ཤེས་རབ་འཕེལ་བའི་ཐབས།

༄༅།། ཤེས་རབ་འཕེལ་བའི་ཐབས།

 

        ཤེས་རབ་འཕེལ་བའི་ཐབས་དེ་ལ། སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པའི།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་གསུངས་ནས། ཤེས་རབ་ལ་ཐོས་པའི་ཤེས་རབ། བསམ་པའི་ཤེས་རབ། སྒོམ་པའི་ཤེས་རབ་ཅེས་གསུམ་གསུངས་ལ། དང་པོ་ཐོས་པ། དེ་ནས་བསམ་པ། དེ་ནས་སྒོམ་པ་ལ་ཡར་འཇུག་དགོས་པ་གསུངས་ཏེ། དེ་ཡང་དང་པོ་གཞི་ལ་ཚུལ་ཁྲིམས་རྣམ་པར་དག་པ་ཞེས་པ་དེ་རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་དེ་ཡག་པོར་བཅོས་པ་སྟེ། སྤྱོད་ལམ་ངན་པ་གཞན་ལ་གནོད་པའི་ལུས་ཀྱི་ལས་དང་། གཞན་ལ་གནོད་པའི་ངག གཞན་ལ་གནོད་པའི་ཀུན་སློང་དེ་འདྲ་མ་ཡིན་པ་བསམ་པ་བཟང་པོ་དང་ལྡན་པ། ལུས་ངག་གཉིས་པོ་ཡང་ཞི་ཞིང་དུལ་བའི་སྒོ་ནས་སྤྱོད་ལམ་བཟང་པོ་བྱེད་པ་དེ་ལ། སྤྱིར་བཏང་གིས་ཚུལ་ཁྲིམས་ཟེར་བ་རེད། སྤྱོད་ལམ་བཟང་པོ་བྱས་ན་རང་གཞན་ཀུན་ལ་ཕན་པ་ཡོད་པའི་རྒྱུ་མཚན་ནི། སཾསྐྲྀཏའི་སྐད་དུ་ཚུལ་ཁྲིམས་ལ་ཤྲཱི་ལ་ཟེར་ལ། དེ་ཐད་ཀར་བསྒྱུར་ན་བསིལ་བ་ཞེས་པའོ།། དང་པོ་དེའི་སྒྲ་དེ་རྒྱ་གར་ནས་ཡོང་བ་རེད་ལ་དེ་ཡོང་དགོས་པའི་རྒྱུ་མཚན་ནི། རྒྱ་གར་ལ་ཚ་བ་ཧ་ཅང་ཆེན་པོ་ཡོད་པས་བསིལ་པོ་བྱུང་ན་དཔེ་སེམས་ལ་དགའ་བ་དང་སྤྲོ་བ་སྐྱེ་ཐུབ་པས། དེའི་རྒྱུ་མཚན་གྱིས་ཀུན་སློང་རྣམ་པར་དག་པ་དང་། སྤྱོད་ལམ་ཞི་ཞིང་དུལ་བ་བྱས་ན་དཔེ་དཀའ་ངལ་མེད་པ་ཞི་བ་ཡོང་བས་དང་པོ་ཚུལ་ཁྲིམས་ལ་གནས། དེའི་རྗེས་སུ་ཐོས་པ་བྱེད། སངས་རྒྱས་ཀྱི་བཀའ་སྡེ་སྣོད་རྣམ་པར་གསུམ་ལ་ད་ལྟ་ང་རང་ཚོས་ཡང་དང་ཡང་དུ་ཀློག་པའི་གོ་སྐབས་ཡོད་པ་སྟེ། དལ་འབྱོར་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ། སངས་རྒྱས་ཀྱི་བསྟན་པ་མ་ཉམས་པ་དར་ནས་ཡོད་དུས་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཀློག་ཆོག་ཆོག་ཏུ་ཡོད་པ་དེ་ཚོ་ཀློག་ནས། དེའི་ནང་དུ་ག་རེ་གསུངས་འདུག ཡག་པོ་གང་འདྲ་བྱེད་དགོས་པ་དང་། སྡུག་པོ་དེ་གང་འདྲ་བྱེད་དགོས་པ་འདུག་དེ་ཚོར་བརྟེན་ནས་དང་པོ་ཐོས་པའི་ཤེས་རབ་སྐྱེ། ཐོས་པའི་ཤེས་རབ་ལ་བརྟེན་ནས་བསམ་པའི་ཤེས་རབ་སྐྱེ་བ་རེད། བསམ་པའི་ཤེས་རབ་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོའི་ནང་དུ་གསུངས་འདུག་བསམ་པ་ཙམ་མ་ཡིན་པ། དེ་ཡིན་པའི་རྒྱུ་མཚན་འདི་རེད་འདུག དེ་དངོས་གནས་གལ་ཆེན་པོ་རེད་འདུག་སྙམ་པའི་རང་གི་རིགས་པས་བརྟགས་ཤིང་བཅད་ནས། བསམ་བློ་གཏོང་བ་དེ་ལ་བསམ་པའི་ཤེས་རབ་ཟེར་ལ། ཐོས་པ་དང་བསམ་པ་རྐྱང་པ་མ་ཡིན་པ་དེའི་དོན་སེམས་ཀྱི་གཏིང་དུ་བསྒོམ་ནས་ཉམས་སུ་ལེན་པ་དེ་ལ་སྒོམ་པའི་ཤེས་རབ་ཟེར། ཐོས་པའི་ཤེས་རབ་ལས་བསམ་པའི་ཤེས་རབ་སྐྱེ་ལ། བསམ་པའི་ཤེས་རབ་ནས་སྒོམ་པའི་ཤེས་རབ་སྐྱེ། དེ་ནས་ཤེས་རབ་མཐར་ཕྱིན་པ་དེ་སྒོམ་བྱུང་གི་ཤེས་རབ་ཟེར་ནས། ནང་གི་རྟོགས་པ་ལ་བརྟེན་ནས་ཕྱིའི་དངོས་པོ་ཐམས་ཅད་ཀྱང་བཟང་ངན་གྱི་དབྱེ་འབྱེད་ཡག་པོ་ཞིག་ཤེས་པའི་ཤེས་རབ་ཕུན་སུམ་ཚོགས་པ་ཞིག་ཐོབ་པ་ཡིན་པའི་ཕྱིར་ན། ཤེས་རབ་ལ་དེ་ལྟར་དུ་བརྩོན་དགོས་པའོ། །


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2015-07-06 ལྟ་ཀློག (3475)