དགེ་ལུགས་པའི་གྲུབ་མཐའི་ཁྱད་ཆོས།

༄༅། །དགེ་ལུགས་པའི་གྲུབ་མཐའི་ཁྱད་ཆོས་མདོ་ཙམ་གླེང་བ།

    རྩོམ་པ་པོ།   དོར་ཞི་གདོང་དྲུག་སྙེམས་བློ།

          དེ་ཡང་རྗེ་ཐུའུ་བཀན་པས། སྟོན་པ་ཚད་མ་རྒྱལ་བ་ཙོང་ཁ་པའི། །བསྟན་པ་ཚད་མ་དགེ་ལྡན་གྲུབ་མཐའི་སྲོལ། །བསྟན་འཛིན་ཚད་མ་རྣམས་ཀྱིས་རྒྱས་མཛད་པའི། །ལོ་རྒྱུས་ཚད་མ་མདོ་ཙམ་གླེང་བར་བྱ། །གསུངས་པ་ལྟར། ཁྱད་པར་འཕགས་ཆོས་མང་བོས་བརྒྱན་པའི་དཔལ་རི་བོ་དགེ་ལྡན་པའམ་དགེ་ལུགས་པའི་གྲུབ་མཐའི་ཁྱད་ཆོས་མདོ་ཙམ་གླེང་བ་ལ། དགེ་ལུགས་པ་ཞེས་པའི་མིང་གི་རྒྱུ་མཚན། གྲུབ་མཐའི་སྲོལ་འབྱེད་བླ་མའི་ཆེ་བ། བསྟན་པའི་ཁྱད་ཆོས། བསྟན་འཛིན་དམ་པས་སྐྱོང་ཚུལ། ཕྱོགས་གཞན་གྱི་མཁས་པ་རྣམས་ཀྱིས་བསྔགས་བརྗོད་བྱེད་ཚུལ་བཅས་དོན་ཚན་ལྔར་ཕྱེ་སྟེ་བཤད་ན།
        དང་པོ། རི་བོ་དགེ་ལྡན་པའམ་དགེ་ལུགས་པ་ཞེས་པའི་མིང་ནི། རྒྱལ་བའི་ལུང་གིས་ཟིན་ཅིང་།རྗེ་ཙོང་པ་སྐུ་དངོས་ཀྱིས་ཕྱག་འདེབས་མཛད་པའི་དགེ་ལུགས་པའི་མ་དགོན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་མཚན་གྱི་སྟེང་ནས་འོངས་པ་ཡིན་ལ། མདོ་ལས། མ་འོངས་དུས་ཀྱི་སྙིགས་མ་ལ། །འབྲི་དང་ལྡན་པའི་ས་མཚམས་སུ། །དགེ་ཞེས་བྱ་བའི་དགོན་པ་འདེབས། །བློ་བཟང་ཞེས་བྱའི་མཚན་ཅན་བྱུང་། །འཁོར་ནི་རྣམ་བཞི་རབ་བསྡུས་ནས། །ཆོས་སྤྱོད་བཅུ་ཡི་རྒྱུན་འཛུགས་ཤིང་། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ས་ཡི་སྟེང་འདིར་སྟོང་བ་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ནང་ཡོད་པ་ཡི། །ཞེས་དང་། བཀའ་གདམས་གླེགས་བམ་ལས། ཐ་མར་བསྟན་པའི་མེ་རོ་དག །གྲགས་པའི་མཚན་གྱིས་གསོ་བར་བྱེད། །དུ་མའི་ཕན་བདེ་སྒྲུབ་པར་བྱེད། །དེ་ཡང་གནས་མཆོག་དམ་པ་ཡིན། །ཞེས་པ་སོགས་ཀྱིས་རྗེ་བླ་མའི་མཚན་ཟུར་དང་། དགོན་པའི་མཚན་སོགས་དངོས་ཤུགས་ཅི་རིགས་ཀྱིས་ལུང་བསྟན་ཏོ། 
        གཉིས་པ། བླ་མའི་ཆེ་བ་ནི། གསང་བའི་བདག་པོས་ལྷོ་བྲག་གྲུབ་ཆེན་ལ། བློ་བཟང་གྲགས་པ་འགྲན་ཟླ་ཀུན་དང་བྲལ། གསུངས་པ་ལྟར། རྗེ་བླ་མའི་ཐུན་མོང་མ་ཡིན་པའི་གསང་གསུམ་གྱི་ཡོན་ཏན་ཕར་ཞོག ཀུན་གྱི་མཐུན་སྣང་དུ་གྲུབ་པའི་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བའི་བསྟན་པ་ལ་བྱ་བ་བྱེད་ཚུལ་ཁོ་ནས་འཛམ་གླིང་རྒྱན་མཆོག་རྣམས་དང་འགྲན་ལས་ལྷག་པའི་ཡོན་ཏན་དང་མཛད་རྗེས་ཀྱི་ཁྱད་པར་དུ་མ་ཞིག་ཡོད་པར་ཚུལ་སུམ་གྲུབ་པའི་རྡོ་རྗེ་གཏན་ཚིགས་བརྗོད་པར་ནུས། རྗེའི་རང་རྣམ་རྟོགས་བརྗོད་འདུན་ལེགས་མ་ལས། དང་བོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཞེས་པ་ནི་རྗེའི་མཛད་པའི་སྤྱི་སྡོམ་ལྟ་བུ་ཡིན་ལ།དམ་པ་འདི་ཉིད་གཞོན་ནུ་ཉིད་ནས་བཟུང་དགོང་ལོ་སུམ་ཅུ་ལྷག་གི་བར་དུ་བཀའ་གདམས་ས་སྐྱ་བཀའ་རྒྱུད་ཇོ་ནང་རྙིང་མ་སོགས་ཆོས་རྒྱུད་རིས་མེད་ཀྱི་དགེ་བའི་བཤེས་གཉེན་སུམ་ཅུ་བསྟེན་ནས་གུས་རྟག་བརྩོན་པས་མདོ་སྔགས་ཀྱིས་བསྡུས་པའི་ཤྰཀྱའི་བསྟན་པ་ཡོངས་རྫོགས་དང་།ཐུན་མོང་རིག་གནས་བཅས་ལ་སྦྱངས་པ་ཕུལ་ཕྱིན་གནང་བ་ཡིན་ཏེ། རྗེ་རང་གིས་མཛད་པའི་རྟོགས་བརྗོད་འདུན་ལེགས་མ་ལས། དེ་ཡི་ཕྱིར་ན་མི་ཕམ་ཆོས་རྗེ་དང་། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །གཞུང་ལ་ཕྱོགས་རིས་པ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །ཞེས་དང་། འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ལ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོ་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །ཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། །དེ་ལས་གཞན་པའི་དབང་བོ་རྟུལ་བོ་གང་། །ཤིན་ཏུ་འཕྲད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་ཡལ་བར་འདོར་བ་ཀྱེ་མ་མཚར། །དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །དངོས་གྲུབ་གཉིས་ཀྱི་གཏེར་གྱུར་ཟབ་མོ་དེར། །ཞུགས་ནས་འབད་པ་མང་བོས་རིང་དུ་སྦྱངས། །ཞེས་དང་། བཀའ་གདམས་གོང་མས། རྣམ་གྲོལ་སྒྲུབ་པ་ལ་བོ་ཏི་མཛོ་ཁལ་ཙམ་ལ་བྱ་བ་མ་བྱས་པར་བེའུ་བུམ་ལག་མཐིལ་ཙམ་པ་རེ་སྟོན་པ་ཙུག་སྦེད་པ་ཙུག་བྱས་པས་གར་ཡང་མི་ཕྱིན། ཞེས་དང། རྗེ་ཉིད་བླ་མ་དབུ་མ་བ་ལ་ཕུལ་བའི་ཡེ་གེ་ལས། སྤྱིར་ད་ལྟ་བོད་ན་གསང་སྔགས་དང་མཚན་ཉིད་ཀྱི་གདམས་པ་མཐའ་ཡས་པ་སྣང་ཞིང་། དེ་རྣམས་ཀྱང་སངས་རྒྱས་བྱང་སེམས་ལ་མ་བརྒྱུད་པ་མི་སྣང་བས། ཡི་དམ་རེ་གསུང་བ་ཙམ་ལས་རྒྱུ་མཚན་གཞན་འགོད་རྒྱུ་མ་རྙེད་ན། ཐད་ཀ་ཐད་ཀའི་བློ་ངོ་འབའ་ཞིག་ཏུ་སོང་ནས། ལམ་གྱི་གནད་མ་འཕྱུགས་པ་ཞིག་ལ་ངེས་པ་རྣམ་དག་སྐྱེ་བའི་ཐབས་མི་འདུག །དེས་ན་གཟུ་བོར་གནས་པའི་སྒོ་ནས་བློ་དང་ལྡན་པ་རྣམས་ཀྱིས་ལམ་འཕྱུགས་མེད་ཅིག་འཚོལ་ན་མདོ་སྡེ་རྒྱུད་སྡེ་གང་དང་ཡང་མི་འགལ་ཞིང་། དེ་དག་ནས་ཟིན་པ། དེ་ཡང་ཤིང་རྟ་ཆེན་པོ་གཅིག་གི་རིགས་པའི་རྗེས་སུ་འབྲངས་ནས་དྲང་ངེས་ལེགས་པར་ཕྱེ་སྟེ་མཐའ་གཞན་དུ་དྲང་དུ་མི་བཏུབ་པར་རིགས་པས་གནོད་མེད་དུ་གྲུབ་པ་ཞིག་མེད་མི་རུང་བར་སྣང་པས། གསུང་རབ་ཆེན་པོ་རྣམས་དང་དེའི་དགོངས་པ་འཚོལ་བའི་རིགས་པའི་སྒོ་དྲི་མ་མེད་པ་ལ་རྩིས་པོ་ཆེར་བཟུང་ནས། ཞེས་པ་ལྟར།ཐོས་པའི་རྣམ་གྲངས་བསགས་པ་ཙམ་མ་ཡིན་པར། ལུང་རིགས་རྣམ་དག་གི་སྒོ་ནས་དཔྱད་པ་ཕྲ་ཞིང་ཕྲ་བས་བདར་ཤ་བཅད་དེ་གཞུང་ཆེནཔོའི་དགོངས་པའི་གནད་ལ་གཏུགས་ཅི་ཐུབ་བྱེད་པ་རྗེ་བླ་མའི་ཐོས་བསམ་དང་འཆད་རྩོམ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཏུ་སྣང་ངོ། བོད་ཡིག་ཏུ་འགྱུར་བའི་བཀའ་བསྟན་བོ་ཏི་སུམ་བརྒྱ་ལྷག་ཡོད་པ་དེ་དག་རྗེ་རིན་པོ་ཆེས་གཟིགས་ཞིབ་མ་གནང་བ་ཕལ་ཆེར་མེད་པ་འདྲ། རྟེན་འབྲེལ་བསྟོད་པར། དེ་ལྟར་རྨད་དུ་བྱུང་བ་ཡི། །ལུགས་བཟང་དེ་ཡང་མི་མཁས་པའི། །སྐྱེ་བོས་བལ་བ་ཛ་བཞིན་དུ། །རྣམ་པ་ཀུན་ཏུ་འཛིངས་པར་བྱས། །ཚུལ་འདི་མཐོང་ནས་བདག་གིས་ནི། །འབད་པ་དུ་མས་མཁས་པ་ཡི། །རྗེས་སུ་འབྲངས་ནས་ཁྱོད་ཀྱི་ནི། །དགོངས་པ་ཡང་དང་ཡང་དུ་བཙལ། །དེ་ཚེ་རང་གཞན་སྡེ་བ་ཡི། །གཞུང་མང་དག་ལ་སྦྱངས་པ་ན། །ཕྱི་ཕྱིར་ཐེ་ཚོམ་དྲ་བ་ཡིས། །དག་གི་ཡིད་ནི་ཀུན་ཏུ་གདུངས། །ཞེས་གསུང་བ་དབུ་མའི་གཞུང་ཁོ་ན་མ་ཡིན་པར་བོད་དུ་སྔོན་ཆད་དར་བའི་བཀའ་བོད་ཀྱི་གཞུང་གི་བཤད་པ་དང་རྒྱུད་ཀྱི་བཤད་པ་ཕལ་ཆེར་དེ་ལྟ་བུ་ཞིག་ཡིན་པར་དགོངས་པར་སྣང་ལ། དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་བོད་ཀྱི་གསུང་རྩོམ་ལ་ཚིག་གྲིམས་ཤིང་ཞིབ་ཚགས་ཐོན་པ་དེ་རྗེ་རིན་པོ་ནས་བྱུང་བ་རེད་གསུངས་མོད། ཚིག་ཙམ་མ་ཡིན་པར་དོན་གྱི་ཆ་ནས་ཀྱང་ཞིབ་ཚགས་ཐོན་པ་དེ་རྗེ་རིན་པོ་རྗེ་རིན་པོ་ཆེ་ནས་བྱུང་བ་ཡིན་པར་རྗེ་རིན་པོ་ཆེའི་གསུང་རྩོམ་དང་སྔོན་གྱི་གསུང་རྩོམ་དག་དང་བསྡུར་ན་ཤེས། དེའི་གནད་ཀྱིས་རྗེ་ཙོང་ཁ་པས་མཛད་པའི་མདོ་སྔགས་ཀྱི་གཞུང་ནི་གསེར་སྦྱངས་བཙོ་མས་གྲུབ་པའི་ཆོས་ཕུང་བརྒྱད་ཁྲིའི་སྙིང་བཅུད་ཤ་སྟག་ཡིན་པར་གདེངས་འཇོག་བྱེད་ནུས། དྲང་ངེས་ལས། གཞུང་ལུགས་མང་ཐོས་རིགས་པའི་ལམ་དུ་ཡང་། །ངལ་བ་མང་བསྟེན་མངོན་པར་རྟོགས་པ་ཡི། །ཡོན་ཏན་ཚོགས་ཀྱིས་མི་དམན་དུ་མས་ཀྱང་། །འབད་ཀྱང་རྟོགས་པར་མ་གྱུར་གནས་དེ་ནི། །འཇམ་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས། །ཤིན་ཏུ་བརྩེ་བས་བསམ་པས་བདག་གིས་བཤད། །ཅེས་པའི་ཚིག་གི་གཞུང་ལུགས་མང་ཐོས་ནི་ས་པཎ་བུ་སྟོན་སོགས་དང་། རིགས་པའི་ལམ་དུ་ངལ་བ་མང་བྱས་ཕྱྭ་བ་ཆོས་སེང་ཡབ་སྲས་དང་། མངོན་པར་རྟོགས་པའི་ཡོན་ཏན་མི་དམན་པ་ཇོ་ནང་པ་སོགས་ལ་གོ་རྒྱུར་གསུངས་ཡང་། མཁས་པ་བྱེ་བྲག་པ་ཁ་ཤས་ལ་གོ་རྒྱུ་མ་ཡིན་པར་བོད་སྔ་མའི་མཁས་གྲུབ་ཕལ་ཆེར་ལ་གོ་རུང་བ་འདྲ།



རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།






རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2015-07-06 ལྟ་ཀློག (4615)