གངས་སེང་གི་ངར་སྐད་དཔེ་རུ་འཛིན་པའི་གླུ་དབྱངས།

གངས་སེང་གི་ངར་སྐད་དཔེ་རུ་འཛིན་པའི་གླུ་དབྱངས།

 ཡི་དམ་ཚེ་རིང་། 

དང་པོ།

     བདག་གི་བསམ་ཚུལ་ལྟར་ན། སྙན་ངག་ནི་ཕྱིའི་རྣམ་པ་གལ་བོ་ཆེར་འཛིན་དགོས། སྙན་ངག་དེ་རྩོམ་རིག་གཞན་དང་མི་མཚུངས་པར་སྙན་ངག་ཏུ་འགྱུར་ཐུབ་པའི་རྩ་བའི་རྒྱུ་རྐྱེན་དེ་ཡང་མཐར་གཏུགས་ན་རྩོམ་ལུས་ཀྱི་རྣམ་པར་དང་དོད་བྱས་པ་ལས་བྱུང་བ་རེད། ང་རང་ཉིད་སྙན་རྩོམ་གྱི་སྟེགས་བུར་ཐོག་མར་གོམ་ཁ་བསྒྱུར་དུས། རང་རྒྱལ་སྙན་ངག་པ་ཕལ་མོ་ཆེ་ཡིས་སྡེབ་སྦྱོར་དམ་ལྷོད་སྦྲེལ་མའི་རྩོམ་སྟངས་ལྟར་སྙན་ངག་གསར་རྩོམ་བྱེད་ཅིང་། དེ་ནི་སྙན་ངག་གསར་བའི་གཞི་རྩའི་རྩོམ་སྟངས་ཤིག་ཏུ་ངོས་འཛིན་བཞིན་ཡོད་ལ། ངའི་རྩོམ་སྟངས་ཀྱང་དེ་རྣམས་ཀྱི་ངང་ཚུལ་ལས་མ་འདས།


      ལོ་འདི་འགའི་རིང་ལ། སྙན་ངག་པ་མང་ཆེ་ཤོས་ཀྱིས་ཡ་མཚན་རྩོམ་ཚུལ་ཁོ་ན་བསམ་ཞིང་ཡ་མཚན་ཅན་དུ་གཏོང་ཐུབ་ན“གསར་བ”ཡིན་པས་ཁྱབ་པ་ལྟ་བུའི་འདོད་ཚུལ་འཛིན་གྱིན་ཡོད། དེ་ཡང“ཡ་མཚན”ཅི་ཙམ་ཆེ་ན་དེ་ཙམ་གྱིས“གསར་བ”ཡིན་པར་འདོད་པའི་ཕྱི་གླིང་གི་བསམ་བློའི་རླབས་རྒྱུན་གྱིས་གནམ་ས་ཁེབས་པ་བཞིན་བསླེབས་པའི་དུས་སུ། ཡ་མཚན་གྱི་རྗེས་སྙེག་མཁན་རྣམས་ཀྱིས་ཀློག་མཁན་གྱི་གོ་བ་ལེན་སྟངས་ལའང་བསམ་བློ་གཏོང་དབང་མེད་པར་གྱུར་ལ། ཐ་ན་མི་རིགས་ཀྱི་སློག་རྒྱུན་ཡོད་ཚད་ལ་ངོ་རྒོལ་དང་། ཡོད་ཚད་ཕར་གཡུག་ཐབས་བྱས་ཤིང་། ངོ་རྒོལ་བྱེད་ཐུབ་ན་གསར་སྐྲུན་ཡིན་ཞིང་། ཡོད་ཚད་ཕན་མེད་ཀྱི་གནས་སུ་བགྲངས་ནས་དམན་སར་འཕེན་ཐུབ་ན་ཡར་ཐོན་ཡིན་པར་འདོད། སྙན་ངག་གི་རྣམ་པར་དེ་ལྟར་འཁྱོག་བཤད་བྱས་པས། དུས་སྐབས་ཤིག་ལ་མིའི་བློར་མི་འབབ་པའི་འགྱུར་ལྡོག་གནས་ཚུལ་བྱུང་། དང་ཐོག་གི་དམིགས་ཡུལ་ནི་ཕལ་ཆེར་ཪྙིང་བའི་རྐང་སྒྲོག་ལས་གྲོལ་པར་འདོད་མོད། བློ་ཡུལ་ལས་འདས་པ་ཞིག་ལ་དམིགས་བྱའི་སྟེང་སླེབ་དབང་མ་ཕྱིན་པར་སླར་ཡང“ཕྱི་གླིང”གི་རྫོབ་དོང་ནང་དུ་ལྷུང་བར་གྱུར།


    སྙན་ངག་ནི་ཐོག་མ་ཉིད་ནས་རང་ཉིད་མི་རིགས་ཀྱི་བུ་ཕྲུག་ཡིན་པ་ལྟར། སྙན་ངག་དེའང་ཐོག་མར་བྱུང་བ་ཉིད་ནས་མིའི་རིགས་ཀྱི་སེམས་ཀྱི་སྒྲ་དབྱངས་ཡིན། དེ་ནི་སྙན་ངག་པ་རྣམས་ཀྱིས་ཐོག་མར་བརྗེད་མི་རུང་བའི་གནས་ལུགས་ཤིག་རེད། མི་རྣམས་ཀྱི་ངག་རྒྱུན་དུ“སྙན་ངག་ནི་མི་རིགས་ཀྱི་དུང་སྐད་སྙན་མོ་ཡིན”པར་བརྗོད་པ་ལྟར་ན། སྙན་ངག་པ་ནི་ངེས་པར་དུ་དུང་དཀར་འབུད་མཁན་གྱི་སྐྱེས་བུ་ཡིན་དགོས། གལ་ཏེ་ཁྱོད་ཀྱི་དུང་སྐད་སྙན་མོར་སྐུལ་ཡུལ་མེད་པར་གྱུར་ན། ཁྱོད་ཀྱིས་དུང་བུས་ནས་ཅི་ཞག་བྱ། དེ་བས་ཁྱོད་ཀྱིས་སྤེལ་བའི་སྙན་ངག་དེ་ནི་ངེས་པར་དུ་མི་རིགས་རིག་གནས་ཀྱི་ས་གཞི་སྟེང་དུ་རྩ་བ་གཏིང་ཟབ་མོར་ཚུགས་ཤིང་། རང་གི་མི་རིགས་ཀྱི་ལས་སྐལ་དེར་སྐུལ་སློང་དང་འབོད་སྒྲ་སྒྲོག་ནུས་པའི་སྙན་ངག་ཡིན་དགོས། དེ་་སྙན་ངག་པ་ཞིག་གི་རང་བཞིན་དུ་གྲུབ་པའི་འོས་འགན་ཡིན། གནས་ལུགས་དེ་བརྗེད་ན་བྱིས་པར་འོ་ཞོ་ཆེད་པ་ལྟར་སྙན་ངག་པ་ཞིག་གི་བླ་མེད་རེ་སྙེག་དེའང་སྲོག་གི་དབང་བོས་མ་བཟུང་བའི་སེམས་མེད་ཀྱི་བེམ་པོར་འགྱུར་སྲིད། ཡོང་སའི་ལམ་ཆད་པར་གྱུར་ན། བགྲོད་སའི་ལམ་དེའང་ཡོད་དཀའ།

     ང་ཚོ་གངས་རིའི་ལྗོངས་སུ་ངོ་མཚར་ཆེ་བའི་དབྱར་རྩྭ་དགུན་འབུ་ཟེར་བ་ཞིག་ཡོད་པ་ནི་ཁ་བ་བུ་ཡུག་ལྡང་སའི་མཐོ་སྒང་ནས་མྱུ་གུ་འབུས་ཤིང་ཆེར་སྐྱེས་པ་ཡིན་ཡང་རྒྱང་རིང་ཡུལ་གྱིས་བསྐལ་པའི་མི་རྣམས་ཀྱི་ཆེད་དུ་རང་གིས་དཀའ་སྡུག་ཅི་ལྟ་བུ་མྱོང་དགོས་ཀྱང་འཛེམ་དོགས་མེད། རང་གི་སྙན་གྲགས་སྔོན་ནས་གླིང་ལྔར་ཁྱབ་ཀྱང་སྔར་བཞིན་མཚར་སྡུག་སྒེག་ཉམས་སྟོན་བཞིན་གངས་རིའི་ལྗོངས་སུ་དམ་ཚིག་ཐར་ཐོར་གཏན་ནས་བཞག་མ་མྱོང་ན་ཡང་། ཁ་བ་དཀར་པོར་དགའ་བའི་བརྩེ་སེམས་དེ་འཆི་བའི་སྲོག་ལ་བབ་ཀྱང་སྲུང་བར་བྱེད། མི་དམངས་ཀྱི་ངག་སྒོ་ལྟ་བུའི་སྙན་ངག་པ་རྣམས་ཀྱིས“དབྱར་རྩྭ་དགུན་འབུ”བཞིན་སྐྱེས་འཆི་གང་ཡང་མི་སེམས་པའི་གཤིས་སྤྱོད་བཟང་བོ་དཔེ་རུ་འཛིན་དགོས། ཅིའི་ཕྱིར་ཞེ་ན། ཁྱད་པར་ཅན་གྱི་རིག་གནས་ཁོར་ཡུག་ཁྲོད་ནས་རྟག་ཏུ་ཉམས་འགྱུར་མི་འདྲ་བའི་སྙན་ངག་སྣ་ཚོགས་འབྱུང་བས་སོ༎

      རང་བྱུང་ཁམས་འདུལ་སྤྱོད་བྱེད་པའི་ལས་ནི་མཐའ་ཡས་པ་ཞིག་རེད་ལ། མཐའ་ཡས་པའི་བསམ་བློ་ལྡན་པ་ཞིག་གིས་གཞི་ནས་ངོ་མཚར་ཆེ་ཞིང་མྱོང་བ་ཟབ་པའི་མི་ཆོས་བསྐྲུན་ཐུབ། འཚོ་བའི་ཤེས་རིག་ནི་རྒྱ་ཆེ་ཞིང་གཏིང་ཟབ་ཞིག་རེད། དེ་ལྟའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་འཚོ་བར་རེ་སྙེག་བྱེད་མཁན་ཞིག་ལ་གཞི་ནས་ཤེས་རབ་དང་སྙན་ངག་འབྱུང་ཐུབ། ང་ཚོས་ཤེས་གསལ་ལྟར། འཇིག་རྟེན་འདི་ནས་འཚོ་བཅུད་དུ་བསྐྲུན་པའི་འོ་ཇ་མངར་མོ་ནི་མིའི་རིགས་འཚོ་གནས་སུ་ཕུལ་བའི་ལེགས་སྐྱེས་རྨད་དུ་བྱུང་བ་ཞིག་ཡིན། ཡིན་ན་ཡང་རྨད་དུ་བྱུང་བའི་ལེགས་སྐྱེས་དེ་ཉིད་མི་རིགས་མི་འདྲ་བ་སོ་སོའི་འཚོ་བའི་ཁྲོད་དུ་ཞུགས་ཚེ། རྟག་ཏུ་མི་རིགས་དེ་དང་དེའི་རིག་གནས་འཚོ་བའི་རྟགས་ཐམ་ཟབ་མོ་ཁེལ་ཡོད་པར་མ་ཟད། ཇ་ཡི་ཡིག་འབྲུ་གཅིག་པོ་འདི་ལས་མི་རིགས་ཤིག་གི་རིག་གནས་ཀྱི་སྤྱི་བམ་ཞིག་མཐོང་ཐུབ་པས་ན། བསམ་བློ་རྒྱ་མཚོ་ཆེན་པོའི་བརྩེ་དུངས་རླབས་ཕྲེང་གཡོས་པ་ལས་བྱུང་བའི་སྙན་ངག་དེར་མི་རིགས་ཀྱི་ཁྱད་ཆོས་མེད་སྲིད་དམ།

     བོད་རིགས་ནི་སྙན་ངག་ལ་མཁས་པའི་མི་རིགས་ཤིག་ཡིན། མི་ལོ་བརྒྱ་སྟོང་དུ་མའི་རིང་གསར་སྐྲུན་བྱས་པའི་སྙན་ངག་དང་ལེགས་བཤད། མགུར་གླུ།གཞས་སོགས་ཤུལ་བཞག་རིག་གནས་སྣ་ཚོགས་ཀྱིས་ཕྱུག་པར་མ་ཟད། རྩོམ་ལུས་མི་འདྲ་བ་རེ་རེར་ཡང་མི་རབས་ནས་མི་རབས་སུ་བརྩམས་པའི་བརྩམས་ཆོས་མཐའ་ཡས་པ་ལྡན་ལ། དམངས་ཁྲོད་ཀྱི་གླུ་དང་། ལ་གཞས་སོགས་དེ་བས་ཀྱང་མང་བ་སྨོས་ཅི་དགོས། འཛམ་གླིང་དུ་གྲགས་པ་འབར་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་སྒྲུང་དང་། དངོས་ཡོད་འཚོ་བའི་ཁྲོད་གྱེར་ལེན་བྱེད་བཞིན་པའི་གླུ་གཞས། ཡང་ན་རིག་པའི་གཞུང་ལུགས་ཀྱི་བསྟན་བཅོས་སོགས་གསུང་རྩོམ་མཐའ་ཡས་པ་དེ་རྣམས་ཧ་ལམ་ཚིག་རྒྱན་གྱིས་སྤྲས་པའི་སྙན་ངག་གི་ལམ་ནས་བྲིས་པ་ཤ་སྟག་ཡིན། ཁ་ཅིག་གིས་གངས་ལྗོངས་ནི་སྙན་ངག་གིས་ཁེངས་པའི་འཇིག་རྟེན་རེད་ཅེས་གླེངས་པ་ཡང་རྒྱུ་མཚན་དེ་ལྟ་བུའི་ངོས་ནས་བཤད་པ་ཞིག་རེད། དེ་ཡང་བོད་རིགས་སྙན་ངག་པ་ཞིག་གིས། ད་ནས་བཟུང་སྙན་ངག་འབྲི་མཚམས་བཞག་པའི་དབང་དུ་བཏང་ནའང་། གལ་ཏེ་ཀ་མེད་སུམ་ཅུའི་མདངས་མ་ཡལ་པ་དང་། མི་གྲངས་ས་ཡ་བཞི་ལྷག་ཡོད་པའི་བོད་རིགས་མི་དམངས་ཀྱི་གྲེ་འགྱུར་སྙན་མོའི་ངག་མ་འགག་ན། མི་ལོ་སུམ་བརྒྱའི་རྗེས་ཀྱི་གངས་ལྗོངས་ཡངས་པའི་ཁྱོན་འདི་སྔར་བཞིན་སྙན་ངག་སྐྱེད་སྤེལ་གྱི་འབྱུང་གནས་ཤིག་ཡིན་ལ། བོད་མི་རིགས་དེ་ཡང་སྔར་བཞིན་སྙན་ངག་གསར་སྐྲུན་ནུས་པའི་མི་རིགས་ཤིག་ཡིན་ཞེས་གསུངས་པ་ལྟར་རོ༎ དེ་ནི་བོད་མི་རང་གིས་རང་ལ་ཡིད་ཆེས་པའི་བརྗོད་སྟངས་ཤིག་རེད།

      མི་རིགས་ཀྱི་སེམས་པ་མཚོན་པའི་སྙན་ངག་ནི་སྐྱེས་མ་ཐག་པའི་ཁྱེའུ་འམ། གོམ་ཚུགས་སློབ་པར་རན་པའི་བྱིས་པ་ལྟར་ཁོང་ཉིད་འཇིག་རྟེན་འདིར་ཐོན་དུས་ཀྱི་ངུ་སྐད་དང་པོ་ཕྱུང་བ་ནས། མི་ཚེ་རིང་མོའི་བགྲོད་ལམ་སྟེང་བྱུང་བའི་སྐྱིད་སྡུག་དགའ་སྡང་མ་ངེས་པའི་བསམ་བློ་ཐམས་ཅད་ཨ་མའི་འོ་ཞོ་སྣུམ་པོ་བསྒོས་པའི་ངང་ཚུལ་མ་ཡིན་པ་གཅིག་ཀྱང་མེད། མི་རིགས་ཀྱི་སེམས་སྒྲ་མཚོན་པའི་སྙན་ངག་ལའང་ཚིག་རྒྱན་སྤྲ་ཚུལ་མི་གཅིག་པ་རྣམ་པ་སྣ་ཚོགས་སུ་ངེས་ཀྱང་། དེ་རྣམས་མི་རིགས་རང་ཉིད་ཀྱི་སྐྱིད་སྡུག་དགའ་སྡང་བསམ་བློའི་རྣམ་པར་མ་གྲུབ་པ་གཅིག་ཀྱང་མེད། དེ་འདྲའི་སྙན་རྩོམ་ལས་ཁྱོད་ཀྱི་ཡིད་སེམས་འཇོ་བའི་བརྩེ་དུངས་སྟོན་ཚུལ་མཚོན་པར་མ་ཟད། ཁྱོད་ཀྱི་བྲོ་བ་མྱོང་སྟངས་ཀྱི་གོམས་སྲོལ་མཐུན་པའི་དགའ་སྤྲོའི་རྣམ་པ་དེའང་མཚོན་ཡོད།དེ་ནི་བདག་གི་གོ་བ་བླངས་པའི་སྙན་ངག་གི་རྣམ་པ་ཟེར་བ་དེ་ཡིན་ལ། སྙན་ངག་པ་རྣམས་ཀྱིས་ངེས་པར་དུ་སྲུང་དགོས་པའི་མཛེས་དཔྱོད་རིག་པའི་ཆོས་ཉིད་ཅིག་ཡིན་ཀྱང་སྲིད།

     ལོ་རྒྱུས་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་ཞིང་། མིའི་རིགས་ཀྱི་སྤྱི་ཚོགས་དེའང་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། དེ་ལྟའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྤྱི་ཚོགས་ལ་འགྱུར་ལྡོག་ཇི་ལྟར་ཆེ་ཡང་གསོལ་ཇའི་བཏུང་བ་འདི་ལ་དུས་དང་གནས་སྐབས་ཐམས་ཅད་དུ་མི་ཚང་མ་དགའ་བ་བཞིན་དུ། སྙན་ངག་དེ་ཡང་དུས་སྐབས་མི་འདྲ་བའི་ནང་དུ་འཚོ་བཞིན་པའི་མི་རིགས་མང་བོའི་མི་དམངས་ཀྱིས་གོ་རྟོགས་དང་རོ་བྲོ་མྱོང་བར་ཕུལ་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། དེ་ཡང་སྤྱི་ཚོགས་ཀྱི་འགྱུར་ལྡོག་སྣེ་འཛིངས་ཇི་ལྟར་ཆེ་ཡང་མི་རིགས་རང་ཉིད་ཀྱི་གསོལ་ཇ་མངར་མོ་རོལ་བའི་གོམས་སྲོལ་འདི་རྣམ་པ་གཞན་ཞིག་ཏུ་མི་འགྱུར་བར་སྔར་བཞིན་གནས་པ་ལྟར། སྙན་ངག་གི་རོ་བྲོ་མྱོང་ཚུལ་དེའང་སྤྱི་ཚོགས་འགྱུར་བ་ཙམ་གྱིས་རྣམ་པ་གཞན་ཞིག་ཏུ་འགྱུར་མི་སྲིད། གསར་དར་སྙན་ངག་ཅིག་བྱུང་བའི(འདི་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཡིན)དུས་སུའང་མི་རིགས་རང་ཉིད་ལ་ལྡན་པའི་སྲོལ་རྒྱུན་སྙན་ངག་གི་ངང་ཚུལ་དང་རིག་གནས་ཀྱི་སྲོག་ཤིང་དེ་སྔར་བཞིན་གཅོད་མི་ཐུབ། (དེའང་ངེས་པར་དུ་དེ་ལྟར་རེད)རང་གི་རིག་གནས་ཀྱི་འཛིན་ཐག་ལྟ་བུའི་སྲོག་ཤིང་དེ་ནམ་ཞིག་བཅད་པ་ནས་བཟུང་། ཁྱོད་ཀྱིས་སྤེལ་པའི་སྙན་ངག་དེ་ནི་མི་རིགས་ཀྱི་རོ་བྲོ་མྱོང་ཚུལ་སོགས་རྒྱབ་ཏུ་དོར་པའི་སྙན་ངག་ཅིག་ཡིན་པར་མ་ཟད། རང་གིས་ཐོག་མར་སྙན་ངག་དོན་གཉེར་བྱེད་དུས་ཀྱི་བསམ་འདུན་ལའང་རྒྱབ་འགལ་ཏུ་གྱུར་ཡོད་པས་སོ། ཉམས་འུར་ཨེ་འབྱུང་གི་རེ་ཡུལ་མེད་པའི་སྙན་ངག་ནི་བྱིས་པ་སྦྲུམ་མའི་མངལ་ནས་ཤི་བ་དང་མཚུངས། ཁྱོད་ཀྱིས་མི་རིགས་གཞན་གྱི་ཕུལ་བྱུང་སྙན་རྩོམ་གྱི་ཉིང་བཅུད་བསྡུས་པར་བསམ་ན། ཐོག་མར་རང་མི་རིགས་ལ་རིག་གནས་དེ་ཉིད་སྡུད་ལེན་ནུས་པའི་ཕོ་བའི་འཇུ་སྟོབས་ཤིག་དགོས། འཇུ་སྟོབས་མེད་ན་ཕྱི་རོལ་འཚོ་བཅུད་ཅི་འདྲ་བཟང་ཡང་རང་གི་མི་རིགས་ཀྱི་ཤ་ཁྲག་ལུས་ཟུངས་སུ་བསྒྱུར་མི་ཐུབ། དེའི་ངང་ཚུལ་ནི་ཇ་དང་འོ་མ་ལྟ་བུ་ཞིག་ཡིན་དགོས་ལ། ཇ་དང་མར་ཞག་ལྟ་བུའི་དབྱེར་མེད་ཅིག་ཀྱང་ཡིན་དགོས། དེ་ལྟར་མ་ཡིན་པར་ཁྱོད་ཉིད་ཁོ་ན་དགའ་བའི་སྙན་ངག(སྐབས་འགར་རང་ཉིད་ཀྱིས་ཀྱང་གང་ཡིན་འདི་ཡིན་མི་ཤེས་པ)ཡིན་པ་ཙམ་གྱིས་ངོ་མཚར་སྙན་ངག་ཏུ་འགྱུར་མི་ཐུབ་ལ། ཀློག་པ་པོ་རྣམས་ཀྱི་སྙན་ངག་ཀློག་འདོད་ཀྱི་བསམ་པའི་བརྩེ་དུངས་དེ་ཡང་སྐུལ་མི་ཐུབ།

      དེ་ཡང་གསལ་བོར་བཤད་ན། སྙན་ངག་པ་ཅིག་སྙན་ངག་གི་ལམ་དུ་ཞུགས་པ་ནས་བཟུང་དེ་ཉིད་ཀྱི་བསམ་བློ་དེ་ནི་བྱིས་པའི་གནས་སྐབས་བཞིན་འགྱུར་མེད་རང་གཤིས་ཀྱིས་ཕྱུག་པ་ཞིག་རེད། དེ་བཞིན་ཁོའི་བསམ་པའི་བརྩེ་དུངས་སྟོན་ཚུལ་ཐུནམོང་མ་ཡིན་པའི་སྙན་ངག་གི་རྣམ་པ་གསར་བ་རྩོམ་པར་དབང་འབྱོར་པའི་དུས་དེ་ནི་སྙུང་བུའི་རྩེ་མོ་ཕྱིར་ཐོན་པ་བཞིན་དུ་མི་རིགས་རིག་གནས་ཀྱི་ཤེད་ཤུགས་གང་འཚམ་འཛོམས་པའི་དུས་ཡིན། དཔེར་ན་བོད་ཀྱི་སྙན་ངག་གི་ལམ་དུ་བརྩམས་ཤིང་ཐོག་མཐའ་ཀུན་ཏུ་མི་རིགས་རིག་གནས་ཀྱི་མར་རྩམ་དྲི་ཞིམ་སྟུག་པོས་ཁེངས་པའི《ཇ་བསྟོད》དེ་གནའ་ནས་ད་བར་དུ་ཐེངས་གྲངས་བརྒྱ་སྟོང་མང་བོར་ཀློག་འདོན་བྱས་ཀྱང་ཉན་མཁན་རྣམས་ལ་སུན་སྣང་མེད་པར་དགའ་བའི་འབོད་སྒྲ་བར་མེད་དུ་སྒྲོག་པ་བཞིན་ནོ། ། ཉན་མཁན་སེམས་ཤིང་ཉན་མཁན་གཙུག་ཏུ་བཀུར་པའི་གླུ་པ་རྣམས་ལ་ཉན་མཁན་མང་ཚོགས་རྣམས་ཀྱིས་བརྩི་བཀུར་བླ་མེད་འཐོབ་པར་འགྱུར།

 གཉིས་པ།

     བདག་གིས་སྙན་ངག་ལ་རྣམ་པར་བརྟག་གཞིག་དང་དེ་འབྲི་རྩོམ་བྱེད་དུས་སུ། ཐོག་མར་ང་ཚོ་མི་རིགས་ཀྱི་དམངས་གཞས་སྙན་མོ་དབྱངས་ལ་འགུགས་བཞིན་ལམ་དེར་ཞུགས་པ་ཡིན། དེ་ནི་ང་ལ་ཆུང་དུས་སུ་ཐོབ་པའི་ཐོག་མའི་ལེགས་སྐྱེས་ཡིན། ངས་ཨ་མའི་ནུ་མ་ནུ་ཞིང་ཨ་མའི་རྗེས་སུ་འབྲང་བའི་དུས་སྐབས་ནས་བཟུང་དམངས་གཞས་སྙན་མོ་བསླབས་མྱོང་ཞིང་། ཆེར་སྐྱེས་པའི་དུས་སུ་དམངས་གཞས་འཚོལ་སྡུད་བྱས་པ་དེ་དག་རྒྱ་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་མྱོང་བར་མ་ཟད།

 དམངས་གཞས་གསར་རྩོམ་བྱས་མྱོང་ལ། དམངས་གཞས་ཀྱི་དབྱངས་འགྲོས་ལྟར་གཞས་ཚིག་སྐོང་འབྲི་དང་སྒྲ་ཕབ་འཁོར་ལོ་པར་སྐྲུན་ཡང་བྱས་མྱོང་།དེ་དག་ནི་བདག་གིས་རྗེས་སུ་སྙན་ངག་གསར་རྩོམ་དང་སྙན་ངག་གི་རྣམ་པར་བརྟག་གཞིག་བྱས་པའི་བྱ་བ་རྣམས་མགོ་རྩོམ་ཐུབ་པའི་གྲ་སྒྲིག་ལྟ་བུར་གྱུར། ང་སློབ་གྲྭ་ཆེན་མོར་ཞུགས་རྗེས་གླུ་གར་གྱི་གཞུང་ལུགས་སློབ་སྦྱོང་བྱས་ཤིང་། སློབ་མཐར་ཕྱིན་རྗེས་གླུ་གར་འཁྲབ་སྟོན་པ་དང་། དགེ་རྒན། ཁྲིད་སྟོན་པ་སོགས་ཀྱི་འགན་ཡང་འཁུར་མྱོང་། དུས་སྐབས་དེ་ནི་བདག་གིས་སྙན་ངག་གསར་རྩོམ་དང་སྙན་ངག་གི་རྣམ་པར་བརྟག་གཞིག་བྱེད་པར་རམ་འདེགས་ཐོབ་པའི་དུས་རིམ་ཡིན། བདག་ནི་དེ་ལྟར་སྔ་མོ་ཞིག་ནས་ང་ཚོ་མི་རིགས་ཀྱི་དམངས་ཁྲོད་གླུ་གཞས་སྙན་མོའི་ཆུ་རྒྱུན་བསྙེགས་ནས་འབབ་ལྡན་གཙང་བོ་བརྒལ་ཅིང་། དེ་ནས་རླབས་ཕྲེང་གི་ང་རོ་སྒྲོག་པའི་སྙན་ངག་རྒྱ་མཚོ་ཆེན་པོའི་འཇིངས་སུ་ཞུགས་པ་ཡིན། དུས་སྐབས་དེ་ནས་བཟུང་མཁའ་དབྱིངས་ཉི་ཟླའི་འོད་སྣང་འགྱེད་ཅིང་། ལྷུང་ལྷུང་གངས་ཆུ་དྭངས་མོའི་སྐད་ལ་རོལ་བ། རྒྱ་མཚོའི་ང་རོ་དབྱིངས་སུ་སྒྲོག་པའི་ལས་རྣམས་རང་གི་བླ་མེད་འོས་འགན་དུ་བརྩིས་པ་ཡིན།

      གཞོན་དུས་སུ་ཐོབ་པའི་སྦྱིན་པ་ནི་དངོས་ནས་ངོ་མཚར་ཆེ་བའི་སྦྱིན་པ་ཞིག་རེད། དེ་ཡིས་བདག་སྔོན་དུས་སུ་བློ་ངོར་སེམས་པར་མི་ནུས་པའི་སྙན་ངག་དེ་བདག་གི་འཆར་ཡན་གྱིས་ཕྱུག་པའི་ཀླད་པའི་ཁྲོད་དྲངས། དུས་དེ་ནས་བཟུང་བདག་ནི་རང་དབང་མེད་པར་སྙན་ངག་གི་ལམ་འདིར་ངང་གིས་ཞུགས་ཤིང་ལམ་འདི་ལས་ནམ་ཡང་ཕྱིར་ནུར་མི་བྱེད་པའི་རྡོ་རྗེའི་དམ་བཅའ་སྙིང་ཁམས་སུ་བྲིས། ཐོག་མར་བདག་གིས་སྙན་ངག་འབྲི་བའི་དུས་སུ་དམངས་ཁྲོདརྩོམ་རིག་གི་ཐབས་ལམ་སྟེ་དཀར་པོ་གངས་དང་ཨ་སྔོན་ནམ་མཁའ་དཔེ་རུ་དྲངས་ཏེ་འབྲི་མགོ་ཚུགས་ལ། དེ་ཡང་གྲགས་སྙན་ལྷ་ཡི་རྔ་ཆེན་སྒྲོག་པ་ལྟ་བུའི་ཚགས་པར་དང་དུས་དེབ་སྟེང་དུ་བདག་གི་ཐོག་མའི་སྙན་ངག་དེ་དག་སྤེལ་པའི་དུས་སུ། སྙན་རྩོམ་གྱི་ལམ་དུ་སྔོན་སྐྱོད་གནང་བའི་མཁས་དབང་དང་ཀློག་མཁན་རྣམས་ཀྱིས་འཕྲལ་དུ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། སྙན་ངག་གི་བསྟན་བཅོས་བཀླགས་མ་མྱོང་བ་བདག་ལྟ་བུར་མཚོན་ན། དམངས་གླུ་ནི་དངོས་གནས་ངོ་མཚར་ཆེ་བའི་སྣ་འཛོམས་ཤེས་རིག་ཅིག་དང་། ང་སྙན་རྩོམ་གྱི་ལྷ་ལམ་ཡངས་པོར་སྐྱོད་པར་ནུས་པའི་གནམ་སྐས་ལྟ་བུར་གྱུར།

 དུས་སྐབས་དེ་ནས་བཟུང་། བདག་ནི་སྙན་ངག་ལྷ་མོས་རྗེས་སུ་བཟུང་བ་བཞིན་དུ། ཉིན་མཚན་མེད་པར་གནའ་དེང་ཀྲུང་ཕྱིའི་སྐད་གྲགས་ཆེ་བའི་སྙན་རྩོམ་གང་མང་བཀླགས་ཤིང་རིམ་བཞིན་ཁོང་ཚོའི་ཚིག་སྦྱོར་གཅིག་གིས་སྐད་ཆ་ཁྲི་སྟོང་མང་བོའི་དོན་མངོན་པར་སྟོན་པར་ནུས་པའི་ལེགས་བཤད་གནས་ལུགས་ཟབ་མོ་རྣམས་ཀྱི་གཞི་དོན་ངོ་མ་ཅི་ལྟ་བུ་ཡིན་པར་གོ་རྟོགས་དང་དོན་གནད་ལ་བསམ་བློ་གཏོང་བའི་ལམ་དུ་ཞུགས། དཔྱིད་ཀྱི་འབྲུག་སྒྲ་ལྡིར་བ་ན་མཚར་སྡུག་མེ་ཏོག་ངང་གིས་རྒོད་པ་ལྟར། བདག་སེམས་ཀྱི་ཤེས་རིག་མེ་ཏོག་དེ་ཡང་དེ་ལྟར་རིམ་གྱིས་གྲོལ། དེ་རྗེས་མི་རིགས་མི་འདྲ་བ་སོ་སོའི་རང་རང་གི་སྙན་ངག་གི་རྣམ་པར་ངེས་པའི་རིག་གནས་ཀྱི་གཞི་དོན་ངོ་མ་ཅི་ལྟ་བུ་ཡིན་པ་དང་ཁོ་ཚོའི་རིག་གནས་ཀྱི་ངང་ཚུལ་དེ་དག་ལ་རང་གི་བློ་ངོ་ནས་བརྟག་གཞིག་དཔྱད་བརྗོད་བྱས་པས། བདག་ལ་སྙན་ངག་གི་གཤོག་ཟུང་རྒྱས་པ་ལྟར་ལྷ་ལམ་དབྱིངས་སུ་ཡང་ཡང་ཟློས་གར་སྒྱུར་བར་འདོད་པའི་སྤོབས་པ་ངང་གིས་བཪྙེས། ད་ལྟ་བསམ་བློ་ཞིག་བཏང་ན། སྙན་ངག་ནམ་ཡང་གཏོང་བར་མི་འདོད་པའི་བྲག་རི་ལྟ་བུའི་བསམ་བློ་གཞོམ་གཞིག་བྲལ་པ་ཞིག་ཡོད་པ་ནི་བདག་གིས་དཀའ་སྤྱད་འཚོ་བ་དེ་ལྟ་བུ་མྱོང་བ་ལས་བྱུང་བའི་འབྲས་བུ་རེད། སྙན་ངག་གསར་རྩོམ་བྱེད་པ་ནི་སྐྱེས་དངོས་འཕེལ་འགྱུར་བྱུང་བ་ལྟ་བུ་མ་ཡིན་པར། རང་ཚུགས་འོད་མདངས་གསལ་བའི་ཚེ་སྲོག་གསར་བ་ཞིག་གསར་སྐྲུན་བྱེད་པ་ཡིན།

       བདག་གི་བསམ་ཚུལ་ཞིག་ལ། མི་རྣམས་ཀྱི་ནང་སེམས་ཀྱི་ཚོར་ཤེས་ནི་འགྱུར་བག་སྣོལ་མར་སྡེབ་པ་ཞིག་རེད། ངས་དེ་ལྟའི་འགྱུར་བག་སྣོལ་མར་སྡེབ་པའི་ཚོར་ཤེས་ཁྲོད་ནས་ང་ཚོའི་མི་རིགས་ཀྱི་སྲོལ་རྒྱུན་སྙན་ངག་འདིར་གཞན་མི་རིགས་དང་མི་མཚུངས་པའི་གནས་ལུགས་རིག་གནས་ཤུགས་ཆེ་བའི་འདུ་ཤེས་རབ་རིབ་ཐོག་མར་སྐྱེས་པར་མ་ཟད། དེ་ཡང་བརྗོད་ཚུལ་གྱི་ངོས་ནས་རང་ཉིད་མི་རིགས་ཀྱི་ཚིག་སྦྱོར་ཉམས་འགྱུར་ཕུན་སུམ་ཚོགས་པའི་སྙན་ངག་མཁས་པའི་རྩོམ་རྩལ་གྱི་ལམ་ནས་དྲངས་ཏེ་མི་རྣམས་ཀྱི་བློ་ངོར་ཐུན་མིན་ལེགས་བཤད་གནས་ལུགས་གསལ་བའི་བསམ་བློ་འཕོས་སུ་བཅུག དེ་ལྟའི་ལེགས་བཤད་བསམ་བློ་བརྒྱུད་བསྒྲགས་བྱེད་སྟངས་ནི་ཁྱི་དང་གློ་བ་འཕྲད་པ་ལྟར་ཐད་ཀ་ཐད་ཀར་སྦ་གསང་ཅི་ཡང་མེད་པར་བརྗོད་པ་མ་ཡིན་པར།གཏིང་ཟབ་པའི་བསམ་བློ་དེ་ཉིད་གསོན་ཉམས་དོད་པའི་སྣང་བཪྙན་ཞིག་ལ་སྦྱར་ཅིང་། ངོ་མཚར་བའི་ཐབས་ཤེས་ཀྱི་ལམ་ནས་མི་རྣམས་ཀྱི་བློ་ངོར་ངང་གིས་འཆར་ཐུབ་པའི་གཟུགས་དང་ཁ་དོག་ལྡན་པའི་སྣང་བཪྙན་བསྐྲུན་ནས་ངོ་སྤྲོད་བྱས། དེ་དུས་སུ་ཉན་མཁན་གྱིས་གསོལ་ཇ་མངར་མོར་འབྲི་མར་སེར་པོ་ལྡན་པ་ལྟ་བུའི་དཔེ་ཡི་སྣང་བཪྙན་གསལ་བའི་གོ་དོན་ཟབ་མོ་རྟོགས་ཐུབ་པར་མ་ཟད། འོ་ཆུ་འདྲེས་པ་ལྟ་བུའི་སྙན་ངག་མཁན་གྱི་བསམ་བློ་ངོ་མ་དེ་ཡང་ལྷག་ལུས་མེད་པར་རྟོགས་ཐུབ། གལ་ཏེ་སྔ་མ་དེ་གངས་ལྗོངས་ལྟ་བུའི་བསམ་བློ་མཚོན་ཚུལ་ཞིག་ཡིན་པའི་དབང་དུ་བཏང་ན། ཕྱི་མ་ནི་བོད་རིགས་རང་ཉིད་ཀྱི་རྩོམ་གྱི་རོ་བྲོ་མྱོང་ཚུལ་མཚོན་པའི་གོམས་སྲོལ་ཡིན་པར་ངེས། དེ་ལས་སྙན་ངག་མཁན་གྱི་བསམ་བློ་དེ་ཉིད་མི་དམངས་ཀྱི་བརྩེ་སེམས་རྒྱུད་སྐུད་ལྟ་བུར་སྦྲེལ་ཐུབ་པ་བྱུང་ན། ཁྱོད་ཀྱིས་སྙན་ངག་དེ་ཡང་དམངས་སེམས་ཀྱི་བརྩེ་དུངས་རྒྱུད་སྐུད་ལས་འཕོས་པའི་སྒྲ་དབྱངས་སྙན་མོ་ཡིན་པ་གསལ་བོར་རྟོགས་པར་འགྱུར།

 བདག་གིས་བོད་རིགས་ཀྱི་ཤགས་གླུ་ལེན་སྟངས་སུ་ངེས་པའི་རིགས་ལམ་དེ་རང་ཉིད་ཀྱི་སྙན་ངག་གསར་རྩོམ་གྱི་ཐབས་སུ་སྤྱད་པ་ནས་བཟུང་། བདག་གིས་བྲིས་པའི་སྙན་ངག་ལ་བསམ་ཡུལ་འདས་པའི་སྒྱུ་རྩལ་གྱི་ཉམས་འགྱུར་ཐོན་པར་གྱུར་། དེ་ནས་བཟུང་སྙན་ངག་ནི་སེམས་དང་སེམས་སྦྲེལ་ནས་བྱུང་བ་ཞིག་ཡིན་ལ། དེ་ཡང་བློ་དཀར་དང་དྲང་བདེན་གྱི་བསམ་པ་ཕན་ཚུན་ཕྲད་པའི་དུས་སུ་གཞི་ནས་མི་སེམས་གཡོ་ཞིང་མྱོང་བ་ཟབ་པའི་སྙན་ངག་འབྱུང་ཐུབ་པའི་ངོས་འཛིན་བདག་ལ་སྐྱེས། དཔེར་ན། ཐེ་ཀོར་གྱི་སྙན་ངག་གིས་སྐབས་དེའི་བྷང་ག་ལ་མི་དམངས་ཀྱི་སེམས་རྒྱུད་བསྐུལ་པ་ཙམ་གྱིས་ག་ལ་ཟད།དེ་ཕྱིར་སྙན་ངག་ནི་སྙན་ངག་ལ་བློ་དཀར་བའི་སྙན་ངག་མཁན་གྱིས་བཅད་བརྡར་བཙོ་སྦྱངས་གནང་བ་ལས་ཚད་མཐོན་པོར་འཕགས་པའི་སྙན་ངག་ཡིན་པའམ། ཡང་ན་རྣམ་དག་སྙན་ངག་གིས་སྙན་ངག་པ་རང་ཉིད་ཚད་མཐོན་པོར་འཕགས་སུ་བཅུག་པའི་གནས་ལུགས་རྟོགས་ཐུབ།

ཐོག་མཐའ་ཀུན་ཏུ་མི་དམངས་ཀྱི་སེམས་ཁམས་འཇིག་རྟེན་དུ་སྐྱོད་པར་བརྩོན་པའི་སྙན་ངག་པ་དྲང་བདེན་ཞིག་ཡིན་ཕྱིན། གང་ལྟར་ཡང་མི་གཞན་གྱིས་མིག་ལོག་དཀར་ནག་བསྟན་པ་ཙམ་གྱིས་ཡིན་མིན་དཀར་ནག་གོ་ལྡོག་བྱེད་མི་སྲིད་ལ། རང་གིས་བླ་མེད་རེ་སྙེག་དེ་བས་ཀྱང་གོ་ལྡོག་བྱེད་མི་སིད། དེ་ལྟ་བུའི་གོ་རྟོགས་དེ་ནི་སྙན་ངག་པའི་བླ་སྲོག་གནས་ས་ཞིག་དང་། སྙན་ངག་པའི་མི་ཚེ་འཇའ་ཤིང་རིང་མོ་འཛུགས་ས་ཡིན་པས། སྤྱིར་བཏང་མ་ཡིན་པའི་དོན་སྙིང་ལྡན་ཞིག་ཡིན་པ་ཤེས་པར་བྱ།

       བདག་གིས་སྙན་ངག་ནི་སྙན་ངག་པ་རང་ཉིད་ཀྱི་བསམ་བློའི་སྒོ་མོ་འབྱེད་བྱེད་ཅིག་དང་མི་ཚེ་འཇིག་རྟེན་འཚོལ་སྙེག་གི་བླ་མེད་རིག་གནས་ཤིག་ཡིན་པར་ངོས་བཟུང་བའི་དུས་སྐབས་དེ་ནས། སྙན་ངག་ནི་བདག་གི་སྙིང་ཁམས་ནས་འཕོས་པའི་ངོ་མཚར་གཤོག་ཟུངལྟ་བུར་གྱུར། ངས་དེ་ལྟའི་ངོ་མཚར་གཤོག་པ་ཟུང་གི་རམ་འདེགས་ལ་བརྟེན་ནས་གངས་ལྗོངས་ཡངས་པའི་ཞིང་ཁམས་ཉུལ་དུས་ལོ་རྒྱུས་དང་དངོས་ཡོད་ཉིས་ལྡན་གྱི་གངས་ལྗོངས་འདི་ཉིད་དྭངས་གསལ་སེམས་ཀྱི་ཀློང་ནས་མཐོང་ཞིང་ནམ་ཡང་བློས་གཏོང་བར་མི་ནུས་པའི་བརྩེ་སེམས་ཟབ་མོ་ལྡན་པར་གྱུར། ཨེ་མ་ངོ་མཚར་ཆེ། དུས་སྐབས་དེ་ནས་བཟུང་ལོ་རྒྱུས་ལ་དབྱེ་ཞིབ་དང་དངོས་ཡོད་སྒྲིག་་གཞི་ཅན་དུ་གཏོང་བ། གཞན་གྱི་ལེགས་ཆ་བསྡུས་ནས་རང་ཉིད་འཕེལ་རྒྱས་སུ་གཏོང་བའི་བསམ་བློ་གཏོང་ཕྱོགས་གསར་བ་ཪྙེད་ཅིང་། སྔོན་དུས་སུ་བརྒལ་བར་དཀའ་བའི་འགག་ཕྲེང་ཡོད་ཚད་དུས་རབས་ཀྱི་ལམ་ཆེན་དེ་སྟེང་ནས་རང་ཤུགས་སུ་ཡལ་ཏེ་དཀའ་བ་ཐམས་ཅད་ངང་གིས་སེལ་ཐུབ་པར་གྱུར། བདག་གི་མིག་ལམ་དུ་སྣང་བ་མང་ཆོས་ཤོས་ནི་ལོ་རྒྱུས་ཀྱི་གནའ་ཤུལ་དང་། རོག་དངོས་རྩ་ཆེན། གནའ་རབས་ཀྱི་རྩོམ་རིག་བསྟན་བཅོས་ཡིན། དེ་རྣམས་གངས་ལྗོངས་ཀྱི་མི་རྣམས་ཀྱི་འཚོ་བར་བསྡེབས་ནས་དེང་རབས་སུ་ཕྱོགས་པའི་ཚུལ་རྣམས་བདག་གི་སེམས་སྟེང་དུ་འཁོར་བའི་དུས་དེར་ང་ཚོ་མི་རིགས་ཧྲིལ་བོའི་འཚོ་གནས་ཀྱི་ཚད་གཞི་ཞིག་ཏུ་གྱུར་ཡོད་པ་རྟོགས།

       བདག་གིས་གངས་ལྗོངས་རིག་གནས་གསར་སྐྲུན་བྱེད་མཁན་སྔོན་བྱོན་པ་དང་སྙན་ངག་སྨྲ་བའི་དབང་བོ་རྣམས་ཀྱི་ཕ་ཡུལ་དང་བཞུགས་གནས་སུ་སླར་ཡང་སྐོར་འཇལ་བྱེད་པའི་དུས་དང་། ལྷག་པར་དུ་བདག་གི་ཐེ་ཚོམ་གྱི་མིག་དབང་འདི་དག་གནའ་རབས་ཀྱི་སྙན་ངག་བསྟན་བཅོས་དབྱངས་སུ་གྱེར་ནས་ཀློག་མཁན་སློབ་ཆུང་སློབ་མའི་མིག་དབང་དྭངས་མོར་ཕྲད་པའི་དུས་སུ། སྔོན་བྱོན་མཁས་དབང་རྣམས་ཀྱི་རླབས་ཆེན་མཛད་རྗེས་དེ་ཉིད་རབ་ཏུ་གསལ་བའི་མེ་ལོང་ལྟ་བུར་གྱུར། མེ་ལོང་དེ་ལས་མངོན་པའི་གངས་རི་ལྟར་བརྗིད་ཅིང་ནམ་མཁའ་བཞིན་ཡངས་པའི་ཁོང་ཚོའི་མཛད་རྗེས་རྣམས་ལྷུང་ལྷུང་དྲག་ཏུ་འཕྱོ་བའི་ཁྲི་ཕྲག་གཙང་བོར་སྤྲུལ་པའི་ཟོལ་གྱིས་བདག་སེམས་ནོངས་འགྱོ ད་ཀྱིས་ཁེངས་པའི་འགྲམ་ངོགས་ལ་ཡང་ཡང་བརྡེབས་པར་བྱས།ཤེས་རབ་ཀྱི་བདག་ཉིད་རང་རེའི་མེས་པོ་རིམ་བྱོན་རྣམས་ཀྱི་མདུན་དུ་བདག་ནི་ངོ་ནོངས་ཏེ་སྡོད་ཐབས་བྲལ་པའི་དུས་དེར། བདག་གི་ཉམས་སྣང་ཞིག་ལ་གངས་སེང་དཀར་མོ་ཁྲི་ཕྲག་གིས་གད་རྒྱངས་བསྒྲགས་པ་ལྟར་ས་སྟེང་སྙན་གྲགས་ཀྱིས་ཁྱབ་པའི་སྐྱེས་ཆེན་ས་པཎ་དང་། གུང་ཐང་བསྟན་པའི་སྒྲོན་མེ།མི་ཕམ་ཕྱོགས་ལས་རྣམ་རྒྱལ་སོགས་ཀྱིས་མཛད་པའིདང སོགས་ཐོ་རངས་སྐར་ཆེན་ལྟ་བུའི་ལེགས་བཤད་བསྟན་བཅོས་རྣམས་ཀྱི་རིགས་པའི་འོད་དཔུང་དཀར་པོ་རྟ་བདུན་སྣང་བར་འགྲན་པའི་ཚུལ་གྱིས་ཡངས་པའི་འཇིག་རྟེན་ཧྲིལ་བོ་རབ་གསལ་སྣང་བའི་ཞིང་དུ་བསྒྱུར། ཁོང་རྣམ་པའི་ལེགས་བཤད་གྱེར་འདོན་ཁྲོད་ནས་རང་གི་ཤེས་རིག་གི་བློ་སྒོ་ཡངས་པོར་ཕྱེས་ཤིང་། གཟབ་ནན་གྱི་ལོ་རྒྱུས་ལའང་དབྱེ་མཚམས་ཆད་པ་འདྲ་སྟེ། དེ་ནས་སླར་ཡང་སྔ་ན་མ་མཐོང་བའི་ཞོགས་པའི་ཞི་གཞོན་ཤར་ཏེ་འབུམ་ཕྲག་འོད་ཟེར་རྣོན་པོ་ཕྱོགས་ཀུན་སྤྲོས་པས། ང་ལ་ལོ་རྒྱུས་ཀྱི་འོས་འགན་བླ་མེད་ལྡན་པའི་ཚོར་སྣང་སྐྱེས་ཤིང་རང་འགར་འདུག་མི་བདེ་བར་གྱུར། ངོ་མས་བཤད་ན། སྔ་རབས་མཁས་དབང་རྣམས་ཀྱི་ལེགས་བཤད་སྙན་ངག་དེ་དག་བྱུང་བ་ནས་བཟུང་། གངས་ལྗོངས་རིག་གནས་ཀྱི་རང་མདངས་གསར་བ་མངོན་ཏེ་བོད་མི་རིགས་ཀྱི་བླ་ན་མཐོ་བའི་ཀུན་སྤྱོད་བསམ་བློར་བཙོ་སྦྱངས་ཐོབ། ཁོང་ཚོའི་རྩོམ་རྩལ་ལེགས་པའི་སྙན་ངག་གི་སྒྱུ་རྩལ་དང་། སྒྱུ་རྩལ་གྱི་སྒེག་ཉམས་མངོན་པ་ལྟ་བུའི་མཚར་སྡུག་བསམ་བློ་དེ་དག་མི་ལོ་བརྒྱ་སྟོང་འགོར་པའི་གངས་ལྗོངས་རིག་གནས་ལོ་རྒྱུས་སྟེང་རྟག་ཏུ་ཉམས་པ་མེད་པར་གོང་ནས་གོང་དུ་འཕེལ་ལ། ད་ལྟའང་རིག་པའི་དཔའ་བོ་རྣམས་ཀྱི་གསུང་རྩོམ་དང་སྙན་ངག་པ་དང་རྩོམ་པ་པོའི་རིག་འདེད་ཀྱི་བརྩམས་ཆོས། སློབ་མའི་གྱེར་དབྱངས་ཁྲོད། ཐ་ན་ཡིག་འབྲུ་གཅིག་ཀྱང་མི་ཤེས་པའི་འཇིག་རྟེན་རྒན་པོ་རྣམས་ཀྱི་ལབ་གླེང་ཁྲོད་དུའང་ཁོང་ཚོའི་ལེགས་བཤད་ང་རོའི་སྒྲ་བརྒྱ་ལྡིར་ཞིང་ཕྲ་ཞིབ་རིགས་པའི་རླབས་ཕྲེང་མེ་ཏོག་འཐོར་བཞིན་མཆིས།

       བོད་ཀྱི་ལེགས་བཤད་སྙན་ངག་རྒྱུན་འཛིན་ཁྱབ་སྤེལ་དང་མི་རིགས་གཞན་གྱི་ཕུལ་བྱུང་སྙན་ངག་རིམ་བཞིན་སློབ་སྦྱོང་བྱས་ཏེ་གོ་རྟོགས་མཐོ་རུ་ཕྱིན་པ་ལ་བརྟེན་ནས་བདག་གི་སྙན་ངག་གསར་རྩོམ་གྱི་བསམ་བློའི་འཆར་སྒོ་ཇེ་ཡངས་སུ་འགྲོ་བར་ཤུགས་སྣོན་བྱུང་བར་མ་ཟད། སྙན་ངག་གི་རྣམ་པར་བརྟག་གཞིག་བྱེད་པའི་འདུ་ཤེས་དེའང་ཤུགས་དྲག་པའི་ཚོར་འདུ་ལས་སྙན་ངག་འབྲི་རྩོམ་གྱི་བསམ་འདུན་མེ་ཏོག་འཁྲུངས་པར་གྱུར། དེ་ནས་བཟུང་བདག་ལ་འཕྲུལ་གྱི་གཟོག་པ་ཐོགས་ཤིང་གློག་གི་སྒུལ་ཤུགས་བྱུང་བ་ལྟར་གྱུར་ལ། བསྐལ་བརྒྱར་འཕྲད་པར་དཀའ་བའི་གོ་སྐབས་དམ་འཛིན་བྱས་ཤིང་བསླབས་སྦྱངས་ལས་ཐོབ་པའི་འཆར་སྒོ་དང་སེམས་ཀྱི་འབོད་སྒྲ་རྣམས་སྙན་ངག་གསར་རྩོམ་དང་སྙན་ངག་བརྟག་གཞིག་བྱེད་པའི་ཁྲོད་དབྱེར་མེད་དུ་འཐིམ་སྟེ།“བཞི། གཅིག གཉིས”ཅན་གྱི་སྙན་ངག་ཚིག་རྐང་བདུན་མ་འདི་ཉིད་གསར་གཏོད་བྱས།

 གསུམ་པ།

       སྙན་ངག་ནི་མི་རིགས་རིག་གནས་ཀྱི་རིན་ཆེན་རྒྱན་ཆ་དང། མི་དམངས་ཀྱིས་གྱེར་བའི་སེམས་སྒྲ། དུས་རབས་ཀྱི་བློ་སྟོབས་མཚོན་པའི་དུས་སྐད་ལྟ་བུ་ཡིན་ན། ངེས་པར་དུ་རང་ཉིད་ཀྱི་མི་རིགས་དང་རང་ཉིད་ཀྱི་མི་དམངས། རང་ཉིད་འཚོ་གནས་ཀྱི་དུས་རབས་དེ་ཡིས་ཞིབ་བཤེར་ཉམས་སད་ཐེག་དགོས།སྟབས་ལེགས་པ་ཞིག་ལ། བདག་གིས་སྙན་ངག་བརྟག་གཞིག་གནང་བའི་དུས་སུ་ལེགས་འདོམས་གནས་ལུགས་གསལ་བའི་མེ་ལོང་གཉིས་སྐལ་བར་ཐོབ།

 མེ་ལོང་གཅིག་ནི་དགེ་བའི་བཤེས་གཉེན་དང་སྙན་ངག་པ་གྲོགས་པོ་རྣམས་ལས་གྲུབ་པའི་མེ་ལོང་སྟེ། དེ་ཡང་བདག་ནི་སྙན་ངག་གི་ཀྱག་ཀྱོག་ལམ་ཕྲན་སྟེང་ནས་སྔོན་སྐྱོད་དམ་ཕྱིར་ནུར་ཅུང་ཙམ་ཡང་མ་ཐུབ་པར། དཀའ་ཉེན་ལ་ཕྲད་པའི་དུས་སུ་ཁོ་ཚོས་རྟག་ཏུ་ཡ་ཡོ་བྲལ་པའི་དམག་དོན་སློབ་སྟོན་པ་ཞིགགི་ཚུལ་བཟུང་སྟེ། “བརྗོད་བྱ་གཅིག་རྐྱང་དུ་གྱུར་པས་རྩོམ་ཉམས་སྒྱུ་རྩལ་ཚད་མཐོར་བསླེབས་མེད”ཅེས་དང་“ཚིག་གི་སྡེབ་ཆ་ཐིག་པོ་བྱུང་མེད་ཅིང་།སྐད་ཆ་ཉིང་འདུས་མིན་པ”ཞེས་དང“སྒྲིག་གཞི་ཐར་ཐོར་དུ་གྱུར་པ་ཚད་ལས་བརྒལ་ཏེ་ཚོད་མ་ཟིན་པ”སོགས་དྲང་མོའི་ངག་གིས་བསྟན་ཏེ་བདག་གི་འཁྱར་འཁྱོར་གོམ་སྟབས་སྙོམས་བདེ་ཡོང་བར་སྐུལ་མ་གནང་། དཔངས་ཀྱི་མཐོ་ས་དང་མཐོངས་ཀྱི་ཡངས་ས་ནས་དབང་བསྐུར་པ་ལྟ་བུའི་ཁོང་ཚོའི་བསླབ་བྱ་དེ་དག་གིས་ང་ནོར་འཁྲུལ་ལམ་དུ་ཏོག་ཙམ་ཡང་སྐྱོད་དབང་མེད་པར་བརྟ་གཞིག་བྱེད་ཁྲོད་དུ་མདུན་སྐྱོད་བྱེད་པའི་ལམ་དུ་བཙུད། བདག་གིས་བརྩོན་འགྲུས་འགག་སྒོ་རེ་རེ་བརྒལ་ཏེ་མཐོ་བའི་རི་རྩེར་ཤུགས་ཀྱིས་འགོ་བའི་སྐབས་སུ་ཁོང་ཚོས་རྟག་ཏུ་བསམ་གཞིག་ཞིབ་མོ་གནང་བའི་དཔྱད་བརྗོད་དང་བླང་བྱ་རྣམས་ཀྱིས་བདག་བློའི་སྙན་ངག་གི་འཇིག་རྟེན་ཧྲིལ་བོ་བརླན་པར་བྱས་ཤིང་། ཕན་སེམས་བརྩེ་རླབས་ནི་འཕྱོ་བའི་རྦབ་ཆུ་ཇི་བཞིན་འབབ་པར་བྱས།

    མེ་ལོང་གཞན་ཞིག་ནི་བོད་རིགས་ས་ཡ་བཞིར་ལོངས་པའི་མི་དམངས་དང་མི་རིགས་སོ་སོའི་ཀློག་པ་པོ་ཁྲི་སྟོང་མང་བོའི་ཚོར་སྣང་ལས་ཐོབ་པའི་མེ་ལོང་དེ་ལྟ་བུ་སྤྱོད་དགོས་ན་རང་གི་རེ་སྙེག་བསམ་བློའི་བློ་སྟོབས་དང་སྤོབས་པ་ཡོད་ཚད་བསྐྱེད་དེ་ཐོག་མཐའ་ཀུན་ཏུ་དངོས་ཡོད་དང་མི་ཚེ་འཚོ་བར་བློ་དཀར་བ་ཞིག་ཡིན་དགོས་པར་མ་ཟད། རང་གི་རྣ་བ་དེ་མི་དམངས་ཀྱི་སེམས་ཁོང་གི་མཆོང་ལྡིང་གསལ་བའི་བྲང་ཁར་གླན་ནས་ཉན་ཐུབ་པ་ཞིག་དང་།རང་གི་སེམས་གཏིང་གི་གླུ་དབྱངས་དེ་ཡང་མི་དམངས་ཀྱི་རྣ་བར་གཏད་ནས་ལེན་ཐུབ་པ་ཞིག་ཡིན་དགོས།

    ངས་ཆུང་དུས་སུ་དམངས་ཁྲོད་ཀྱི་གླུ་གཞས་དང་བསྟོད་ཚིག་སྙན་མོ་སློབ་འདོན་བྱས་ཤིང་བློར་གཤགས་པའི་གླུ་གཞས་རྣམས་ནི་རྗེས་སུ་བདག་གིས་སྙན་ངག་སློབ་སྦྱོང་ཐུབ་པའི་ལམ་བྲོ་ལྟ་བུར་གྱུར། སྙན་ངག་གི་ལམ་ལ་ཞུགས་རྗེས་སྐད་གདངས་མཐོན་པོས་སྙན་ངག་ཀློག་འདོན་བྱེད་པར་དགའ། དེ་ལྟར་བྱས་ན་སྙན་ངག་ཡིད་ལ་འཛིན་སླ་ཞིང་རྒྱུས་ལོན་གཏིང་ཟབ་པ་འབྱུང་ཐུབ། དེའི་རྗེས་བདག་ནི་རང་གི་བྲིས་པའི་སྙན་ངག་རྟག་ཏུ་གཞན་གྱི་གམ་ནས་ཀློག་འདོན་བྱེད་པར་དགའ། དེ་ལྟར་བྱས་ན་གཞན་གྱི་ཚོར་ཤེས་གློ་བུར་བར་བརྟེན་པའི་ཤེས་བར་ཪྙེད་ཐུབ། དེ་ལྟའི་ཤེས་རབ་ནི་དཀར་ཁུང་ཕྱི་རོལ་གྱི་གཡའ་དྭངས་ནམ་མཁར་གློག་ཞགས་འཁྱུག་པ་ལྟ་བུའི་སྐད་ཅིག་འོད་སྣང་གསལ་བའི་གསར་ཪྙེད་ཤེས་རབ་ཅིག་ཡིན་པར་མ་ཟད། མི་དམངས་ཀྱི་སེམས་ཁམས་མཆོང་ལྡིང་ངོ་མ་གསལ་བའི་བཀྲ་ཤིས་གཡེར་དྲིལ་ལྟ་བུའང་ཡིན། དེ་ཡང་དུས་ཐོག་ཏུ་སྙན་ངག་གི་ཚོར་སྣང་ངོ་མ་རྟོགས་ཐུབ་པའི་ཆེད་དུ།བདག་གིས་རྟག་ཏུ་ཤ་ཉེ་གྲོགས་པོ་དང་བཟའ་ཚང་བུ་ཕྲུག་རྣམས་བསྡུས་ནས་ཁོང་ཚོའི་གམ་དུ་བདག་གི་སྙན་ངག་བཀླགས་ཤིང་སྙན་ངག་གི་གླེང་མོལ་བྱས། ཁོ་ཚོས་བློ་དཀར་བའི་ལྟ་ཚུལ་དྲང་ཐད་དུ་བརྗོད་པ་དེ་ཡིས་རྟག་ཏུ་ངའི་སེམས་ཁོང་གི་སྣུམ་ཟད་ཀྱི་མར་མེ་སླར་ཡང་སྦར་ཞིང་འོད་མདངས་ཆེ་རུ་གྱུར་པས། དེ་ནི་་ཕན་འབྲས་ཆེ་བའི་ཐབས་ལམ་བཟང་བོ་ཞིག་ཡིན་པའི་ངོས་འཛིན་བདག་ལ་སྐྱེས། ངས་མིང་དོན་མཚུངས་པའི་སྙན་གྲགས་ལ་མཐོང་ཆེན་གཙིགས་འཛིན་བྱེད་པ་ལས། དོན་མེད་པའི་པྲོག་ཞུ་དེ་གཙུག་ལ་འགེབས་པའི་རེ་སྨོན་གཏན་ནས་བྱས་མ་མྱོང་། བདག་གིས“སྙན་ངག་གིས་བསམ་བློ”མཚོན་པའི་ཐབས་མཆོག་གཅེས་སུ་བཟུང་བར་མ་ཟད། སྙན་ངག་ནི་མི་དམངས་ཀྱི་སེམས་ཁམས་སུ་སྐྱོད་ཐུབ་པའི་ལམ་ཕྲན་ལྟ་བུ་ཡིན་པར་ལྷག་པར་གཅེས་སུ་བཟུང་ཞིང་། མི་རྣམས་ཀྱིས་ངས་བྲིས་པའི་སྙན་ངག་ལ་འཛིན་པའི་ཚོར་ཤེས་ཇེ་རྣོར་འགྲོ་བར་ཤུགས་སྣོན་བྱས།

 སྔོན་བྱོན་མེས་པོའི་ཕུན་སུམ་ཚོགས་པའི་ཤུལ་བཞག་རིག་གནས་རྣམས་རྗེས་རབས་བུ་རྒྱུད་ཕུལ་བྱུང་སྐྱེ་བོ་རྣམས་ཀྱིས་དར་སྤེལ་གཏོང་དགོས་ལ། ད་ལྟའི་རིག་གནས་ཡོད་ཚད་ང་ཚོའི་ཕྱི་བཤོལ་མེད་པའི་འབད་བརྩོན་འོས་འགན་ལ་བརྟེན་ནས་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་དགོས། མི་ལོ་སྟོང་ཕྲག་དུ་མའི་རིག་གནས་ལོ་རྒྱུས་བསྐྲུན་པའི་ང་ཚོའི་མེས་པོ་རྣམས་ནི་མི་རབས་ནས་མི་རབས་ཚང་མ་ཤེས་རབ་ཀྱི་བུ་རྒོད་ཡིན་་པ་ལ། ཏག་ཏག་ང་ཚོའི་དུས་རབས་འདིར་ཁེལ་དུས་ཤེས་རབ་ཀྱི་བུ་རྒྱུད་རྣམས་རེ་རེ་བཞིན་བླུན་པོ་ཡིན་དོན་ཅི། ངས་དེ་འདྲའི་དོ་མི་མཉམ་པའི་རྣམ་པ་དེ་བདེན་པར་མི་སེམས། ང་ཚོའི་ཕྲག་ལ་བབས་པའི་ལོ་རྒྱུས་ཀྱི་འགན་ཁྲི་ཅི་ལྟ་བུ་ཡིན་པར་བདག་གིས་གོ་རྟོགས་ཟབ་མོ་བླངས་ཡོད་པར་མ་ཟད། ང་ཚོས་སྤྱི་ཚོགས་འདིར་འཁུར་འོས་པའི་འགན་འཁྲི་ཅི་ཞིག་ཡིན་པའང་གསལ་ལེར་རྟོགས་ཟིན། གལ་ཏེ་རླངས་པ་ལང་ལོང་དུ་འཕྱུར་བའི་དཔྱིད་དཔལ་སྒེག་མོའི་དུས་འདིར་འབྲུ་སྣ་ལྔ་ཡི་རྨོ་འདེབས་མ་བྱས་པར་ལུས་ཚེ། གསེར་ལྡན་སྟོན་ཁ་བསླེབས་དུས་སྙེ་མའི་འབྲས་བཟང་ཅི་ཞིག་བསྡུ། སེམས་ཀྱི་འབོད་སྒྲ་འདི་དང་ཚེ་སྲོག་གི་སྟངས་སྟབས་སྒྱུར་བ་འདི་ཡིས་གཞོན་པའི་བུ་རབས་རྣམས་ལ་རྟོགས་སད་འབྱུང་བར་འབོད་སྐུལ་བྱེད་པར་མ་ཟད། ལྷག་པར་རང་གི་ཞབས་སྟེགས་ཕ་བོང་སྟེང་དུ་མ་འོངས་རྗེས་རབས་པ་རྣམས་ཀྱིས་ཟུར་ལྟར་རུང་རྐང་རྗེས་ཟབ་མོ་འཇོག་པར་བརྩོན་པའི་འབོད་སྐུལ་བྱེད་པའང་ཡིན།

      སྙན་ངག་པ་རྣལ་མའི་རྣམ་དག་གི་རེ་སྙེག་དང་ཀུན་གྱིས་ཁས་ལེན་པའི་སྙན་ངག་གི་རྣམ་པ་ལེགས་གྲུབ་བྱུང་བ་ནི། གནས་ཚུལ་གསར་བའི་ཁྲོད་ཀྱི་མི་རིགས་ཧྲིལ་པོའི་བློ་སྟོབས་ཅི་འདྲ་ཡིན་པའི་འཚོ་གནས་བདེན་པ་དང་། མི་རིགས་ཀྱི་རིག་གནས་འདུ་ཤེས་ཅི་འདྲ་ཡིན་ཚུལ་གསལ་བཤད་གནང་བ་ཡིན་པས། རང་སེམས་རང་དབང་དུ་མྱོང་བའི་སྡུག་བསྔལ་འཁུན་སྒྲ་བསྒྲགས་པའི་ངུ་སྐད་མིན་ལ། འཇིག་རྟེན་འཚོ་བར་སེམས་ཁུར་མི་བྱེད་པར་གང་འདོད་ཚིག་རྒྱན་སྤྲོས་པའི་ངག་ཚིག་སྐམ་པོའང་མིན་པར་ངོ་མ་དངོས་གནས་ཀྱི་འཚོ་གནས་བདེན་པ་དེ་ནན་ཏན་གྱིས་མཚོན་ཡོད། ཚུལ་དེ་གོ་རྟོགས་དང་ཁས་ལེན་ཐོབ་པར་གྱུར་ན། ཁྱོད་ཀྱི་ལུས་སེམས་ཧྲིལ་པོ་དེ་ཡང་ཏག་ཏག་ལ་དངོས་གནས་ཀྱི་མི་རིགས་འཚོ་གནས་ཁྲོད་དུ་རང་རྟོགས་ཀྱིས་ཞུགས་པར་འགྱུར་ལ། ཁྱོད་ལ་ཐོབ་པ་དེ་ཡང་མི་རིགས་ཧྲིལ་པོའི་འཛད་མཐའ་མེད་པའི་ཤེས་རབ་ཀྱི་ཆུ་རྒྱུན་དྭངས་མོ་ཡིན་པ་དང་། ཁྱོད་ལ་ལྡན་པ་ནི་དཀའ་ངལ་ཁྲི་སྟོང་ལས་རྣམ་པར་རྒྱལ་ནུས་པའི་མི་རིགས་ཀྱི་སྙིང་སྟོབས་དེ་ཡིན། དེ་ལྟར་བྱུང་ན་གཞན་གྱི་ལེགས་ཆ་བསྡུས་ཤིང་རང་ཉིད་འཕེལ་རྒྱས་སུ་གཏོང་བའི་སྤོབས་པ་དེ་ཡང་གནོན་ཐབས་མེད་པར་ངང་གིས་འབྱུང་སྲིད།།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-05-03 ལྟ་ཀློག (3558)