སྤྱི་ཚོགས་རིང་ལུགས་ནི་ཕུགས་བསམ་ཞིག་ཡིན།

སྤྱི་ཚོགས་རིང་ལུགས་ནི་ཕུགས་བསམ་ཞིག་ཡིན།
   
                                        རྩོམ་པ་བོ། ཀྲིག་ཡུག་ཀོང༌།                                         

                                                                                ཤེས་རབ་བསྟན་དར་གྱིས་བསྒྱུར།

   སྤྱི་ཚོགས་རིང་ལུགས་ལ་བཤད་ཕྱོགས་མང་བོ་ཡོད་དེ་སྟོང་བསམ་སྤྱི་ཚོགས་རིང་ལུགས་ཡོད་ལ། ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱང་ཡོད། ཨུ་རི་སིར་སུའུ་གུང་སྤྱི་ཚོགས་རིང་ལུགས་ཡོད་ལ་ཀྲུང་གོར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱང་ཡོད། ཁན་ཕུ་ཀྲིར་དམར་བོའི་སྤྱི་ཚོགས་རིང་ལུགས་ཡོད་ལ། འབར་མར་དམག་མི་སྤྱི་ཚོགས་རིང་ལུགས་ཀྱང་ཡོད། པི་ལི་ཡར་མང་ཚོགས་སྤྱི་ཚོགས་རིང་ལུགས་ཡོད་ཅིང་། ད་དུང་གཞན་པ་དག་གིས་ཀྱང་རང་ཉིད་སྤྱི་ཚོགས་རིང་ལུགས་ཡིན་ཟེར། ཚེ་གང་བོར་སྤྱི་ཚོགས་རིང་ལུགས་ཀྱི་བྱ་བ་ལས་པའི་གསར་བརྗེ་རྒན་རབས་པས་ཀྱང་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་ཡིན་པ་གསལ་བོར་བཤད་མི་ཐུབ།
སྲིད་བློན་གཞོན་པ་ཁྲུན་ཡིས་ལོའོ་ལོ་གུག་རྒྱལ་བོས་གསོལ་སྟོན་དུ་གདན་དྲངས། མགྲོན་པོ་རེའི་རྒྱབ་ན་བྲོ་བ་སྡེབ་སྦྱོར་མཁན་རེ་ཡོད། རྒྱལ་བོས་བཤད་རྒྱུར། ང་ཚོ་མི་རེ་ལ་ཟས་སྡེར་མ་གང་རེ་ཡོད་དེ་ཀུན་ཀྱང་སྤྱི་ཚོགས་རིང་ལུགས་ཡིན། ཡིན་ནའང་ཀུན་གྱི་བྲོ་བ་མི་འདྲ་ཟེར།
   སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་ཡིན་པ་བཤད་མི་ཐུབ་ནའང༌། གསར་བརྗེ་བ་དག་གིས་ཅིའི་ཕྱིར་རང་ཉིད་སྤྱི་ཚོགས་རིང་ལུགས་ཡིན་ཞེས་བཤད་པ་ཡིན་ནམ།  སྤྱི་ཚོགས་རིང་ལུགས་ནི་ཆེས་མཐོ་བའི་ཕུགས་བསམ་ཞིག་ཡིན་པས་གསར་བརྗེ་བས་གསལ་བོ་བཤད་མི་ཐུབ་ལ་ཀུན་གྱིས་ཁས་ལེན་པའི་དོན་ངོ་མའི་སྤྱི་ཚོགས་རིང་ལུགས་ཤིག་བྱུང་མ་མྱོང༌། དེ་བས་ཆེས་མཐོ་བའི་ཕུགས་བསམ་དེ་བསྐྱུར་བ་ནི་ཆེས་སླ། དེ་ནི་ཀྲུང་གོས་གནའ་ནས་ད་བར་དུ་ཀུན་གྱིས་རེ་བའི་ཕུགས་བསམ་གཏན་ནས་མངོན་དུ་གྱུར་མ་མྱོང་བའི་ཁར་ཀུན་གྱིས་རེ་བའི་ཆེས་མཐོ་བའི་ཕུགས་བསམ་བསྐྱུར་བ་དང་ཀུན་ནས་མཚུངས།
སུའུ་ལན་ཐོར་རྗེས་རང་བཙན་བྱས་པའི་ཨུ་རུ་སིས་སྤྱི་ཚོགས་རིང་ལུགས་བསྐྱུར་ཞིང་ཡེ་ལི་ཆིན་གྱིས། གུང་ཁྲན་རིང་ལུགས་ཀྱི་བསམ་བློའི་ཆ་ལག་དང་ལག་ལེན་གྱི་དབང་བསྒྱུར་དོར། སུའུ་ལན་ཐོར་བ་ནི་ཨུ་རི་སི་དར་རྒྱས་སུ་འགྲོ་བར་ངེས་པར་དགོས་པའི་སྔོན་འགྲོ་ཡིན་ཞེས་བསྒྲགས། དེ་ལྟར་ཨུ་རུ་སི་ལོ་རྒྱུས་ཀྱི་ནོར་འཁྲུལ་ལས་ཕྱིར་བུད།
མོ་སི་ཁོའོ་ན་སྡོད་པའི་ཀྲུང་གོའི་མཁས་པ་ཞིག་གིས་སུའུ་ལན་གྱི་སྲིད་འཛིན་གྱིས་སུའུ་ལན་མཇུག་བསྡུས་པའི་བརྙན་འཕྲིན་གཏམ་བཤད་ལ་ཉན་རྗེས་ཧ་ལས་ཏེ་འཚབ་འཚུབ་ཀྱིས་ཐང་ཆེན་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས། མི་ཐ་རེ་ཐོ་རེ་སྐོར་ཞིག་སྲང་ན་འགྲོ་བཞིན་པ་མཐོང་བ་ལས་ཁོ་རང་གི་བསམ་ཚོད་ལྟ་བུའི་འདུས་ཚོགས་ཅི་ཡང་མེད་པ་མཐོང༌། ཉིན་གཉིས་པར་སོང་ནས་ཨུ་རུ་སིའི་གྲོགས་པོའི་སར་སོང༌། གཅིག་གིས་ཁོས་བརྙན་འཕྲིན་ལ་མ་བལྟས་རེད། གཅིག་གིས་འདི་དོན་དག་ངན་པ་ཞིག་གཏན་ནས་མ་རེད་ཟེར། ཡང་གཅིག་གིས་ཁོ་ཚོས་སོང་ན་འདོད་ན་འགྲོ་རུ་ཆུགས་ཟེར།(ཁོ་ཚོས་བསྟན་པ་ནི་སུའུ་ལན་གྱི་མཉམ་འབྲེལ་རྒྱལ་ཁབ་དང་སྐར་མའི་རྒྱལ་ཁབ་ཡིན)འཛམ་གླིང་ཡོངས་ཧ་ལས་ན་ཡང༌། སུའུ་ལན་ཁོ་ན་མུ་མཐུད་དུ་ཁུ་སུམ་མེར་བསྡད། ལོ་དོན་གཉིས་ཀྱི་ཉམས་མྱོང་ལས་ཁོ་ཚོའི་སྤྱི་ཚོགས་རིང་ལུགས་ཇི་འདྲ་ཞིག་ཡིན་པ་གསལ་བོར་ཤེས་འདུག          《རིག་གཞུང་དང་བགྲོ་གླེང》ཞེས་པའི་རྒྱ་ཡིག་དེབ་ལས་འདེམས་ཏེ་བསྒྱུར།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-05-16 ལྟ་ཀློག (3155)