་ང་རང་ཚེ་སྲོག་གི་འཇིགས་སྐུལ་མང་བོ་ཞིག་དང་ཕྲད་སོང་། ཁྲིག་ཁྲིག་མེད་ན་ཐེངས་རྗེས་མའི་ཙུང་ཐུང་གི་འདེམས་མི་ཁོ་ཚོ་ཡིན་ཡང་སྲིད།

   ཨ་མ་ཞིག་ཡིན་པའི་ཆ་ནས། ངས་ཁྱོད་ཚོར་དོན་དག་འདི་རྣམས་བཤད་པར་ངོ་མ་སེམས་ཀྱིས་མི་བཟོད་པ་ཞིག་ཏུ་འདུག་མོད། ཡིན་ཡང་། ཁྱོད་ཚོས་རྟོགས་དགོས་པ་ཞིག་ནི། གལ་ཏེ་ངའི་ཚེ་སྲོག་འདི་ཨ་ཧྥུའུ་ཧྭན་གྱི་ཞི་བདེ་དང་། རྒྱལ་ཁབ་འདིའི་བྱིས་པ་ཚོར་སྔར་ན་མ་མཆིས་པའི་སང་ཉིན་ཞིག་གི་ཚབ་ཏུ་བརྗེ་ཐུབ་ན། རང་སྲོག་འདི་བློས་བཏང་ཡང་འགྱོད་སེམས་སྤུ་ཙམ་མེད།

  དེ་བས་ང་འདི་ལྟར་དུ་འཚོ་དོན་ཡང་། ངའི་རེ་བར་གཅེས་ཕྲུག་ཚོ། ཁྱོད་ཚོར་རང་ཉིད་ལ་མཁོ་བའི་རང་དབང་གི་འཚོ་བ་ཞིག་དང་། ཁྱོད་ཚོའི་རྨི་ལམ་མཐའ་དག་མངོན་འགྱུར་བྱེད་ཐུབ་པའི་ཆེད་དུའོ།། 

  གལ་སྲིད་ང་རང་ཆག་འཇིག་དང་འཕྲད་དེ། ཁྱོད་ཚོ་དང་འཕྲད་པའི་སྐལ་བ་མ་ལྡན་ཚེ། ངས་གཤམ་དུ་བྲིས་ཡོད་པའི་སྐད་ཆ་འདི་དག་ཁྱེད་ཚོའི་སེམས་སུ་འཛིན་རྒྱུའི་རེ་བ་བཏོན་པ་ཡིན།

ཐོག་མར་ང་རང་མ་བརྗེད་རོགས།

ཁྱོད་ཚོ་ད་རུང་ལོ་ན་ཆུང་བས་སློབ་གྲྭར་འགྲོ་དགོས་པ་མ་ཟད། རང་རྐྱ་འཕེར་བའི་འཚོ་བ་རོལ་རྒྱུའང་ཁག་པོ་ཡིན།དེ་བས་ངའི་རེ་བ་ཡིན་ན་ཁྱེད་ཚོ་ཨ་ནེ་ཧྭི་ཏེ་ཁྲིག་དང་མཉམ་འདུག་བྱེད་རོགས། མོ་ཁྱོད་ཚོར་ཧ་ཅང་འདང་ཆེ་ཞིང་། ངའི་ཚབ་ཏུ་ཁྱེད་ཅག་ལ་བདག་སྐྱོང་ལེགས་པོ་བྱེད་སྲིད་པ་ཁོ་ཐག་ཡིན།

   ངས་དངུལ་ཁང་དུ་གསོག་ཉར་བྱས་ཡོད་པའི་སྒོར་མོ་དག་ཁྱོད་ཚོར་བགོ་བྱ་རྒྱག་རྒྱུའི་དབང་ཆ་ཡོད། ཡིན་ཡང་གྲོན་ཆུང་བསྲི་ཚགས་ངང་སློབ་སྦྱོང་གི་སྟེང་དུ་བཀོལ་དགོས།སློབ་སྦྱོང་གི་འོས་འགན་དེ་ཧ་ཅང་ལྕི། སྐྱེས་པའི་དབང་སྒྱུར་གྱི་རྒྱབ་ཁབ་འདི་ལས་མགོ་བོ་མཐོན་པོར་འགྱོག་དགོས་ན། སྐྱེས་མས་སློབ་གསོ་ལེགས་པོ་ཞིག་མྱང་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད།

  ངའི་རེ་བར་ཁྱོད་ཚོ་སློབ་མཐར་ཕྱིན་རྗེས། ཕྱིའི་རྒྱལ་ཁབ་དག་ཏུ་འགྲིམ་ནས་སློབ་སྦྱོང་གྱིས། འཛམ་གླིང་གི་རིན་ཐང་ལྟ་ཚུལ་མི་འདྲ་བ་སོ་སོ་ཉམས་སུ་ལོངས། འདི་ནི་ཁོད་ཡངས་ལ་མཛེས་སྡུག་ལྡན་ཞིང་། ངོ་མཚར་བའི་འཇིག་རྟེན་ཞིག་སྟེ། ཁྱེད་ཅག་གིས་འཚོལ་ཞིབ་བྱེད་པར་བསྒུགས་ཡོད། སྙིང་སྟོབས་བསྐྱེད་དེ། འཚོ་བའི་ཁྲོད་ཀྱི་དོན་དག་གང་ལའང་འཇིགས་སྐྲག་མེད་པར་གྱིས།  

     མི་ཡི་ནམ་འཆི་ལ་ངེས་པ་མེད། ཁྲིག་བཞག་མེད་ན། སང་ལོའི་དེ་རིང་ནི་ང་ཡི་དུར་མཆོད་ཉིན་མོ་ཡིན་ཡང་སྲིད། གལ་ཏེ་ང་རང་ངོ་མ་ཤི་སོང་ཚེ། ཁྱོད་ཚོས་ཡིད་ལ་ཟུངས། ང་ནི་རླབས་ཆེན་གྱི་ཚེ་སྲོག་དེ་དག་གི་ཆེད་དུ་ཤི་བ་ཡིན།   

མི་གཞན་ལ་རོགས་རམ་བྱས་ཏེ་རྒྱལ་ཁབ་ལེགས་བཅོས་དང་། འཛམ་གླིང་ཧྲིལ་བོའི་གཟི་བརྗིད་ཀྱི་ཆེད་དུ། དོན་བྱ་གཅིག་ཀྱང་མ་འཁྱོངས་བར་འཆི་མི་རུང་།  

 སྙིང་ཉེ་བའི་གཅེས་ཕྲུག་ཚོ། ཨ་མ་ནམ་ཡང་ཁྱེད་ཚོར་དུངས།    ཞེས་ཁྱེད་ཚོའི་ཨ་མ་ནས།

རྩོམ་གྱི་ཡོངས་ཁུངས།  ཁྲི་གཤོག་སྙེ་མའི་རྩོམ་ཡིག་འཕྲིན་སྟེགས་ལས།


རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2015-07-06 ལྟ་ཀློག (3170)