​ར་ལོ།༼༢༽

ར་ལོ།༼༢༽

ཚེ་རིང་དོན་འགྲུབ།

 

 དྲུག
       ས་རུབ་རྗེས། དགོན་པ་དེ་སྔར་ལས་ཀྱང་སྟོང་འཇགས་སེ། ཁུ་སིམ་མེར་གནས། 
འཛམ་གླིང་གི་ཆེས་ལྕི་བའི་ཁུར་བོ་ནི་ལས་ཀ་མ་ཡིན་པར་ལས་རྒྱུ་མེད་པ་དེ་ཡིན་ཟེར་བ་ཅི་མ་བདེན། ཆོས་དབྱིངས་གྲགས་པར་ལས་རྒྱུ་མེད་པས་དངོས་གནས་ཤིན་ཏུ་ལྕི་བའི་ཁུར་བོ་ཞིག་གིས་མནན་པ་དང་འདྲ། ཁོ་རང་ཞོགས་པར་མལ་ལས་ལངས་པ་འཕྱི་བས་དགོང་མོར་གཉིད་ཀྱང་མི་ཁུགས།ཆུ་ལེན་བུ་མོ་དེའི་ཡིད་འོང་བཞིན་རས་དང་མིག་ཟུར་མདའ(ཁོའི་སེམས་ལ“རོགས་བལྟ”རེད་སྙམ)དེ་ཁོའི་མིག་ལམ་ནས་ཡལ་རྒྱུ་མེད། ཁོས་དབུགས་རིང་ཞིག་འཐེན་བཞིན་གྲྭ་ཤག་ལས་ཕྱིར་ཐོན།
 ཟོར་བའི་དབྱིབས་ཅན་གྱི་ཟླ་བ་ཞིག་ལྷོ་ནུབ་མཚམས་ཀྱི་མཁའ་དབྱིངས་ན་འཁར་བར་ཁེན་པའི་རྒན་པོ་ཞིག་དང་འདྲ་བར་འདུག རྩེ་ཆུའི་ཕ་རོལ་གྱི་སྡེ་བ་དེ་ནས་ཁྱི་སྐད་ཅིག་གྲག་པ་དང་ཆོས་དབྱིངས་གྲགས་པས་དེའི་ཕྱོགས་སུ་བལྟས་ན་ཁྱིམ་ཚང་རེ་རེ་གསལ་བོར་མཐོང་ཐུབ་པ་དང་། ཁྱིམ་ཚང་གཅིག་གིས་ད་རུང་མེ་སྦར་བཞིན་ཡོད་པ་དེ་བས་ཀྱང་གསལ་བོར་མཐོང་ཐུབ།
ཆོས་དབྱིངས་གྲགས་པའི་མིག་ལམ་དུ་ཆུ་ལེན་བུ་མོ་དེའི་ངོ་གདོང་གློག་བརྙན་བཞིན་དུ་ཡིད་ཀྱི་ཡོལ་རས་ངོས་སུ་གསལ་ལེར་ཤར་བས་ཁོ་རང་ཕྱིར་ཁྱིམ་དུ་འཛུལ་ཏེ་གྲྭ་ལྭ་ཕུད་ནས་སྔར་གྱི་སློག་པ་རྙིང་བ་དེ་གྱོན།
 དགོན་པ་ནས་ཆུའི་ཕ་རོལ་གྱི་སྡེ་བའི་དེའི་བར་ལ་སྤྱི་ལེ་གཉིས་ལྷག་ལས་མེད་པས་ཆོས་དབྱིངས་གྲགས་པ་སྐད་ཅིག་ཙམ་ལ་རུ་འདབས་སུ་སླེབས། ཁོ་སྒྲོན་མེའི་འོད་གསལ་བའི་ཁྱིམ་ཚང་དེའི་ཕྱོགས་སུ་གཟས་ནས་སོང་སྟེ་རྐང་འཇབ་ལག་འཇབ་ཀྱིས་སྦྲའི་སྒོ་བར་ནས་ནང་ལ་གཅིག་བལྟས་དུས་ཁྱིམ་ན་མི་གཅིག་མ་གཏོགས་མེད་ལ། དེའང་བུད་མེད་ཅིག་ཡིན་ནའང་ཕངས་པ་ཞིག་ལ་ཆུ་ལེན་བུ་མོ་དེ་མ་རེད། ཁོ་མོ་ཐབ་མདོ་ན་ཙོག་པུར་འདུག་ཅིང་། མགོ་བོ་བསྐྱོར་ནས་འདུག་ཚུལ་ལ་གཞིགས་ན་སྡུག་བསྔལ་གྱི་རྒྱ་རུ་ཚུད་ཡོད་པ་རྟོགས་ཐུབ།
 ཆོས་དབྱིངས་གྲགས་པས་ཆུ་ལེན་བུ་མོ་དེ་རྩ་བ་ནས་བརྗེད་དེ་རང་དབང་མེད་པར་ཁྱིམ་ལ་འཛུལ་བ་ན། བུད་མེད་དེ་དང་ཐོག་སྐྲག་སྟེ་ཁ་ནས“ཨ་མ”ཞེས་ཤོར་བཞིན་ཡར་ལངས་ལ། ཡུད་ཙམ་ནས་སེམས་ལྷོད་ལ་བབས་ཏེ“ཁྱོད་སུ་ཡིན”ཟེར།
 “ང་རང་ལམ་འགྲོ་བ་ཞིག་ཡིན”ཆོས་དབྱིངས་གྲགས་པསའཛུལ་དམུལ་དམུལ་གྱི་ངང་ནས“གནས་ཚང་ཞིག་གཡར་ན་ཆོག་གམ”ཟེར།
བུད་མེད་དེས་ཆོས་དབྱིངས་གྲགས་པར་ཞིབ་ཏུ་བལྟས་པ་ན། དེ་ནི་གཟུགས་རིང་ཞིང་ཤ་སྐམ་ལ་སྨིན་མ་སྟུག་ཅིང་ངོ་མདངས་སྔོ་ཤས་ཆེ་བ་ཞིག་རེད།
“ཨ་ཙི། དེ་ལོས་ཆོག”ཁོ་མོ་ཡར་ལངས་ནས་འཛུམ་དང་བཅས་ཆོས་དབྱིངས་གྲགས་པར་ཇ་དཀར་ཡོལ་གང་བླུགས་ཏེ“གདན་ཐོག་ཏུ་སྡོད་དང”ཟེར།
   ཆོས་དབྱིངས་གྲགས་པ་གདན་ཐོག་ཏུ་བསྡད་ནས་ཐོག་མར་ཡར་ལྟ་མར་ལྟ་ཞིག་བྱས་པ་དང་། རིམ་བཞིན་བུད་མེད་དེའི་གདོང་ལ་བལྟས་པ་ན་ཁོ་མོ་ཕལ་ཆེར་ལོ་སུམ་ཅུ་ལྷག་ལ་སླེབས་ཡོད་ཅིང་། མཁུར་ཚོས་དམར་ནག་ཡིན་ཞིང་སྣའི་གཟེངས་མཐོ་བ། ལུས་ཤ་རྒྱས་ཤིང་བྲང་འབུར་མདུན་དུ་ཐོན་འདུག་པས་ཆོས་དབྱིངས་གྲགས་པར་ཆགས་པའི་སྤུ་ལོང་གཡོས་ཤིང་། ངོ་གདོང་དམར་བོར་འགྱུར་བཞིན“ཁྱོད་གཅིག་པུ་ཡིན་ནམ”ཟེར།
“ཨེ—”ཁོ་མོས་དབུགས་རིང་ཞིག་འཐེན་ཞིང་དེ་མ་ཐག་གདོང་ལ་སྡུག་ཉམས་ཤར་ཏེ“སྐྱེས་པ་ཁྲེལ་མེད་ཅིག་ཡོད་ཀྱང་སྔ་ས་ནས་ང་རང་བསྐྱུར་ཏེ་རབ་བྱུང་བསྒྲུབས་སོང”ཟེར།
“ཨ—དེ་ངོ་མ་ཁྲེལ་མེད་ཅིག་རེད།རབ་བྱུང་བ་ཕལ་ཆེར་དེ་འདྲའི་ཁྲེལ་མེད་ཡིན། ང་རང་རབ་བྱུང་བ་ལ་ཧ་ཅང་མི་དགའ།”
“རེད་ཡ། འཇིག་རྟེན་ན་རབ་བྱུང་བ་རྣམས་ལས་ཀྱང་ཟ་འདོད་ཆེ་ཞིང་ལས་ཀ་མི་འདོད་པ་ཞིག་གང་ན་ཡོད།”
 “སྐྱག་རྫུན།”
 “ཨ།”
 “འོ—རབ་བྱུང་བ་དེ་ཚོས་སྐྱག་རྫུན་ཡང་སྨྲ།”
…  …
“ཁྱོད་ཀྱིས་དུ་བ་འཐེན་ནམ”བུད་མེད་དེས་དེ་ལྟར་དྲིས།
“ག་ལ་འཐེན། འོ…  …ལོས་འཐེན། ལོས་འཐེན།”
“ང་ལ་རྐང་གཅིག་སྟེར་རོགས། སུན་སྣང་གི་དབང་གིས་ང་ལ་དུ་བ་ལོབས་ཡོད།”
ཆོས་དབྱིངས་གྲགས་པས་དུ་བ་འཐེན་ན་བཟང་རབས་ལེགས་རབས་གང་མང་ཞིག་བཤད་རྗེས་རུམ་ལ་ལག་པ་གཅིག་བཏང་སྟེ“ཨེ—ཕངས་པ་ཞིག་ལ་ངས་དེ་རིང་དུ་བ་བཟུང་མི་འདུག”ཟེར།
ཆོས་དབྱིངས་གྲགས་པས་བུད་མེད་དེའི་ཁམས་དང་བསྟུན་ནས་ལབ་གླེང་བྱས་པར་མ་ཟད། མཚམས་རེར་ཁོ་མོ་ལ་ངོ་བསྟོད་ཀྱི་ཚིག་ཀྱང་མི་ཉུང་བ་ཞིག་སྨྲས་པར་བརྟེན་ཁོ་གཉིས་ཀྱི་དམིགས་ཡུལ་ཡང་གཅིག་ཐོག་ཏུ་སོང་།
“ཨ—‘ཚོགས་ཆེན་འདུ་ཁང་ནང་ན་སྡུག་མེད་ཀྱང་ཨོང་ཤ་ན་གི འཇིག་རྟེན་འཁོར་བའི་ནང་ན་སྐྱིད་མེད་ཀྱང་སྐྱོ་བ་སངས་ཀི’ཟེར་བ་ཅི་མ་བདེན།”
“ཅི་རེད། ཁྱོད་རང་ཚོགས་ཆེན་འདུ་ཁང་ནང་དུའང་བསྡད་མྱོང་ངམ།”
“སྔོན་ཆད་བསྡད་མྱོང་། འོན་ཀྱང་དེར་དོན་སྙིང་མི་འདུག གལ་ཏེ་འུ་གཉིས་ཚེ་གང་བོར་མཉམ་དུ་འདུག་ཐུབ་ན་ཅི་མ་རུང་།”
“གལ་ཏེ་ཁྱོད་ལ་དེ་འདྲའི་འདུན་མ་ཡོད་ན་དེ་ནི་ལས་སླ་མོ་ཞིག་རེད།”
“འདུན་མ་ལོས་ཡོད། འོན་ཀྱང་ས་འདིར་འུ་གཉིས་མཉམ་དུ་འདུག་ཐབས་མེད།རྒྱུ་མཚན་ནི…  …”ཆོས་དབྱིངས་གྲགས་པས་ཁོ་མོར་རང་གི་དཀའ་ཁག་རྣམས་ཇི་མ་ཇི་བཞིན་བཤད་པ་དང་། ཉིན་འགའ་རེར་ཁྱིམ་ཚང་དེར་དེ་གར་བསྐུངས་ནས་བསྡད་རྗེས། ཁོ་མོར་རོགས་བྱས་ནས་མཁོ་གལ་ཆེ་བའི་དངོས་རྫས་ཡོད་ཚད་ཁུར་ཏེ་ཆོས་དབྱིངས་གྲགས་པའི་ཡུལ་ཕྱོགས་སུ་དེ་སྔོན་དང་འདྲ་བར་ཟླ་འོད་ལ་བསྟེན་ནས་སོང་།

བདུན།
       ཆོས་དབྱིངས་གྲགས་པ་གྲྭ་བ་ཡིན་སྐབས་སུ་ཞིག་གིས་ཁོ་ལ“ཆོས་དབྱིངས་གྲགས་པ”མི་ཟེར་བར“ར་ལོ”ཞེས་བོས་ན་ཁོ་རང་ཁོང་ཁྲོ་རབ་ཏུ་འབར་ནས་དེ་ལ་དཔུང་གཏུག་བརྒྱག་སྲིད་ཀྱང་ད་ལྟ་ཕ་ཡུལ་གྱི་མི་ཚོས་ཁོ་ལ་སྔར་ལྟར་ར་ལོ་ཞེས་འོབད་བཞིན་ཡོད་ལ་ཁོ་རང་ཡང་དེ་ལ་དགའ་བ་འདྲ། དེས་ན་ང་ཚོས་ཀྱང་སླར་ཡང་ཁོ་ལ“ར་ལོ”ཟེར།
 ར་ལོའི་ཁྱིམ་ཐོ་ད་དུང་ས་འདི་རུ་ཡོད་པ་དང་། མ་རྒན་ཡོད་དུས་ཀྱི་སྦྲ་དང་ཅ་ལག་འགའ་བོའང་སྡེ་བའི་མཛོད་ཁང་ནང་ན་ཉར་འདུག འབྲོག་དམངས་ཨུ་ཡོན་ལྷན་ཁང་གིས་ཁོ་ལ་སྒོར་མོ་འགའས་དཀའ་ཚེགས་བསལ་བ་དང་ཚང་མའི་ལག་ནས་ཟོག་ལུག་འགའ་བསྡུས་ནས་ཁོ་ལ་ཕྱུགས་ཀྱི་གན་རྒྱའང་བྱིན། དང་ཐོག་ར་ལོས་འབད་བརྩོན་བྱས་ནས་དུད་ཁྱིམ་ཞིག་གི་ཚུགས་ཀ་མངོན་བཞིན་ཡོད་ནའང་ར་ལོའི་རྒྱབ་མ་འཁྱག ཕོ་མ་ལྟོགས་པས་རིམ་བཞིན་ཁོའི་ལེ་ལོ་སྒྱིད་ལུག་གི་མྱུ་གུ་སླར་ཡང་འབུས་ནས་ཕྱུགས་མི་འཚོ་བ་དང་ལས་ཀ་མི་ལས་པར་རྫོང་མཁར་ལ་འཁྱམས་ནས་བསྡད་པས་གན་རྒྱའི་ཕྱུགས་ཟོག་ཚར་བ་དང་ཆུང་མ་ཡང་ཁོ་ལ་ཡིད་ཆད་སོང་། 
 ར་ལོ་རྫོང་མཁར་ལ་སོང་ནས་ཉིན་འགའ་འགོར་ཞིང་ལག་གི་སྒོར་མོ་ཚང་མ་བརླགས་ཚར་རྗེས་ཕྱིར་ཡུལ་ལ་ཡོང་དུས་ཆུང་མ་མཐོང་རྒྱུ་མེད་པར་གྱུར། ཁྱིམ་མཚེས་རྣམས་ཀྱི་བཤད་ཚུལ་ལྟར་ན་བསོད་ནམས་དར་རྒྱས་ཀྱིས་ཁྲིད་སོང་ཟེར་བས། ཁོ་རང་བསོད་ནམས་དར་རྒྱས་ཚང་ལ་སོང་སྟེ་ཆུང་མར་ཡུལ་ལ་འགྲོ་ཟེར།
“ངའི་ཡུལ་འདི་ཚང་ཡིན།”
“ཨ་ཙི། ཁྱོད་རང་གདོན་གྱིས་བསླུས་པ་མིན་ནམ།”
“གདོན་གྱིས་ཁྱོད་རང་བསླུས་པ་འདྲ།”བསོད་ནམས་དར་རྒྱས་ཁོའི་གམ་ལ་ཡོང་ནས“ཁོ་མོ་ངའི་ཁྲིམས་མཐུན་གྱི་ཆུང་མ་ཡིན་པས་འདི་ལས་གཞན་གྱི་ཡུལ་ཞིག་གང་ན་ཡོད”ཟེར།
ར་ལོ་ཤིན་ཏུ་ཁྲོས་ཏེ་བསོད་ནམས་དར་རྒྱས་ལ་དཔུང་གཏུག་ཡང་ཡང་བརྒྱབ་ཅིང“ཁྱོད་ཀྱིས་ཉི་མ་དཀར་དཀར་ལ་གཞན་གྱི་ཆུང་མ་འཕྲོག་ཆོག་གམ”ཟེར།
“དེ་ཕྲོགས་པ་རེད་བསམ་ན་ཁྱོད་རང་ཁྲིམས་ཁང་ལ་གཏུག་ཏུ་སོང་དང་། ཁོ་མོ་འུ་གཉིས་ཀའི་སུའི་ཆུང་མ་ཡིན་པ་དེ་ནས་ཐག་གཅོད་བྱེད་སྲིད།”
ར་ལོས་ད་གཟོད་ཁྲིམས་ཁང་ཟེར་བའི་བཙན་པོའི་གཉའ་གནོན་དང་གཉོམ་པོའི་མགོན་སྐྱབས་ཤིག་ཡོད་པ་ཡིད་ལ་དྲན་ནས་ཡོང་བ་རེད།
བརྒྱད།
       ངས་ར་ལོ་དམངས་དོན་ཁང་ལ་ཁྲིད་དེ་ངོ་སྤྲོད་བྱས་རྗེས་ཕྱིར་ཡོང་བ་ཡིན།དམངས་དོན་ཁང་གིས་བསོད་ནམས་དར་རྒྱས་དང་བུད་མེད་དེ་གཉིས་བོས་ནས་རྩད་གཅོད་བྱས་དུས་བུད་མེད་དེས“ར་ལོ་ངེད་གཉིས་དུས་ཐུང་ཞིག་ལ་མཉམ་དུ་བསྡད་པ་བདེན་མོད། ངེད་གཉིས་བཟའ་ཟླ་གང་ནས་ཡིན། གལ་ཏེ་ཁོས་རེད་ཟེར་ན་ངེད་གཉིས་ཀྱིས་གཉེན་སྒྲིག་དཔང་ཡིག་གང་ནས་བླངས། གཉེན་སྒྲིག་དཔང་ཡིག་མ་བླངས་པར་མཉམ་དུ་བསྡད་ན་ཁྲིམས་འགལ་སྤྱོད་སྟངས་མིན་ནམ། དེ་བས་བསོད་ནམས་དར་རྒྱས་དང་ཁྲིམས་མཐུན་གྱིས་གཉེན་སྒྲིག་བྱས་པ་ཡིན།”ཟེར་བཞིན་གཉེན་སྒྲིག་དཔང་ཡིག་ཅིག་རུམ་ནས་བླངས་བྱུང་།
 ཁྲིམས་ཁང་གིས་ཐག་བཅད་པ་ལྟར་ན། བུད་མེད་དེ་བོསད་ནམས་དར་རྒྱས་ཀྱི་ཁྲིམས་མཐུན་བཟའ་ཟླ་ཡིན་ལ། ར་ལོས་གཏུག་བཤེར་བྱས་པ་ནི་མཚོ་སྔོན་པོའི་ནང་ལ་རྡོ་འཕངས་པ་དང་མཚུངས་པ་རེད།
 ར་ལོས་ད་གཟོད་གཉེན་སྒྲིག་དཔང་ཡིག་དགོས་པའི་གལ་ཆེའི་རང་བཞིན་གསལ་བོར་ཤེས་ཤིང་།རང་གིས་དང་ཐོག་གཉེན་སྒྲིག་དཔང་ཡིག་མ་བླངས་པར་འགྱོད་པ་གཏིང་ནས་སྐྱེས་ཏེ་རང་གིས་རང་ལ་འགྲམ་ལྕག་གཅིག་གཞུས་པ་ན་སྣབས་ལུག་ནས་མ་ནེའི་མགོ་ལ་ཐུག་སོང་།
དགུ།
        ར་ལོ་ཁྲིམས་ཁང་ནས་ཕྱིར་ཐོན་ཏེ་དམིགས་ཡུལ་མེད་པར་སྲང་ལམ་དུ་ཕར་འགྲོ་ཚུར་འགྲོ་འགའ་བྱས་ཤིང་། དེ་ནས་ཁོ་རང་ཟ་ཁང་ཞིག་གི་སྒོ་ཁར་སླེབས་པ་དང་ད་གཟོད་རང་གིས་ནངས་ཟས་གུང་ཟས་གཅིག་ཀྱང་འཐུངས་མེད་པ་ཡིད་ལ་དྲན། དེ་མ་ཐག་ཁོའི་ཁོག་པའི་ནང་ནས་ཚ་ལངས་པ་དང་། འུར་ཁྲོག་གི་སྒྲ་ཡང་བར་མེད་དུ་གྲག་འོངས་པས་གོམ་ཁ་རང་དབང་མེད་པར་ཟ་ཁང་ནང་དུ་བསྒྱུར། ཕངས་པ་ཞིག་ལ་ཁོའི་ལག་ཏུ་སྒོར་རྡོག་གཅིག་ཀྱང་མེད་པ་རང་གི་སེམས་ན་ཁྲིགས་སེ་ཡིན།
དེང་སྐབས་ཟ་མ་ཟོས་རྗེས་རིན་པ་མི་སྤྲོད་པའི་གཞོན་ནུ་མང་ནའང་ར་ལོ་དེའི་གྲས་སུ་གཏན་ནས་མི་གཏོགས་པར་མ་ཟད། ཐེངས་ཤིག་ཁོས་སྒོར་མོ་སྟོང་བཞི་རྙེད་པའང་མ་གསང་མ་སྦས་པར་བདག་པོར་སྤྲད་སོང་། གལ་ཏེ་སུ་ཞིག་གིས་ར་ལོའི་ལག་མི་གཙང་ཟེར་ན་དེ་ནི་སློབ་ཆུང་སློབ་མའི་དུས་སུ་དགེ་རྒན་ཚོའི་ཁྱིམ་ལུད་ནང་ནས་དུ་སྣེ་རེ་བཏུས་མྱོང་བ་དེར་བསྟན་པ་མིན་ན་ཁུངས་མེད་འཆལ་གཏམ་ཁོ་ན་ཡིན།
 ར་ལོས་ཟ་མ་ཟ་བཞིན་པའི་མི་རྣམས་ཀྱི་ཁ་ལ་བལྟས་ནས་བསྡད། བལྟས་ཀྱིན་བལྟས་ཀྱིན་ཁོའི་སེམས་ལ་རང་ཉིད་གྲྭ་བ་ཡིན་དུས་ཀྱི་འཚོ་བ་དེ་དྲན་བྱུང—དད་ལྡན་མང་ཚོགས་ཀྱིས་རྒྱུན་ཆད་མེད་པར་གྲྭ་བ་ཚོར་འབྲས་ལས་ཤ་མང་ཞིང་། དེའི་ནང་རྒུན་འབྲུམ་དང་ཀ་ར་དཀར་བོ་བཏབ་པའི་ཐུག་པ་འདྲེན་ལ། གལ་ཏེ་ཆ་རྐྱེན་ཅུང་ཞན་པའི་ཁྱིམ་ཚང་ཞིག་གིས་འབྲས་ཐུག་ནང་ལ་རྒུན་འབྲུམ་གྱི་ཚབ་ཏུ་སིལ་དམར་བཏབ་ཡོད་ན་གྲྭ་བ་ཚོས“ཧེ། སིལ་དམར་འདེབས་ཁུལ་བྱས་འདུག”ཟེར་བཞིན་འདང་རྒྱག་མེད་པར་ཇ་ནེའི་ཁ་ཐུར་དང་རྐུབ་གྱེན་དུ་སྐོར་སྲིད།
“ཨེ—དེ་དུས་ངོ་མ་ཟ་མའི་རིན་ཐང་མ་ཤེས།”ར་ལོས་མཆིལ་མ་ཞིག་མིད་བཞིན་ཁ་ཕྱིར་འཁོར་ནས་འགྲོ་རྩིས་བྱས། འོན་ཀྱང་ཁོག་པའི་ནང་ནས་ཁོ་ལ་ངེས་པར་དུ་ཟ་མ་ཟ་དགོས་པའི་བརྡ་སྔར་ལྟར་རྒྱག་གིན་འདུག
“ཨེ—ད་ཅི་བྱེད། གང་ལྟར་ཟས་ཟ་དགོས།” ར་ལོས་མིག་རིག་རིག་ཏུ་ངོ་ཤེས་རེ་ཨེ་མཐོང་ལྟ་བཞིན་སེམས་ལ“སྐམས་ལུག་རེ་བཙོངས་ནས་ཝུ་ཆང་གང་འདོད་དུ་འཐུང་བའི་སྐབས་སུ་སྔོན་གྱི་སློབ་གྲོགས་དང་ངོ་ཤེས་མི་ཤེས་ཚང་མ་རང་གི་གམ་དུ་མེ་ཏོག་ལ་བུང་བ་འཁོར་བ་བཞིན་འདུས་ཡོང་མོད། ད་ལྟ་དེ་ཚོ་གང་ལ་སོང་བ་ཡིན་ནམ།” ཁོས་དེ་ལྟར་དྲན་པ་དང་མཉམ་དུ་རང་གི་བཞོན་པ་གཡག་རྒན་དེ་ཡིད་ལ་ཤར། གཡག་རྒན་དེ་ར་ལོའི་གན་རྒྱའི་ཕྱུགས་ཟོག་ནང་ནས་ཅུང་རིན་ཐང་ཅན་ཞིག་ལྷག་ཡོད་པ་གཅིག་པོ་ཡིན་ལ། ར་ལོ་རྫོང་མཁར་སོགས་ལ་འགྲོ་བྱེད་ཀྱི་བཞོན་པ་གཅིག་པོའང་རེད། ཡིན་ནའང་ལྟོ་བ་ལས་གལ་ཆེ་བ་ཞིག་གང་ན་ཡོད། དམའ་རིམ་སྲོག་ཆགས་གྲོག་མ་ནས་མཐོ་རིམ་སྲོག་ཆགས་མིའི་བར་དུ་ཚང་མས་ལྟོ་བའི་དོན་དུ་ཡར་རྒྱུག་མར་རྒྱུག བྲེལ་བྲེལ་འཚུབ་འཚུབ་བྱེད་བཞིན་ཡོད་པ་མིན་ནམ།
ར་ལོས་རང་གི་གཡག་རྒན་དེ་སྒོར་བདུན་བརྒྱར་བཙོངས་པ་རེད། གལ་ཏེ་ཁོ་རང་ཚོང་བ་ཉམས་མྱོང་ཅན་ཞིག་ཡིན་རྒྱུ་ན་དེ་ལས་མང་བ་ཞིག་ལ་བརྗེ་ཐུབ་ཀྱང་སྲིད། འོན་ཀྱང་ར་ལོར་མཚོན་ན་འདི་ནི་ཡིད་ཚིམ་པའི་གྲངས་ཀ་ཞིག་རེད། རྒྱུ་མཚན་ནི་རང་སྐྱེས་པ་ནས་བཟུང་འདི་འདྲའི་སྒོར་མོ་མང་བོ་ཞིག་ལག་ཏུ་བཟུང་བ་ཐེངས་དང་བོ་ཡིན་པས་རེད།
བཅུ།
   “ང་ར་ལོར་ཡོད་པ་ནི་སྒོར་མོ་ཡིན། ཐུངས་ཐུངས་ཐུངས…  …”ཕར་བལྟས་ན་ར་ལོ་ཅུང་བཟི་ཡོད་པ་འདྲ། ཁོས་ཟ་ཁང་ཞིག་གི་ནང་ན་སྒོར་མོ་བརྒྱ་ཤོག་འགའ་ལག་ཏུ་བཟུང་ནས་གནམ་ལ་ཕྱར་ཏེ“ང་ར་ལོའི་ཕ་རྒྱལ་བོའི་འཁྲུངས་རབས་དང་མ་རྒྱལ་མོའི་སྐྱེ་རབས་བཤད་ན”ཟེར་བཞིན་སྣབས་མ་ནེའི་སྟེང་ལ་ལུག་སྟེ་མི་འགའི་དཀྱིལ་ན་ཝུ་ཆང་འཐུང་བཞིན་འདུག
 སྐབས་དེར་ས་རུབ་ནས་གློག་སྒྲོན་བཀར་འདུག བུད་མེད་ཅིག་གིས་ཟ་ཁང་སྒོ་ཁ་ནས་ཡང་ཡང་སྐེ་བསྲིངས་ཏེ་ནང་ལ་ལྟ་བཞིན་འདུག ར་ལོས་གཅིན་པ་ཞིག་བཏང་ནས་ཕྱིར་ཡོང་ཁར་བུད་མེད་དེ་མཐོང་བྱུང་བས་ཁོ་རང་ནང་ལ་མ་སོང་བར་བུད་མེད་དེར་བལྟས་ནས་བསྡད། དེའི་གྱོན་པར་བལྟས་ན་ས་ཆ་འདིའི་མིན་པ་ཐག་གིས་ཆོད།
“ཁྱོད་གང་གི་ཡིན”ར་ལོས་ཁོ་མོའི་གདོང་ལ་ལྟ་བཞིན་དེ་ལྟར་དྲིས།
“ཨ་མཆོག་གི་ཡིན”བུད་མེད་དེ་ཚུར་འཁོར་ནས་ར་ལོར་བལྟས། ཁོ་མོ་ལོ་ཉི་ཤུ་ལྷག་ཙམ་ཡིན་ལ། གྱོན་པ་རྙིང་ཞིང་ཁ་ཤར་སེར་ག་གས་ནས་འདུག་ནའང་གཏིང་དུ་ལྷུང་བའི་མིག་ཟུང་ལས་གཡོ་བྲལ་ལྷད་མེད་ཀྱི་འོད་མདངས་ཤིག་ཤར་འདུག་པས་ར་ལོའི་མིག་ལམ་དུ་ལོ་གཅིག་སྔོན་གྱི་ཆུ་ལེན་བུ་མོ་དེ་དབང་མེད་དུ་ཤར་བྱུང་།
“ཁྱོད་རྩེ་ཆུ་ཁར་ཆུ་ལེན་དུ་སོང་མྱོང་ངམ།”
བུད་མེད་དེས་ཁོའི་སྐད་ཆའི་ནང་དོན་མ་གོ་བར་ངོ་མཚར་བའི་ངང་ར་ལོའི་གདོང་ལ་བལྟས་འདུག
“ཁྱོད་རང་རྩེ་ཆུའི་ཁར་ཆུ་ལེན་དུ་སོང་མྱོང་བ་ཁོ་ཐག་རེད།”ར་ལོ་ཉེན་རྟོག་པ་ཞིག་དང་འདྲ་བར“འདི་ན་ཅི་ཞིག་བྱེད་ཀྱིན་ཡོད།”ཟེར།
“ཟས་ཤིག་ཟ་འདོད་མོད…  …”
 ར་ལོས་དེ་མ་ཐག་ཁོ་མོར་སྒོར་མོ་མི་འདུག་སྙམ་ནས་ངས་ཁྱོད་ངོ་ཤེས། ངས་ཁྱོད་མཐོང་མྱོང་། ཁྱོད་ཀྱིས་ཅུང་ཙམ་སྒུགས་དང་ཟེར་ནས་ནང་ལ་སོང་སྟེ་ལས་བྱེད་པ་དང་འདྲ་བའི་ཕོ་གསར་ཞིག་གི་རྣ་རྩར་སྐད་ཆ་ཤབ་ཤུབ་ཅིག་བཤད་རྗེས་དེའི་ལག་ནས་ལྡེ་མིག་ཅིག་བླངས་ཏེ་ཕྱིར་ཡོང་ནས། འགྲོ། ཟ་མ་ཟ་རུ་འགྲོ་ཟེར།
དང་ཐོག་བུད་མེད་དེ་སོམ་ཉིའི་ངང་དུ་འདུག་པ་ལས་ར་ལོའི་རྗེས་ལ་མི་ཡོང་མོད། ར་ལོས“ཁྱོད་རང་སྐྲག་མི་དགོས། ངས་ཁྱོད་ངོ་ཤེས”ཟེར་ནས་ཁོ་མོའི་ཕུ་ཐུང་ནས་ཡང་ཡང་འཐེན་པས་བུ་མོ་དེའང་འཐད་ལ་མི་འཐད་པའི་ངང་ནས་ར་ལོའི་རྗེས་སུ་འབྲངས།
ཁོ་གཉིས་ཀ་དཔུང་བ་མཉམ་གཤིབ་ངང་སྲང་ལམ་ཆུང་བ་ཞིག་གི་ཕྱོགས་སུ་སོང་།
ར་ལོས་ཡང་བསྐྱར“འཇིག་རྟེན་འཁོར་བའི་ནང་ན་སྐྱིད་མེད་ཀྱང་སྐྱོ་བ་སངས་ཀི”ཟེར་བའི་གཏམ་དཔེ་དེ་ངག་ལས་ཤོར་བར་མ་ཟད“འུ་གཉིས་ཀས་གཉེན་སྒྲིག་དཔང་ཡིག་ལེན་ཨང་།”ཟེར།
“ཨ་ཙི། འདིས་ཅི་ཟེར། ང་ལ་སྐྱེས་པ་ཡོད་ཡ།”
“ཧེ། གཉེན་སྒྲིག་དཔང་ཡིག་བླངས་རྗེས་ཁྱོད་ངའི་ཁྲིམས་མཐུན་གྱི་ཆུང་མ་རེད། སྐྱེས་པ་སྔོན་མ་ཡོད་མེད་ལ་སུས་ཐེ་གཏོགས་བྱེད་རྒྱུ”
“ངོ་མ་ཨེ།”
“ངོ་མ་ཡིན། སྔོན་ང་ལ་ཆུང་མ་ཞིག་ཡོད་མོད། ཁོ་མོས་སྐྱེས་པ་གཞན་ཞིག་དང་གཉེན་སྒྲིག་དཔང་ཡིག་བླངས་ཟིན་པས་ཁྲིམས་ཁང་གིས་ཁོ་མོ་ངའི་ཆུང་མ་ཡིན་པར་ཁས་མི་ལེན་པར་སྐྱེས་པ་རྗེས་མ་དེའི་ཆུང་མ་རེད་ཟེར། རྒྱ་ཡིག་ཐོག་དང་བོད་ཚིག་ཐོག་ཟེར་བ་ངོ་མ་རེད།”
དེས་ན་ཁྱོད་རང་གིས་ལྟོས། གང་ལྟར་ང་རང་སྐྱེས་པ་དེ་དང་འགྲིག་ཐབས་མེད། དེ་འདྲ་མིན་ན་ང་རང་ས་ཐག་འདི་འདྲའི་རིང་བོ་ཞིག་ལ་གཅིག་པུར་འཁྱམ་དགོས་དོན་ཅི་ཡོད།
 ཡ་མཚན་ཞིག་ལ་ས་འདིར་གཉེན་འཐོར་རྒྱུ་དཀའ་ཡང་གཉེན་སྒྲིག་རྒྱུར་བརྒྱུད་རིམ་གཅིག་ཀྱང་མི་དགོས་པར་ཕོ་མོ་གཉིས་ཀ་རང་འཐད་ཡིན་པ་ཙམ་གྱིས་ཆོག དེ་བས་ར་ལོ་དང་བུ་མོ་ཆ་མེད་གཉིས་ཀྱིས་དཀའ་ཚེགས་མེད་པར་ཡུལ་ཚོའི་སྲིད་གཞུང་ནས་གཉེན་སྒྲིག་དཔང་ཡིག་ལོན་བྱུང་།
བུད་མེད་འདི་ཆུ་ལེན་བུ་མོ་དེ་ཡིན་མི་སྲིད་ནའང་ར་ལོའི་ཆུང་མའམ་ཡང་ན་དགའ་གྲོགས་སོ་སེར་མ་དེ་ལས་སྙིང་དུ་སྡུག་པ་དང་ཁོག་པའང་དེ་ལས་ལྡབ་འགྱུར་གྱིས་དྲང་མོ་ཡིན་པ་འདྲ། དེས་ན་ར་ལོས་ཀྱང་སེམས་གཏིང་ནས་རང་གི་སྒྱིད་ལུག་པའི་སྤྱོད་ངན་བསྒྱུར་ཏེ་ཡིད་སེམས་དྲང་བའི་བུ་མོ་འདི་དང་མཉམ་དུ་འཚོ་བ་རོལ་རྒྱུའི་སེམས་ཐག་བཅད་ནས་ཨ་ལགས་ཤིག་གི་དྲུང་ནས་ཆང་ཡང་བཅད་པ་རེད།
 ར་ལོ་ངོ་མ་བུད་མེད་འདི་ལ་བརྩེ་དུང་ཆགས་འདུག བརྩེ་དུང་འདི་ནི་ཁོ་རང་གི་བུད་མེད་སྔོན་མ་གཉིས་ལ་གཏན་ནས་ཆཊ་མ་མྱོང་བ་ཞིག་རེད། དཔེར་ན་ར་ལོ་རྫོང་མཁར་དུ་བཟའ་འབྲུ་ཉོ་རུ་སོང་ནའང་དུས་ཚོད་སྐར་ཆ་ཙམ་ཡང་དོན་མེད་དུ་འགོར་འགྱངས་མི་བྱེད་པར་རང་གི་ཆུང་མ་ལ་ཚི་ལེན་རེའམ་མངར་ཟས་རིགས་རེ་ཉོས་ནས་མྱུར་དུ་ཕྱིར་ཡོང་ངེས་ལ། བུད་མེད་དེས་ཀྱང་ར་ལོ་ཕྱིར་ཡོང་བ་མཐོང་མ་ཐག་སྤྱི་ལེ་གཅིག་གཉིས་ཀྱི་ཚད་ནས་སྔོན་དུ་བརྒྱུགས་ཡོང་བར་མ་ཟད་ཆ་རྐྱེན་འཛོམས་ཚོད་ཀྱིས་ཁོ་ལ་ཟ་རྒྱུ་རེའང་གྲ་སྒྲིག་བྱས་ནས་ཡོད།ཆ་རྐྱེན་ཡང་མི་འཛོམས་རྒྱུ་མེད་དེ་ར་ལོའི་ཨ་མའི་དུས་ཀྱི་སྦྲ་རྙིང་དེ་ད་ལྟ་ཨོང་བ་འགེབས་བྱེད་བྱས་ནས་ཁོ་གཉིས་སྦྲ་སོ་མ་ཞིག་གི་ནང་དུ་དགོད་སྒྲས་ཁེངས་བཞིན་བསྡད་ཡོད།
བཅུ་གཅིག
         མི་ལ་ལས་བཤད་ན་བུད་མེད་དེས་ར་ལོ་དྲང་ལམ་དུ་ཁྲིད་སོང་ཟེར། ཡང་ལ་ལས་བཤད་ན་བུད་མེད་དེ་ར་ལོའི་ཨ་མའི་རྣམ་ཤེས་ཡིན་སྲིད་ཟེར། གང་ལྟར་ཡང་བུ་མོ་དེ་དང་མཉམ་དུ་བསྡད་པ་ནས་བཟུང་ར་ལོ་དངོས་གནས་མི་གཞན་ཞིག་ཏུ་འགྱུར་སོང་། ཐ་ན་ཁོའི་སྣ་མདོའི་སྣབས་དེའང་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་ཡོད།
འོན་ཀྱང་བློ་ཡུལ་ལས་འདས་པ་ཞིག་ལ་ཉིན་ཞིག་སྤྱི་བདེ་མི་སྣ་གཉིས་ཡོང་ནས་ར་ལོ་བཟའ་ཟླ་གཉིས་རྫོང་ཐོག་ཏུ་ཁྲིད་སོང་།
 ཁྲིམས་ཁང་གིས་བཤད་ན་བུ་མོ་དེས་གཉེན་རྩེག་སྒྲིག་གི་ཉེས་པ་བསགས་ཡོད་པས་དུས་བཅད་བཙོན་འཇུག་ཟླ་དྲུག་ལ་བྱེད་རྒྱུའི་ཐག་བཅད། ར་ལོའི་མིག་ཆུ་སྣབས་དང་འདྲེས་ཤིང་སྣབས་མ་ནེའི་སྟེང་ལ་ལུག་ཡོང་། འོན་ཀྱང་བུ་མོ་དེ་ར་ལོའི་གམ་ནས་འགྲོ་ཞོར་དུ“ར་ལོ། སེམས་མ་ཕམ། ཟླ་དྲུག་འཁོར་རྒྱུ་སླ་མོ་རེད། ང་རང་ནམ་ཡང་ཁྱོད་ཀྱི་ཡིན”ཟེར།
 ཇི་འདྲའི་གཡོ་ཟོལ་བྲལ་ཞིང་བྱམས་བརྩེ་ལྡན་པའི་ཚིག་ཅིག་རེད་ཨང་། ཚིག་འདིས་ར་ལོར་སྔོན་ལ་ཡོད་མ་མྱོང་བའི་སྤོབས་པ་ཞིག་དང་རེ་ལྟོས་ཤིག་སྦྱིན་བྱུང་བས་ཁོས་སྣབས་དང་མིག་ཆུ་གཙང་མར་ཕྱིས་ནས་ཡར་དགྱེས་ཏེ“ཁྱོད་ཀྱིས་སེམས་བདེ་མོ་བྱོས། ངས་ཁྱོད་ལ་བསྒུགས་ནས་འདུག”ཟེར།

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-05-02 ལྟ་ཀློག (6836)