ང་ཚོ་ཨ་མའི་སེམས་ཁོང་ནས་ལམ་དུ་ཆས།

ང་ཚོ་ཨ་མའི་སེམས་ཁོང་ནས་ལམ་དུ་ཆས།

                                                                            རྩོམ་པ་བོ། རྒྱ་གྲོལ། 
  བུད་མེད་ཅིག་ཡིན་ན་ཁྱོད་ལ་སྙིང་གི་དུམ་བུར་གྱུར་པའི་གཅེས་ཕྲུག་ཡོད་ངེས་ལ་གཅེས་ཕྲུག་གི་ཆེད་དུ་རང་གི་ཡོད་ཚད་གཏོང་སྲིད།  དེ་ནི་འཇིག་རྟེན་ན་རླབས་ཆེ་བའི་ཨ་མའི་གཤིས་ཀ་རེད།  བྱིས་པ་ཞིག་ཡིན་ན་ཁྱོད་ལ་བརྩེ་བས་སྐྱོང་བའི་ཨ་མ་ཞིག་ཡོད་ངེས་ལ་དགའ་ན་ཨ་མར་འབོད་ངེས་ལ་སྐྱོ་ནའང་ཨ་མར་འབོད་ངེས། དེ་ནི་ནར་སོན་པའི་བྱིས་པ་ཞིག་གི་རང་བཞིན་རེད། འཇིག་རྟེན་འདིར།  ཨ་མའི་མིག་ཟུང་དགུང་གི་ཉི་མ་བཞིན་ང་ཚོར་གཟིགས་ཤིང་ང་ཚོར་འཛད་མཐའ་མེད་པའི་དྲོད་ཁོལ་སྦྱིན་བཞིན་ཡོད།     ང་ཚོ་ཨ་མའི་སེམས་ཁོང་ནས་ལམ་ལ་ཆས་ཤིང་ཨ་མའི་སྨོན་ལམ་གྱི་ཞིང་ནས་རང་གི་འཇིག་རྟེན་འཚོལ་བཞིན་ཡོད།  ང་ཚོ་སྐྱིད་ན་སྡུག་ན་ཨ་མའི་སེམས་པ་དར་སྐུད་བཞིན་    ང་ཚོར་དཀྲིས་ཡོད་ལ་གཞིས་བྱེས་གང་དུ་བསྡད་ཀྱང་ང་ཚོས་ཨ་མའི་དར་སྐུད་དེ་འཐེན་ནས་འགྲོ་བཞིན་ཡོད།   མ་འོངས་པས་ང་ཚོར་སྒུག་ཡོད་ལ་སང་ཉིད་ཀྱིས་ཀྱང་ང་ཚོར་སྒུག་ཡོད།  ཨ་མའི་སེམས་པས་ཀྱང་རེ་བ་ཆེན་པོས་ང་ཚོར་སྒུག་ཡོད།  མ་འོངས་པས་དགའ་སྐྱོ་མང་བོ་ཞིག་གམ་ཡང་ན་ཐོབ་ཤོར་དང་འབྲས་བུ་ཕུན་སུམ་ཚོགས་པ་ཞིག་གི་གདམ་ཀ་བཟུང་ནས་ང་ཚོར་སྒུག་ཡོད།  དེ་ནི་ང་ཚོའི་འཇིག་རྟེན་ཡིན་ལ་ང་ཚོའི་འཇིག་རྟེན་དེ་ང་ཚོ་རང་ཉིད་ཀྱིས་བསྐྲུན་དགོས། དེ་བས་ང་ཚོ་ལམ་ལ་ཆས། ང་ཚོ་ཨ་མའི་སེམས་ཁོང་ནས་ལམ་ལ་ཆས།ང་ཚོ་ཨ་མའི་རེ་སྨོན་ལས་ལམ་ལ་ཆས།ཨ་མ་ལགས། ཁྱོད་ཀྱི་རེ་བ་དེའི་ཆེད་དུ། ང་ཡི་མདུན་ལམ་དེའི་ཆེད་དུ། ང་ཚོ་ལམ་ལ་ཆས་ཟིན། ང་ཚོ་ཁྱོད་ཀྱི་སེམས་ཁོང་ནས་ལམ་ལ་ཆས།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-05-03 ལྟ་ཀློག (3296)