འཁྲུངས་གླིང་མེ་ཏོག་ར་བ་ཞེས་བྱ་བ་བཞུགས་སོ།།

འཁྲུངས་གླིང་མེ་ཏོག་ར་བ་ཞེས་བྱ་བ་བཞུགས་སོ།།

དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས།

        སྲིད་གསུམ་ཟིལ་གནོན་པདྨ་ཐོད་ཕྲེང་གི།
  འཕྲིན་ལས་སྤྲུལ་བའི་གེ་སར་དབང་གི་རྒྱལ།།
  མི་བསྲུན་ཕྱོགས་བཞིའི་དགྲ་བཞི་འདུལ་མཛད་པའི།།
  སེང་ཆེན་ནོར་བུ་དགྲ་འདུལ་མཆོག་ལ་འདུད།།
  དེ་ནས་སེང་ཆེན་ནོར་བུ་དགྲ་འདུལ་སྐུ་འཁྲུངས་པའི་ལོ་རྒྱུས་འདིར་བརྗོད་པར་བྱ་སྟེ། མ་བཞི་སྨུག་པོ་གདོང་གི་རྒྱུད་ཆོས་འཕན་ནག་པོ་ལ། གསེར་བཟའ། ལམ་བཟའ། སྤྱང་བཟའ་གསུམ་ཡོད་པར། གསེར་བུ་ལྷ་ཡག་དར་དཀར་ལམ་བུ་ཁྲི་སྤྱང་དཔའ་རྒྱས། སྤྱང་བུ་དགྲ་རྒྱལ་འབུམ་མེ་གསུམ་འཁྲུངས། འདི་གསུམ་གྱི་རྒྱུད་པ་ལས་གླིང་ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་གསུམ་དུ་ཆད་པས། ཆུང་རྒྱུད་ནི་དགྲ་རྒྱལ་འབུམ་མེའི་སྲས་ཐོག་ལྷག་འབུམ། ཐོག་འབུམ་གྱི་སྲསཆོས་ལ་འབུམ། ཆོས་ལ་འབུམ་གྱིས་རོང་བཟའ། སྒག་བཟའ། རྨུ་མི་བཟའ་གསུམ་ཁབ་ཏུ་བཞེས་ནས་རོང་བཟའ་ལ་པཎྜི་གསེར་གྱི་མདོག་ཅན་གྱི་སྐྱེས་བུ་སྤྱི་དཔོན་རོང་ཚ་ཁྲ་རྒན་འཁྲུངས་ཏེ། དེ་ནི་བློ་ཤེས་ཅན་ནམ་མཁའ་ལངས་འདྲ། ཐབས་ཤེས་རབ་ཉི་མ་ཤར་འདྲ། བཀའ་ཡོ་དྲང་ཐིག་གིས་བཏབ་འདྲ། ལས་བདེན་རྫུན་སྨྱུག་མ་གཤགས་འདྲ། གོང་བཙན་པོ་བུ་ཡི་གཉའ་ནོན། དམའ་གཉོམ་ཆུང་སྐྱོང་བའི་ཕ་མ། ཕུ་ནུའི་ནང་གི་འགོ་འདྲེན། གྲོས་རར་འཚོགས་པའི་མཁས་ཅན། དགྲ་འདུལ་ཇག་གི་དམག་དཔོན། རུས་ཆུང་རྒྱུད་དུ་གཏོགས་ཀྱང་གླིང་སྤྱི་བས་དཔོན་དུ་བཀུར་རོ།། སྒ་བཟའ་ལ་བུ་གཡུ་རྒྱལ་འཁྲུངས་ཏེ་ཧོར་གླིང་འཐབ་པས་ཧོར་གྱིས་བཀྲོང༌། རྨུ་བཟའ་ལ་བྲམ་ཟེ་ལེགས་བྱིན་གྱི་སྤྲུལ་བ་བུ་སེང་བློན་འཁྲུངས་ཏེ། ཕྱི་འཇམ་རྒྱ་དར་དཀར་པོ། ནང་འཇམ་མར་དཀར་རིལ་བུ། དྲོ་འཇམ་དཔྱིད་ཀྱི་ཉི་མ། ལྷོད་འཇམ་དར་གྱི་མདུད་པ། སྐུའི་གཟི་བྱིན་ཉི་མ་ཤར་འདྲ། གསུང་སྙན་འཇེབས་པི་ཝང་དཀྲོལ་འདྲ།ཐུགས་འོད་གསལ་གྱི་འཕྲུལ་འཁོར་ལ་དབང་འབྱོར་ཞིང༌། དགྲ་ལྷ་འདུ་བའི་མཁར་རྫོང༌། ཝེར་མ་གནས་པའི་བསེས་མཁར། དམ་ཅན་ཆགས་པའི་བླ་རྡོ་རུ་འཁྲུངས་ཤིང༌། དེ་ཡང་སྤྱི་དཔོན་གྱིས་བོད་བཟའ་མེ་ཏོག་འཚོ་ཁབ་ཏུ་བཞེས་ཏེ། སྲས་ཆེ་བ་གཡུ་འཕེན་སྟག་རྒྱལ་དང༌། འབྲིང་བ་གླེན་པ་ཆོས་རྒྱལ། ཆུང་བ་སྣང་ཆུང་གཡུ་སྟག སྲས་མོ་ལྷ་མོ་གཡུ་སྒྲོན་དང་བཞི་འཁྲུངས་སོ།།
  སེང་བློན་གྱིས་རྒྱ་བཟའ་ལྷ་དཀར་སྒྲོལ་མ་ཁབ་ཏུ་བཞེས་ཏེ།ཆུ་མོ་གླིང་གི་ལོའི་རྒྱལ་ཟླ་བའི་ཚེས་ལ་སྲས་འཁྲུངས་པའི་ཞལ་རས་ཟླ་བ་ལྟ་བུ།ཐུགས་དགོངས་ནམ་མཁའ་ལྟར་ཡངས་པ།མཛད་སྤྱོད་ཆོས་དང་མཐུན་པ།དགྲ་ལ་དུག་གི་ཚེར་མ།གཉེན་ལ་རྒྱ་དར་དཀར་པོ།དཔའ་ལ་རྒྱ་སྟག་ངར་མ། རྩལ་དྲུག་སྐྱ་ཁྲ་ཧོར་བ་ལྟ་བུ་ཞིག་བྱུང་བས།ནང་མི་རྣམས་ཀྱིས་ཞལ་ལུ་ཉི་མ་རང་ཤར་ཟེར།ཕྱི་མི་རྣམས་ཀྱིས་འབུམ་པ་རྒྱ་ཚ་ཞལ་དཀར་ཞེས་མཚན་གསོལ་ཏེ།བླ་མ་རྣམས་ཀྱིས་ཚེ་གཡང་བྱས།ཕ་ཨ་ཁུ་རྣམས་ཀྱིས་སྨོན་ལམ་བཏབ།མ་སྲུ་རྣམས་ཀྱིས་གླུ་བྲོ་བླངས་ཏེ་ཉི་མ་བཅུ་གསུམ་གྱི་བར་བཙས་སྟོན་རྒྱ་ཆེན་པོ་བྱས་ཏེ།ཆེ་རྒྱུད་དཔོན་པོ་ལྷ་བུ་ནམ་མཁའ་སེང་གེ་དང༌།འབྲིང་རྒྱུད་དཔོན་པོ་གླིང་ཆེན་ཐར་བའི་བསོད་ནམས། ཆུང་རྒྱུད་དཔོན་པོ་སྤྱི་དཔོན་རོང་ཚ་ཁྲ་རྒན་གསུམ་གྱིས་ཁ་བཏགས་ཉིན་མོའི་བདེ་ལེགས་རེ་དཔའ་ཞལ་ལུའི་མགུལ་དུ་འཕངས་ནས།གླིང་སྤྱི་དཔོན་ན་རེ།ཡཱ་ཚོ་ཆེན་ལྷ་སྡེ་དཔར་པོ་ལགས།བསོད་ནམས་ནང་གི་སྔོན་མ་རེད།དབང་ཐང་དར་བའི་སྔ་ལྟས་ཡིན།རྟེན་འབྲེལ་འགྲིགས་པའི་ཐོག་མ་རེད།དགྲ་བཞི་འདུལ་བའི་དང་པོ་ལ། སྙན་དར་ལུང་མ་གཡེང་གླུ་ལ་ཉོན་ཟེར་ནས། དཔོན་པོ་གསུམ་གྱིས་གླུ་འདི་ལྟར་དུ་བླངས་སོ།།
  གླུ་ཨ་ལ་ལ་མོ་ཨ་ལ་ལེན།། གླུ་ཐ་ལ་ལ་མོ་ཐ་ལ་ལེན།།
  གླུ་མཆོད་དོ་ལྷ་ཆེན་ཚངས་པ་མཆོད།། གླུ་མཆོད་དོ་རྨ་རྒྱལ་སྦོམ་ར་མཆོད།།
  ཟོ་དོར་གེར་མཛོད་གཉན་པོ་མཆོད།། སྐྱེས་ལྷ་གཉེན་སྟག་དམར་པོ་མཆོད།།
  ས་འདི་ཡི་ས་ངོ་མ་ཤེས་ན།། གླིང་སྤྱི་སའི་ཡག་གི་ཁ་མདོ་རེད།།
  འདུ་ར་སྟག་ཐང་ཁྲ་མོ་རེད།། སྦྲ་ཆེན་གྲུ་བཞིའི་ནང་རོལ་རེད།།
  དགའ་སྐྱིད་འཛོམས་པའི་ས་ཆ་རེད།། ང་འདྲའི་ང་ངོ་མ་ཤེས་ན།།
  རོང་ཚ་སྤྱི་དཔོན་རྒྱལ་པོ་ཡིན།། གླུའི་སྐྱོར་ཡ་ཆེ་འབྲིང་དཔོན་པོ་ཡིན།།
  མཆེད་གསུམ་དཔོན་གྱིས་གླུ་ཞིག་འབུལ།། དེ་རིང་གནམ་ལ་སྐར་མ་བཟང༌།།
  ས་ལ་དུས་དང་ཉི་མ་བཟང༌།། བཟང་གསུམ་འཛོམས་པའི་དུས་ཚོད་ལ།།
  བུ་རྒྱ་ཚ་ཞ་ལུར་བཙས་སྟོན་འབུལ།། གླིང་དཀར་པོས་གླུ་ལེན་གར་རྩེན་བྱོས།།
  ལྷ་བླ་མས་ཁྲུས་དང་ཚེ་སྒྲུབ་བྱོས།། མ་སྲུ་མོས་སྨོན་ལམ་བཟང་པོ་ཐོབ།།
  ཕ་ཨ་ཁུས་བློ་རྒྱ་ཐབས་ཀྱིས་བསྐྱེད།། གནའ་མི་བོད་ཀྱི་གཏམ་དཔེ་ལ།།
  ལྷ་དང་ནོར་བུ་དཔོན་པོ་གསུམ།། གསོལ་མཆོད་བྱས་ན་དགོས་འདོད་འབྱུང༌།།
  ཚོང་དང་སོ་ནམ་ཁྱིམ་ལས་གསུམ།།བརྩོན་པས་བསྒྲུབས་ན་ལོངས་སྤྱོད་འབྱུང༌།།
  རྟ་དང་ཆུང་མ་གནས་ཁང་གསུམ།། རྒྱུན་བྱི་དོར་བྱས་ན་རང་དོན་ཡིན།།
  ཨ་ཆེན་གླིང་གི་ཡུལ་སྲོད་ལ།། གླིང་ཆོས་འཕན་ནག་པོ་ཚུན་ཆད་ནས།།
  དགྲ་བྱུང་ན་མདུང་མོ་མེ་མཉམ་འཛིན་ཡིན།། ཟས་སྡེར་ནང་གཅིག་ཏུ་མཉམ་ཟ་ཡིན།།
  སྐྱིད་གདན་ཐོག་གཅིག་ཏུ་མཉམ་འདུག་ཡིན།།གླིང་ཆེན་རྒྱུད་ཕྱོགས་ཀྱི་བཙས་སྟོན་ལ།།
  སེར་པོ་གསེར་གྱི་པ་ཊ་བཅུ།། གསེར་ཁྲབ་དར་གྱི་ཤམ་བུ་ཅན།།
  གསེར་རྨོག་དར་སེར་རྒྱལ་མཚན་ཅན།། རལ་གྲི་དར་གྱི་དཔའ་ལུང་ཅན།།
  རྟ་སེར་པོ་གསེར་བྱ་ལྡིང་འགྲོས་ལ།། གསེར་སྒ་གསེར་སྲབ་གསེར་རྨེད་བཅས།།
  བཀྲ་ཤིས་སེར་པོའི་དར་གྱིས་བརྒྱན།།གསེར་དགུ་ཚན་བདུན་གྱིས་བཙས་སྟོན་འབུལ།།
  བར་གླིང་འོམ་བུས་བཙས་སྟོན་དུ།། དཀར་པོ་དུང་གི་མཆོད་རྟེན་ལ།།
  གཡས་འཁྱིལ་སྙན་པའི་གླུ་དབྱངས་ཅན།། དུང་ཁྲབ་གསེར་གྱི་ཤམ་བུ་ཅན།།
  དུ་རྨོག་དར་དཀར་ཐོར་ཚུགས་སྤྲོས།། རང་གྲི་ངར་མ་རེག་གཅོད་ལ།།
  དངུལ་དཀར་ཞུན་མའི་རྩི་ཡིས་བྱུགས།། རྟ་མགྱོགས་ལྡན་ཟླ་བའི་མདོག་ཅན་ལ།།
  དངུལ་སྒ་དངུལ་གྱི་སྲབ་རྨེད་དང༌།། དར་དཀར་པོ་ཉིན་མོའི་བདེ་ལེགས་བཅས།།
  དཀར་པོའི་དུང་གི་དགུ་ཚན་འབུལ།། གླིང་ཆུང་རྒྱུད་མུ་མའི་སྤྱི་དཔོན་ངས།།
  གཡུ་དྲུག་དཀར་རིན་ཐང་གཞལ་མེད་གཅིག། གཡུ་ཁབ་རྫ་རི་ཐོག་རྡུག་དང༌།།
  གཡུ་རྨོག་ནམ་མཁའ་དྭངས་མོ་ལ།། དར་འཕྲུ་སྤྲིན་དཀར་ཕྱུག་མོས་བརྒྱན།།
  འཇང་བྱུར་ལྷ་དཔོན་གྱི་སྙིང་ནོར་ཡིན།། རྟ་རག་པ་གཡུ་རྔོག་གཡུ་སྒས་བརྒྱན།།
  གཡུ་སྲབ་གཡུ་རྨེད་ཆ་འགྲིག་དང༌།། སྤུ་གྲི་ངར་མ་རྡོ་ཆོད་ལ།།
  སྔོན་པོ་དར་གྱི་དཔའ་ལུང་བཏགས།། སྔོན་པོ་གཡུ་ཡི་དགུ་ཚན་འདི།།
  གླིང་ཆུང་རྒྱུད་ཚང་གི་བཙས་སྟོན་ཡིན།། དེ་ནས་ཚོ་དྲུག་གླིང་གི་སྡེ།།
  གླི་འདི་ལ་ཆེ་འབྲིང་ཆུང་གསུམ་ཡོད།། ཐོབ་གོ་སའི་ཆེ་ཆུང་མ་ཡིན་ཏེ།།
  ཆོས་འཕན་ནག་པོའི་གདོང་རྒྱུད་ལ།། སྐྱེས་སྔ་ཕྱིས་ཆེ་འབྲིང་ཆུང་གསུམ་ཐོག།
  དེ་ཕྱིན་ཕ་རུས་གཅིག་པ་ཡིན།། དཔོན་རྒྱུད་གསེར་གྱི་སྒྲོམ་བུ་གསུམ།།
  མགོ་སྤྱི་བོའི་སྟེང་གི་བུམ་པ་ཡིན།། གསུང་ཅི་འབྱོན་རྩེ་ཐོག་བདུད་རྩི་ཡིན།།
  ལས་ཅི་བྱས་གླིང་པའི་སྤྱི་དོན་ཡིན།། གནའ་མི་བོད་ཀྱི་གཏམ་དཔེ་ལ།།
  དགོན་གྲུ་བཞིའི་ཆོས་གྲྭ་འཛིན་པ་ལ།། ཆོས་མོད་རྒྱུད་བུམ་པའི་བདག་པོ་དེ།།
  ལམ་བསླབ་གསུམ་ཉམས་ལེན་སུ་མཁས་ཡིན།། གོང་དཔོན་གྱིས་ཁྲིམས་དབང་བཟུང་བའི་དུས།།
  ཐོབ་གོ་སའི་གསེར་ཁྲིའི་བདག་པོ་དེ།། ལས་འབངས་དོན་བསྒྲུབ་པ་སུ་བཟང་ཡིན།།
  དེ་ནས་སེང་གི་དཀར་མོའི་རྒྱུད།། མགོ་གཡུ་རལ་གངས་དང་མཉམ་འགྲོགས་ལས།།
  རྒྱ་གྲོང་འགྲིམ་བསམ་ཡིད་ན་མེད།། གཡུ་འབྲུག་སྔོན་མོའི་བུ་རྒྱུད་འདི།།
  གསུང་སྐད་སྤྲིན་དང་བསྡེབས་པ་ལས།། ས་མཐར་འཁྱམས་བསམ་ཡིད་ན་མེད།།
  སྨུག་པོ་དགོང་གི་བུ་རྒྱུད་ལ།། གཞན་སྡེའི་གོང་ཤོར་གནོན་པ་ལས།།
  རང་ཇུས་མི་འགྲུབ་བསམ་པ་མེད།། འོན་ན་ཁྲི་གདུགས་ཉི་མ་དེས།།
  གླིང་བཞི་དྲོད་ལ་བཀོད་ན་ཡང༌།། དུང་ཟླ་མཁའ་ལ་མ་ཤར་ན།།
  སྨག་མུན་པའི་ལམ་ངོགས་སུ་ཡིས་འབྱེད།། དགུང་སྐར་ཚོགས་མང་ཡང་ཕན་པ་མེད།།
  བོད་འཛམ་གླིང་རྫོང་ཆེན་བཅུ་གཉིས་དང༌།། མཐའ་བཞི་བདུད་ཀྱི་རྒྱལ་ཁག་བཞི།།
  འདུལ་མཁན་གླིང་དཀར་ལྷ་ཡིས་བསྐོས།། གཟུགས་ཅན་དཔའ་བོའི་འཐབ་ཡ་དང༌།།
  དཔའ་སྟོབས་ཆེན་དཔུང་བའི་ཤེད་ཡ་ལ།། དཔོན་མཆེད་གསུམ་ཉི་མ་ཤར་འདྲ་ཡོད།།
  གཟུགས་མེད་གདོན་གྱི་ཁ་གནོན་དང༌།། འདྲེ་འབྱུང་བོ་སོགས་ཀྱི་ལྟག་བདུད་ལ།།
  མི་མིན་ལྷ་ཡི་སྤྲུལ་བ་ཞིག། ལྷ་གོང་མས་ཕྱག་གདང་བསྒྲིགས་ས་གཅིག།
  གཉེན་སྐུ་ལྷས་བསྐོར་བ་བྱེད་ས་གཉིས།། ཀླུ་གཙུག་ནས་འབུལ་བ་ཕུལ་ས་གསུམ།།
  ལུས་རྫུ་འཕྲུལ་གྲུབ་རྟགས་ཐོབ་པ་བཞི།། གླིང་དཀར་པོའི་མགོན་དུ་འཁྲུངས་པར་ཤོག།
  དཔོན་ཆེ་འབྲིང་ཆུང་གསུམ་རྒྱུད་པ་ལ།། བུ་གང་འཁྲུངས་སྔོན་གྱི་ལས་སྐལ་ཡིན།།
  གཞན་ཕལ་བའི་བུ་དང་འདྲ་ལེ་མིན།། དེ་ནི་གླིང་གི་ལས་སྨོན་རེད།།
  གླུ་འཁྲུལ་བར་སོང་ན་བཟོད་པར་གསོལ།། ངག་འཁྱལ་བར་བྱུང་ན་མཐོལ་ལོ་བཤགས།།
  གླིང་ཚོ་དྲུག་ཡིད་ལ་དེ་ལྟར་ཟུངས།། ཞེས་གླིང་སྟོད་སྨད་བར་གསུམ་གྱིས་བཙས་སྟོན་རྒྱ་ཆེན་པོ་བྱས། ཁྲོམ་མང་ཚོགས་ཀྱིས་ལ་ལས་གླུ་བླངས་ཤིང༌།

       ལ་ལས་གར་བྱེད་པ། ལ་ལས་བྲོ་འཁྲབ་པ་སོགས་རྩེ་འཇོའི་ཡོ་ལང་བསམ་གྱིས་མི་ཁྱབ་པ་བྱས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབརྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-05-20 ལྟ་ཀློག (4899)