བུང་བ་གཞོན་ནུའི་སྐྱོ་གླུ།

བུང་བ་གཞོན་ནུའི་སྐྱོ་གླུ།
སེར་ལམ་མེ་ཉི་མ་ཤར་གི །
སྙན་ལྷང་ངེ་ཁུ་བྱུག་གྲག་གི །
ཁྲ་ལམ་མེ་མེ་ཏོག་བཀད་གི །
ས་གླིང་དཀར་སྟོད་འདི་སྐྱིད་ལ། །
ཉིན་ཞིག་གི་ཕྱི་དྲོ་ཞིག་ལ། །
མ་རང་གི་ཁྱིམ་ལ་ཐོན་དུས། །
ས་ཐག་རིང་འགྲུལ་བ་གསུམ་ཡོང༌། །
ངས་ཕ་ལོ་མ་ལོ་གཉིས་ཀར། །
གན་སུ་རེད་གང་རེད་དྲིས་ན། །
ངའི་ཕ་ལོ་མ་ལོ་གཉིས་ཀས། །
ས་ཐག་རིང་མགྲོན་པོ་ལམ་འགྲོ །
ཞག་གཅིག་གི་འགྲུལ་བ་ཆུ་འཐུང༌། །
སང་ནངས་མོ་ནམ་མཁའ་ལངས་དུས། །
རླུང་བསེར་བུ་མཉམ་འགྲོ་རེད་ཟེར། །
ང་བུ་མོའི་བློ་ཁ་བདེ་ཐལ། །
ནམ་སྐྱ་རེངས་མ་ཤར་གོང་ལ། །
ཟོ་ཁུར་ནས་ཆུ་ཁར་སོང་དུས། །
རོགས་མདངས་ཅན་ཤར་ལི་ཐོན་ནས། །
ས་ཚ་ཁོའི་གཞུང་ཁོག་ཅིག་ལ། །
འགྲོ་དགོས་གི་ཟེར་ནོ་ཨེ་བདེན། །
རོགས་ང་ལ་མདངས་སེམས་ཆེ་ན། །
གཏམ་མ་གསང་དྲང་མོར་ཤོད་ཟེར། །
ངས་ཕ་ལོ་མ་ལོར་དྲིས་ན། །
ངའི་ཕ་ལོ་མ་ལོ་གཉིས་ཀས། །
ཚེ་ཕྱི་མར་འགྲོ་གི་ཡུལ་སྲུང༌། །
ལ་རིང་བོར་འགོ་གི་ལག་རྟེན། །
གཅིག་ཡོད་ནོ་བུ་མོ་ཁྱོད་རེད། །
ས་ཚ་ཁོའི་གཞུང་ཁོག་ཕར་ཞོག །
ཐག་ཉེ་རིང་ཀུན་ལ་མི་སྟེར། །
གཏམ་གོ་གོ་གཉི་ག་མ་ཉན། །
ཟས་བྱིན་བྱིན་གཉི་ག་མ་ཟ། །
གཏམ་གོ་ཚད་ཉན་ནི་མིན་ད། །
གཏམ་ངན་པ་བྱང་ཕྱོགས་རླུང་རེད། །
རླུང་བསེར་བུས་ས་གཞི་ཁྱབ་ཐལ། །
བློ་དེ་ཡིས་མ་བདེ་དྲིས་ནི། །
ས་ཚ་ཁོ་གཞུང་ཁོག་གན་ན། །
འགྲོ་དགོས་གི་དུས་སྟེང་ཞིག་ལ། །
རོགས་མདངས་ཅན་ཤར་ལི་ངེད་གཉིས། །
སྐེ་གཤིབས་ནས་འདུག་དབང་ཨེ་ཡོད། །
སྐེ་གཤིབས་ནས་འདུག་དབང་མེད་ན། །
ཡང་མིན་ན་ཆུ་ལ་ལྕེབ་རྒྱུ། །
ཡང་མིན་ན་བྲག་ལ་ལྡིང་རྒྱུ། །
གཅིག་མིན་ན་ཐར་མདོ་ཆེན་མོ། །
མནའ་གན་མོ་བསྐྱལ་ན་ཨེ་རློམ། །
བསྐྱལ་བཏང་ནས་ཟོས་ན་ཨེ་ཆོག །
ཟོས་བཏང་ན་ཐར་བ་ཨེ་ཡོད། །
རོགས་ཤར་ལིའི་སེམས་ལ་འདི་ཟུངས། །
ས་ཚ་ཁོ་གཞུང་ཁོག་གན་ན། །
འགྲོ་དགོས་གི་དུས་སྟེང་ཞིག་ལ། །
རོགས་ངེད་གཉིས་ཐུག་ཁ་དཀའ་གི །
འགང་དཀའ་གི་ཟེར་ནི་མིན་མོད། །
ཁྱོད་འགྲོ་སའི་གནས་བདག་ཚང་ལ། །
རྒྱུ་འབྱོར་བ་ཆེ་རབས་ཟེར་གི །
ནོར་ལོངས་སྤྱོད་ཡོད་རབས་ཟེར་གི །
ཁྱོད་སྐྱིད་ལེ་བདེ་ནས་བསྡད་ན། །
ཁྱོད་སྐྱིད་སའི་བདེ་སར་ལོས་འཇོག །
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།

རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-05-20 ལྟ་ཀློག (4392)