རྗེ་བཙུན་གཡུ་ཐོག་རྙིང་མས་སྨན་པ་རྣམས་ལ་བསྩལ་བའི་བཀའ་སློབ།


རྗེ་བཙུན་གཡུ་ཐོག་རྙིང་མས་སྨན་པ་རྣམས་ལ་བསྩལ་བའི་བཀའ་སློབ། 
  
   དེ་ཡང་དར་མོའི་བཀའ་རྒྱ་མ་སོགས་ཡོངས་གྲགས་སུ་བཞེད་པའི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དགུང་ལོ་གྱ་ལྔ་༼ཆུ་བྱ་སྟེ་ཕྱི་ལོ་༧༩༣ལོར་༽དཔོན་སློབ་འཁོར་བཅས་མདོ་དབུས་ཁམས་གསུམ་སོགས་སུ་ཞབས་བཅགས་ཕེབས་སྐབས་སྨན་པ་རྣམས་ལ་བསྩལ་བའི་བཀའ་སློབ། 

ཁྱེད་རྣམས་རང་འདོད་ཁོག་འགྲས་སེར་སྣ་ངན་གཡོ་བོར་ལ། 
བྱང་ཆུབ་སེམས་ཀྱིས་གཞི་བཟུང་། 
འགྲོ་བ་ནད་པའི་དོན་དུ་གཉེར། 
མཐོ་གྲོགས་དང་ཁེ་ཚོང་མ་བྱེད། 
ངན་སློང་མཐའ་ནས་སྐྱོངས། 
མི་ངོ་ཟས་ངོ་མ་ལྟ་བར་ནད་ལ་ཕན་པའི་སྨན་དཔྱད་མཛོད། 
ཕྱོགས་ཆ་ཉེ་རིང་སྤོངས་ལ་ཀུན་ལ་ཁྱབ་པའི་སྨན་པ་མཛོད། 
བདག་བཟུང་གི་གནས་མ་བརྟེན་པར་རྒྱལ་ཁམས་ཕྱོགས་མེད་འགྲིམས་ལ་ནད་པ་ཕྱོགས་མེད་ལྟོས།
ཆེ་བཙུན་གྱི་བླ་སྨན་མ་བྱེད་པར་སྦྲང་ལོང་བརྩེ་བས་སྐྱོངས།
ནག་ཆང་ཕྱོགས་སུ་མ་འདོད་པར་དཀར་གསུམ་ལྟོ་ལ་བསྟེན། 
རྟ་དྲེལ་བཞོན་པ་སྤོངས་ལ་ནད་པའི་བྲན་དུ་རྒྱུགས། 
མི་ཤེས་ཤེས་པར་མ་རློམས་རྒས་ཀྱང་སློབ་གཉེར་མཛོད། 
མི་སྲོག་ལ་ཚོད་ལེན་མ་བྱེད་མི་ཤེས་པ་ངོས་ལོངས། 
སྒོ་གསུམ་ཆོས་ལ་འབད་ལ་ཕྱི་མའི་ལམ་སྣ་ཟུངས། ཞེས་དང་། 

དགུང་གྲངས་བརྒྱ་དང་ཉེར་ལྔ་བཞེས་པ་ཆུ་གླང་སྟེ་ཕྱི་ལོ་༨༣༣ལོར་རྗེ་གཡུ་ཐོག་པས།
མཁས་པ་གཡུ་ཐོག་མགོན་པོ་ང་། །
བོད་ཡུལ་མུན་པའི་ནགས་ཁྲོད་དུ། །
གསོ་དཔྱད་སྒྲོན་མེ་སྦར་ནས་ཡོད། །
ཁྱད་པར་དཔལ་ལྡན་རྒྱུད་བཞི་ལ། །
གབ་དང་འཁྲུགས་པ་མ་གོ་བ། །
མུན་ཁུང་ཉི་མ་ལྟར་དུ་གསལ། །ཞེས་པ་ནས།

མཐར་སྐུ་གཤེགས་ཁར།
འགྲོ་བ་ནད་པ་བརྩེ་བས་སྐྱོངས། །
དྲིན་བཟོ་མེད་པར་སྨན་སྦྱིན་ཐོངས། །
ཚ་གྲང་མ་ལོག་བསིལ་དྲོད་སྡེབས། །
ནད་རྟགས་ངོས་འཛིན་མན་ངག་སློབས། །
མི་ངོ་ཟས་ངོ་མ་ལྟོས་ཤིང་། །
ཉེ་རིང་སྤངས་པས་ནད་པ་བསྐོར། །
ཁ་དྲག་ཆེ་འདོད་མ་བྱེད་པར། །
དམན་ཆ་བཟུང་ལ་ནད་པ་བསྐོར། །ཞེས་གསུངས་ནས་གཟུགས་སྐུ་རགས་པའི་བཀོད་པ་དབྱིངས་སུ་གཟིམས།

རྩོམ་སྒྲིག་འགན་འཁུར་བཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-07-05 ལྟ་ཀློག (3492)