​ཟླ་བའི་གཙང་པོ།

ཟླ་བའི་གཙང་པོ།

  ནེའུ་ཆུང༌།  

མྱ་ངམ་གྱི་བྱེ་ཐང་ཆེན་པོ་བརྒལ་འོང་བའི་གནས་མཇལ་བ 
སེམས་པའི་སྒོ་ཐེམ་དུ་འགྲེང་སྟེ་ཡུན་རིང་ལུས
ལྔ་ཐོག་གི་སྒེའུ་ཁུང་ནས
ཟླ་བ་སྒོར་མོ་སྙིམ་པར་བཅུས་ཏེ
སེམས་པའི་ཆེས་ཉེ་ས་ནས་བཏུང་བའི་གོ་རིམ
དུསཚོད་ལྡོག་སྟེ་བཞུར་བའི་གླེང་སློང་ཡིན
སྐར་འོད་རབ་རིབ་ཀྱི་ཕྱི་ནང་ནས    ཁ་སང་གི་ཁྱོད
འཛུམ་ཆུང་ཁུག་རྟ་བཞིན་འཕུར་བའི་ཁ་སང་གི་ཁྱོད
སྨུག་པར་གཡེང་བའི་རྨི་ལམ་བཞིན
མེ་ཏོག་གིས་བསླེས་པའི་དཔྱངས་ཟམ་ཞིག་བརྒྱུད་དེ་འོང

ཁྱོད་ཀྱི་འཇིག་རྟེན་ཧྲིལ་བོ་ཁྲ་ལམ་མེར་མཐོང་ཕྱིར
མིག་ཟུང་ཁུ་སིམ་མེར་བཙུམས་རྗེས
ཟླ་བའི་གཏིང་གི་ཉ་མོ་རེ་ཆུ་མཐར་འཁྱུག་པའམ
སྤྲིན་པའི་ངོགས་ཀྱི་རླབས་ཕྲན་རེ་བསེར་བུས་བསྒུལ་བའི
བྲག་ཅ་ཐར་ཐོར   རླུང་བུ་འཇམ་པོས་འཁུར་བའི་ཁྲོད
ཕྱེ་མ་ལེབ་དཀར་པོ་དེ་ཡང་བསྐྱར་འཕུར་འོང
ཡང་བསྐྱར   ཇེ་ཉེ་ནས་ཇེ་ཉེ་འཕུར་འོང
གཤོག་ཕྲན་གྱིས་བསྒུལ་བའི་རླུང་རླབས་ཕྲན་བུས
རྡོ་བ་སྔོན་པོའི་ལྭ་བ་གྱོན་པའི་མགྲོན་པོ་ང
སྐུད་པ་ཆད་པའི་ཤོག་བྱ་ལྟར    རྒྱང་རིང་ལ་ཁུར་སོང
རྒྱང་རིང་རྒྱང་རིང་ལ་ཁུར་སོང

ཟླ་བའི་གཙང་པོ
ཆར་ཕོར་ཞབས་ལ་ལྷུང་བའི་མཚན་མོ་ཟླུམ་པོ
ཁྱོད་ཀྱི་ལྷིང་འཇགས་ཀྱི་བཟི་ཁ་རེ་རེ་ནས
ངས་སེམས་མཐིལ་ལ་ལྷུང་བའི་རྨ་ཁ་ཇི་ལྟར་གསོ

                       ལུགས་རྙིང༢༠༠༣ལོའི་ཟླ༣པའི་ཚེས༡༥ཉིན།

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-05-10 ལྟ་ཀློག (640)