བོད་ཀྱི་ཉལ་ཐ་སྔོན་འགོག་དཔའ་བོ།

ཉལ་ཐའི་དམག་འཁྲུག་ཏུ་མ་ཞུགས་པའི་ཉལ་ཐ་སྔོན་འགོག་པ།

གྱི་ལིང་འཇིགས་མེད།

   ཁྱེད་ཀྱིས་ཉལ་ཐ་ཞེས་པ་འདི་གོ་མྱོང་ངམ། ང་ཚོའི་ཕ་ཡུལ་དུ་འདི་ལ་དུ་ནག་ཟེར། མང་བོ་ཞིག་གི་སེམས་སུ་དེ་ནི་ནག་པོ་ཞིག་ཡིན་ངེས་བསམ་སྲིད་མོད། དེ་ནི་བཀྲག་མདངས་ལྡན་པའི་མེ་ཏོག་ཅིག་ལས་བྱུང་བ་ཡིན་ལ། མདོན་ཀྱང་སྣ་ཚོགས་ཡོད་མོད། མང་ཤོས་དཀར་བོ་ཡིན།

  སྤྱིར་བཏང་ཉལ་ཐའི་དམག་འཁྲུག་བཤད་སྐབས་མི་རྣམས་ཀྱི་སེམས་སུ་ལིས་ཧུང་ཀྲང་དང་ཙའོ་ཙུང་ཐང་སོགས་དྲན་སྲིད།འོན་ཀྱང་ངས་འདི་ནས་གླེང་ན་འདོད་པ་ནི་དེ་དག་མིན་ལ།ལག་ཏུ་མཚོན་ཆ་བཟུང་བའི་དཔའ་བོ་ཞིག་ནི་དེ་བས་ཀྱང་མིན།དེ་ནི་བོད་གངས་ཅན་གྱི་སྐྱེ་འགྲོ་མང་བོའི་སེམས་ཀྱི་ཆེས་མཐོ་ས་ན་གནས་པའི་སྐྱེས་ཆེན་དམ་པ་ཞིག་རེད། ཁོང་ནི་ཆུང་དུས་ནས་དགོན་པར་ཞུགས་ཏེ་དམ་པའི་ཆོས་ལ་སློབ་གཉེར་གནང་།རྗེས་སུ་མཁས་བཙུན་བཟང་གསུམ་གྱི་སྙན་གྲགས་རྒྱལ་ཁབ་ཕྱི་ནང་མང་བོར་ཁྱབ་ཅིང་།ཡང་དར་བསྟན་པའི་ཉིན་བྱེད་འདྲེན་པའི་སྐྱ་རེངས་ལྟ་བུ་ཞིག་ཏུ་གྱུར།

  ཁོང་ནི་དགོན་པ་ནས་འཚར་ལོངས་བྱུང་བའི་སྐྱེ་བུ་ཞིག་ཡིན་མོད།འོན་ཀྱང་ཁོང་སྐུ་ན་ཕྲ་བའི་སྐབས་དེར་རྒྱལ་ཁབ་ཕྱི་ནང་མང་བོར་འགྱུར་ལྡོག་སྣ་ཚོགས་བྱུང་ཞིང་།བོད་ཀྱི་ས་ཕྱོགས་མང་བོར་ཡང་འགྱུར་ལྡོག་བློས་མི་དཔོག་པ་བྱུང་བས།ཁོང་གི་ལྟ་རྒྱ་དང་བློ་རྒྱ་ཡང་ཇེ་ཆེར་གྱུར་ཏེ་བོད་མི་རིགས་ཀྱི་བདེ་སྡུག་མཐའ་དག་ཕྲག་ཏུ་ལེན་དགོས་པའི་སེམས་ཤུགས་རྙེད།

   ༡༩༧༥ལོར་ས་ཕྱོགས་མང་བོ་ནས་དུས་འགྱུར་མི་བདེ་བ་འབྱུང་བར་བརྩམས་པ་ན་ཁོང་གིས་ཆེས་ཐོག་མར་ཞིང་ཆེན་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ་གོང་རིམ་གྱིས་དོན་འདི་ལ་མཐོང་ཆེན་བྱེད་དགོས་ལུགས་ཞུས། དེ་དོགས་གཞི་ལྟ་བུར་གྱུར་ཏེ་ཕྱིས་སུ་ཁོང་ཁྲིམས་ཁང་ནས་མི་ལོ་བཅུ་ཕྲག་གཉིས་ལྷག་ལ་བཞུགས་པ་རེད།

   ཁོང་ཆུང་དུས་ནས་ཡོངས་འཛིན་དམ་པ་མང་བོས་གསོ་སྐྱོང་གནང་བ་ཡིན་ལ། དེ་བས་ཀྱང་ཡོངས་འཛིན་ཐུབ་བསྟན་ཚང་གིས་རྟག་པར་སྤྲུལ་སྐུ་ཆུང་ཆུང་དེ་ལ། ད་སྐབས་ཉལ་ཐ་ཞེས་པའི་དངོས་པོ་ལྕི་བའི་མདོག་ལྟ་བུ་ཞིག་ཕྱི་རྒྱལ་གྱི་བཙན་འཛུལ་བ་ཚོས་ཀྲུང་གོའི་ས་ཆར་འགྲེམ་བཞིན་ཡོད་ལ།གལ་ཏེ་མི་རྣམས་ཀྱིས་དེ་ལོངས་སྤྱད་ན་ལས་ཀ་དང་དམག་འཁྲུག་སོགས་གང་ལའང་ཞུགས་མི་ཐུབ་པས་དེ་ནི་ཤིན་ཏུ་འཇིགས་སུ་རིང་བ་ཞིག་ཡིན་ཞེས་ཡང་ཡང་གསུངས་མྱོང་། དུས་སྐབས་དེར་རང་རེའི་བོད་ཀྱི་ས་ཆ་མང་བོ་ན་ཡང་ཉལ་ཐ་འདེབས་ཀྱིན་ཡོད། ཉལ་ཐ་འཐེན་མཁན་སོགས་ཀྱི་ལོ་རྒྱུས་མ་རྙེད་མོད།འདེབས་མཁན་ཤིན་ཏུ་མང་། དཔེར་ན་༡༩༥༣ལོར་ཀན་ལྷོ་ཁུལ་གསར་དུ་ཚུགས་སྐབས་ས་གནས་དེའི་རྫོང་གསུམ་གྱི་སྡེ་བ་༤༥༠ཡི་དུད་ཁྱིམ་ཁྲི་༡.༡ལྷག་སྟེ།མི་གྲངས་ཁྲི་དྲུག་ལྷག་གིས་ཉལ་ཐ་འདེབས་བཞིན་ཡོད། ཁོ་ཚོས་དེ་དུས་ས་ཞིང་མུའུ་ཁྲི་གསུམ་དང་གྲངས་ཆུང་བརྒྱད་ལ་བཏབས་ཡོད་པ་དེ་ནི་ཁུལ་ཡོངས་ཀྱི་སའི་བརྒྱ་ཆའི་བཅུ་བདུན་ཟིན་ཡོད།ད་དུང་ཆེད་དུ་ཉལ་ཐ་ལས་སྣོན་བྱེད་མཁན་ཡང་དུད་ཁྱིམ་བརྒྱ་ལྷག་དང་ཉལ་ཐའི་ཚོང་བྱེད་མཁན་ཡང་ཉིས་བརྒྱ་ལྷག་ཡོད།

   ད་དུང་བོད་ཁུལ་གྱི་སི་ཁྲོན་ཕྱོགས་ནས་ཐོན་པའི་ཉལ་ལ་སྙན་གྲགས་ཧ་ཅང་ཆེ་བས་ལན་ཇུ་དང་ཟི་ལིང་། ད་དུང་ཧྲང་ཧའེ་དང་ནན་ཅིན་སོགས་སུ་ནང་འདྲེན་བྱས་པར་༼ཁྲོན་ནུབ་ལྡེ་གུ༽དང་།ཡང་ན་༼ནུབ་ས།༽ཞེས་འབོད།

   དུས་སྐབས་དེ་ནི་ལིས་ཧུང་ཀྲང་གི་ཉལ་ཐའི་དམག་འཁྲུག་ནི་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་ཏུ་གྱུར་ཚར་བའི་སྐབས་ཡིན་ལ།རྒྱལ་གཅེས་པ་མང་བོས་སྔར་བཞིན་ལུས་སྲོག་ཐེད་ལ་བོར་ཏེ་ཉལ་ཐ་སྔོན་འགོག་བྱེད་བཞིན་པའི་སྐབས་རེད། དེ་དུས་གཞུང་སྒེར་སུ་ཡིན་ཡང་མི་ལོ་བརྒྱ་ཕྲག་ལྷག་གི་རིང་ལ་ཀྲུང་གོ་ནས་ཉལ་ཐ་སྔོན་འགོག་རྩ་བ་ནས་བྱེད་མ་ཐུབ།

འོན་ཀྱང་བོད་ཡུལ་ནས་གློ་བུར་ནན་ཅིན་སོགས་སུ་ནང་འདྲེན་བྱེད་པའི་ཉལ་ཐ་གྲགས་ཅན་དེ་དག་གི་རྒྱུན་ཆད་སོང་།དེ་ནི་མཐོ་སྒང་ལ་ཐན་པ་བྱུང་བས་མ་ཡིན་པར་བོད་ཀྱི་སྐྱེས་བུ་རླབས་ཆེན་ཞིག་གིས་རྒྱ་ཆེ་བའི་མང་ཚོགས་ལ་བྱམས་བརྩེ་རྨང་གཞིར་གྱུར་པའི་སློབ་གསོ་བཏང་བས་རེད།

ཁོང་ནི་དུས་སྐབས་དེར་ཆེས་གཟིགས་རྒྱང་རིང་བའི་དམ་པ་ཞིག་སྟེ།བཅིངས་འགྲོལ་ཡར་སྔོན་ནས་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་སེལ་ཕྱིར་འོ་རྫས་བཟོ་གྲྭ་ཞིག་ཀྱང་བཙུགས་མྱོང་། ཁོང་ནི་ཀུན་གཟིགས་པཎ་ཆེན་བཅུ་བ་ཆེན་མོའི་ཆེས་ཐུགས་འདང་ཆེ་ས་དེ་ཡིན་པས།སྔོན་ཆད་ཀུན་གཟིགས་མཆོག་ཕྱོགས་མང་བོར་གཟིགས་ཞིབ་ཏུ་ཕེབས་སྐབས་འགོ་ཁྲིད་མང་བོས་སྐྱེ་བུ་དམ་པ་འདི་ལ་ངོ་ཆེན་ཞུས་ཏེ་ཕེབས་རོགས་ཞུས་པ་རེད། དེ་ཡང་ཀུན་གཟིགས་མཆོག་ཐུགས་རྒྱལ་དྲག་པོ་བཞེངས་པའི་སྐབས་ཡིན་ཡང་སྐྱེ་བུ་འདི་མཐོང་འཕྲལ་ཐུགས་དྭངས་འགྲོ་བས་ཡིན་ལ།ཁོང་གིས་ཀུན་གཟིགས་མཆོག་ལ་གནས་ཚུལ་དངོས་ཞུ་ཕོད་པས་ཀྱང་རེད།

   ཁོང་གིས་ཚ་ཁོ་སོགས་ས་ཕྱོགས་དེ་གའི་དཔོན་པོ་རྣམས་ལ་ཉལ་ཐའི་ཉེས་དམིགས་སྣ་ཚོགས་གསུངས་ཏེ་དུག་རྫས་དེ་སྔོན་འགོག་གནང་། དེ་ཡང་ཁོང་གིས་མིག་རྒྱང་ཐུང་ངུས་བལྟས་ན་ཉལ་ཐ་འདིས་སྒོར་མོ་ལེན་ཐུབ་མོད། འོན་ཀྱང་ཐག་རིང་ལ་བསམ་བློ་བཏང་ན་མི་རྣམས་ཀྱིས་དུག་རྫས་འདི་ལ་སྤྱད་པ་ནས་མི་མིན་འདྲེ་མིན་དུ་གྱུར་ཏེ་ཐ་ན་ཁྱིམ་ཚང་སྟོང་བར་གྱུར་པའང་ཧ་ཅང་མང་། ང་ཚོས་སྒོར་མོ་འཚོལ་དགོས་མོད།འོན་ཀྱང་གཞན་ལ་གནདོ་པའི་སྒོར་མོ་དེ་གཏན་ནས་འཚོལ་མི་རུང་ཞེས་གསུངས་པར་དཔོན་པོ་དག་གིས་ཐོས་འཕྲལ་ཐམས་ཅད་དད་གུས་དང་སྐྲག་སྣང་ཁྲོད་ནས་ཕྱིར་ལོག

   ༡༩༤༨ལོའི་ཟླ་༣ཚེས་༡༥ཉིན་ཁོང་གིས་སླར་ཡང་ས་ཕྱོགས་དེར་དུས་འཁོར་དབང་ཆེན་གནང་ཞིང་མཇུག་ཏུ་དཔོན་པོ་དང་མི་སེར་ཐམས་ཅད་ལ་ཉལ་ཐའི་ཉེས་དམིགས་གསུངས་པས་དེ་འཕྲལ་མི་སེར་རྣམས་ཀྱིས་ལག་ཏུ་དབྱུག་པ་སོགས་ཁྱེར་ནས་ཉལ་ཐ་གཅོག་ཏུ་སོང་། དེ་ནས་བཟུང་བོད་ཀྱི་ཐ་ནང་ལོགས་སུ་ཡོང་རྒྱུ་མེད་པར་གྱུར།

   ཁྲུང་ཆིན་དང་ནན་ཅིན།ལན་ཇུ།ཁྲིན་ཏུ་སོགས་སུ་ད་ནི་ཁྲོན་ནུབ་ཏུ་ཉལ་ཐ་འདེབས་རྒྱུ་མ་རེད། དེ་ནི་གུང་ཐང་ཚང་ཟེར་བའི་བླ་མ་ཞིག་གིས་མང་ཚོགས་སློབ་གསོ་གནང་སྟེ་སྔོན་འགོག་བྱས་པ་རེད་ཅེས་པའི་སྐད་ཆ་ཞིག་གང་སར་ཁྱབ། དེ་མུར་གོ་མིན་ཏང་ཀན་སུའུ་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱིས་ཆེད་དུ་ཁོང་ལ་བསྟོད་པ་བྱས་ཤིང་། ནན་ཅིན་སྲིད་གཞུང་ཁོང་ཉིད་ནན་ཅིན་དུ་གདན་འདྲེན་ཞུས་ཏེ་བྱ་དགའ་འབུལ་རྒྱུ་ཞུས་མོད། འོན་ཀྱང་ཁོང་བཞད་བཞིན་དུ་ན་རེ། མི་རྣམས་ལ་སློབ་གསོ་བཏང་སྟེ་དགེ་བ་བྱེད་དུ་འཇུག་རྒྱུ་དེ་ནི་ངེད་རང་ནང་བ་བ་ཞིག་གི་འོས་འགན་ཡིན།ཞེས་གསུངས་ཏེ་བྱ་དགའ་ལེན་དུ་མ་ཕེབས་པ་རེད།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-05-13 ལྟ་ཀློག (3837)