​ རྒྱ་གར་འཕགས་པའི་ཡུལ་དུ་ཕྱི་བ་མུ་སྟེགས་པའི་གྲུབ་མཐའ་བྱུང་ཚུལ།

༄༅། །རྒྱ་གར་འཕགས་པའི་ཡུལ་དུ་ཕྱི་བ་མུ་སྟེགས་པའི་གྲུབ་མཐའ་བྱུང་ཚུལ།

རྩོམ་པ་པོ།   ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།
 
 ༡. མུ་སྟེགས་པ་ཇི་ལྟར་བྱུང་པའི་ལོ་རྒྱུས་བཤད་པ།  

༄༅། ། འཇིག་རྟེན་གྱི་ཁམས་འདི་ཐོག་མར་ཆགས་ནས་ཡུན་རིང་ཙམ་སོང་བའི་ཚེ།   འཛམ་བུའི་གླིང་འདིར་མི་རྣམས་མ་རྨོས་པའི་ལོ་ཏོག་ལོངས་སྤྱོད་པ་བྱུང་ལ།   དེའི་ཚེ་མི་ལེ་ལོ་ཅན་གྱིས་གསོག་འཇོག་བྱས་པས་སོ་ནམ་བྱེད་དགོས་པ་བྱུང་།   དེ་ལ་བརྟེན་ནས་སྲེད་པ་ཅན་འགའ་ཞིག་གིས་མ་བྱིན་པར་བླངས་པས་ཕན་ཚུན་མ་འཆམས་པར་ཞལ་ལྕེ་གཅོད་པའི་དཔོན་བསྐོས་དགོས་པ་བྱུང་།   དཔོན་གྱི་ཐོག་མ་ནི་མང་པོས་བཀུར་བའི་རྒྱལ་པོ་ཞེས་བྱ་བ་ཡིན་ནོ། །   

དེའི་ཚེ་རྒྱལ་པོས་མི་ཉེས་པ་ཅན་འགའ་ཞིག་ལ་ཆད་པས་ཚར་གཅོད་པ་མཐོང་ནས་སྐྱོ་བ་སྐྱེས་ཏེ་འགའ་ཞིག་ནགས་གསེབ་དབེན་པར་སོང་ནས་བསྡད་པས་བྲམ་ཟེ་བྱུང་།   དེ་ལས་ཀྱས་འགའ་ཞིག་གིས་དབེན་པར་འདོད་ཆུང་ཆོག་ཤེས་བྱས་ནས་གཅིག་པུར་བསྡད་པས་ལུས་དང་སེམས་དབེན་པ་ལ་བརྟེན་ནས་ཞི་ནས་ཐོབ།   དེ་ལ་བརྟེན་ནས་མངོན་ཤེས་དང་རྫུ་འཕྲུལ་ཡོད་པ་བྱུང་བ་ལ་དྲང་སྲོང་ཞེས་བཏགས།   དེ་དག་ལས་མངོན་ཤེས་ཐོབ་པ་དང་རྟོག་གེ་ལ་བྱང་བ་དུ་མས་རང་རང་གི་བློས་དཔྱད་ནས་ཐར་པ་དང་མཐོ་རིས་ཐོབ་བྱེད་ཀྱི་ལམ་གྱི་རྣམ་གཞག་དང་།   དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཀྱི་རིགས་པ་བཀོད་པའི་གཞུང་སྣ་ཚོགས་བརྩམས་པ་ལ་བརྟེན་ནས་མུ་སྟེགས་བྱེད་ཀྱི་གྲུབ་མཐའ་དར་བར་བྱས།   དེ་ཡང་ཐམས་ཅད་ཀྱི་ཐོག་མར་བྱུང་བ་ནི་གྲངས་ཅན་པ་སྟེ།   ཚེ་ལོ་ཚད་མེད་པའི་དུས་སུ་དྲང་སྲོང་སེར་སྐྱ་ཞེས་བྱ་བ་རལ་བ་སེར་སྐྱ་ཡོད་པ་མངོན་ཤེས་ལྔ་དང་ལྡན་པ་ཞིག་བྱུང་།  དེས་རང་གི་སྐྱེས་སྟོབས་ཀྱི་ཤེས་རབ་ལ་བརྟེན་ནས་གཞུང་མང་པོ་བརྩམས་ཏེ་དེའི་རྗེས་སུ་འབྲངས་པ་རྣམས་ལ་གྲངས་ཅན་པའམ་སེར་སྐྱ་བ་ཞེས་གྲགས་སོ། །   

ཚེ་ལོ་ཉི་ཁྲི་བའི་དུས་སུ་དྲང་སྲོང་རྒྱས་པ་ཞེས་བྱ་བ་བྱུང་སྟེ།   དེའི་རྗེས་སུ་འབྲངས་པ་རྣམས་ལ་རྒྱས་པའམ་གཅེར་བུ་བ་ཞེས་ཟེར་རོ། །    ཡང་དྲང་སྲོང་འཇིག་རྟེན་མིག་ཅེས་བྱ་བ་རྟོག་གེ་ལ་ཤིན་ཏུ་བྱང་བ་ཞིག་བྱུང་སྟེ།   དེས་རང་གི་བུ་མོ་ལ་འདོད་པ་སྤྱོད་པའི་ཕྱིར་སྐྱེ་བ་སྔ་ཕྱི་མེད་པར་སྨྲས་ཏེ་དགེ་བ་ལ་ཕན་ཡོན་དང་།   སྡིག་པ་ལ་ཉེས་དམིགས་མེད་པར་སྟོན་པའི་གཞུང་འབུམ་ཕྲག་གཅིག་བརྩམས།   དེའི་རྗེས་འབྲང་རྣམས་ལ་མུ་སྟེགས་རྒྱང་འཕེན་པ་བྱ་བའི་ཤིན་ཏུ་ཐ་ཆད་དེ་བྱུང་ངོ་། །    ཡང་དྲང་སྲོང་མཛེས་པ་བྱ་བ།   ལྷ་ཆེན་གྱིས་ཨུ་མའི་སྲུང་མ་ལ་བཞག་པས།   ཨུ་མ་དྲང་སྲོང་མཛེས་པ་ལ་ཆགས་ནས་མདུན་དུ་འདུག་སྟེ།   རྣམ་འགྱུར་དུ་མ་བསྟན་ཀྱང་དྲང་སྲོང་དེ་རྐང་པར་མིག་ཕབ་སྟེ་བརྟུལ་ཞུགས་བསྲུངས་པས།   ལྷ་ཆེན་མཉེས་ནས་གཞུང་རྩོམ་པ་ལ་དབང་བསྐུར་བས་དྲང་སྲོང་རྐང་མིག་ཅེས་གྲགས།   དེའི་རྗེས་སུ་འབྲངས་པ་རྣམས་ལ་རྐང་མིག་པའམ་རིག་པ་ཅན་པ་ཞེས་གྲགས་སོ། །    འུག་པ་ལྷར་འཁྲུལ་ནས་ཚིག་དོན་དྲུག་རྙེད་པར་རློམ་པའི་དྲང་སྲོང་འུག་པ་དང་།   གཞན་གྱིས་བོར་བའི་གཟེགས་མ་ཟ་ཞིང་བརྟུལ་ཞུགས་ལ་སྤྱོད་པའི་དྲང་སྲོང་གཟེགས་ཟན་གཉིས་ཀྱི་རྗེས་སུ་འབྲངས་པ་ལ་བྱེ་བྲག་པ་ཞེས་ཟེར་རོ། །   

༢. མུ་སྟེགས་པའི་འདོད་ཚུལ་མདོ་ཙམ་བཤད་པ།   

༄༅། །  མདོ་སྡེ་ལས་ཡ་མཚན་ཅན་གྱི་ལྟ་བ་དགུ་བཅུ་རྩ་དྲུག་དང་།   ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི།   ལྟ་ངན་དྲུག་ཅུ་རེ་གཉིས་དང་།   དམ་པ་མིན་པའི་ལྟ་བ་ཉེར་བརྒྱད་དང་།   ལྟ་ངན་ཉི་ཤུ་སོགས་བཤད་ལ།   རྟོག་གེ་འབར་བ་ལས།   ལྟ་བའི་དབྱེ་བ་བརྒྱ་རྩ་བཅུ་དང་།   དབུ་མ་རིན་ཆེན་སྒྲོན་མ་ལས་ལྟ་བའི་དབྱེ་བ་སུམ་བརྒྱ་སོགས་ཡོད་ཚུལ་བཤད་མོད།   རིག་པའི་དབང་ཕྱུག་གིས།   ལོག་པའི་ལམ་ལ་མུ་མེད་ཕྱིར།   ཞེས་གསུངས་པ་ལྟར་ལམ་དང་ལམ་མིན་འབྱེད་པའི་བློ་གྲོས་དང་བྲལ་བ་རྣམས་ཀྱི་ལྟ་ངན་ལ་འདི་འབྱུང་དང་འདི་མི་འབྱུང་ཞེས་པའི་ཁ་ཚོན་གཅོད་དཀའ་བས་ལྟ་ངན་གྱི་གྲུབ་མཐའི་གྲངས་ལ་ངེས་བཟུང་མ་མཆིས་པས་འདིར་གྲགས་ཆེ་བ་འགའ་ཞིག་གི་འདོད་ཚུལ་མདོ་ཙམ་བཤད་ན།   ཕྱི་རོལ་པའི་གྲུབ་མཐའ་རྣམས་ལྟ་བའི་དབྱེ་བས་རྟག་པར་སྨྲ་བ་དང་།   ཆད་པར་སྨྲ་བ་གཉིས་སུ་འདུ་སྟེ།   ཆད་པར་སྨྲ་བ་ནི་རྒྱང་འཕེན་དང་།   རྟག་པར་སྨྲ་བ་ནི།   གྲངས་ཅན་པ།   ཚངས་པ་བ།   ཁྱབ་འཇུག་པ།   དཔྱོད་པ་བ།   དབང་ཕྱུག་པ།   བྱེ་བྲག་པ།   རིག་པ་ཅན་པ།   གཅེར་བུ་བ་བརྒྱད་དུ་འདུ་བར་གསུངས་སོ། །   

རྒྱང་འཕེན་པ་ལ་བསམ་གཏན་པ་དང་།   རྟོག་གེ་བ་གཉིས་དང་།   དེ་རེ་རེ་ལའང་སྐྱེ་བ་སྔ་ཕྱི་འདོད་ཀྱང་ལས་འབྲས་མི་འདོད་པའི་ཆད་སྨྲ་གཅིག་དང་།   སྐྱེ་བ་སྔ་ཕྱི་དང་ལས་འབྲས་གཏན་ནས་མི་འདོད་པའི་ཆད་སྨྲ་གཅིག་སྟེ་གཉིས་རེ་ཡོད་ལ།   དེ་དག་གི་ལོག་པར་སྨྲ་བའི་ཚུལ་ནི།   ཉི་མ་འཆར་བ་དང་།   ཆུ་ཐུར་དུ་འབབ་པ་དང་།   སྲན་མ་ཟླུམ་པ་དང་།   ཚེར་མ་རྣོ་བ་དང་།   རྨ་བྱའི་མདངས་བཀྲ་བ་རྣམས་སུས་ཀྱང་འབད་ནས་བྱེད་པ་མ་མཐོང་བའི་ཕྱིར་དངོས་པོ་འདི་དག་ནི་རང་གི་ངོ་བོ་ཉིད་ལས་བྱུང་བ་ཡིན་གྱི།   རྒྱུ་མེད་པའོ་ཞེས་རྒྱུ་འབྲས་ལ་སྐུར་བ་འདེབས་པར་བྱེད་ལ།   བློ་ནི་ལུས་ལ་ཁྱད་པར་གསུམ་གྱིས་བསྟན་པ་ཡིན་ཏེ།   ཆང་དང་མྱོས་བྱེད་ཀྱི་ནུས་པ་བཞིན་ལུས་ཀྱི་བདག་ཉིད་དུ་གྱུར་པ་དང་།   མར་མེ་དང་དེའི་འོད་བཞིན་དུ་ལུས་ཀྱི་འབྲས་བུར་གྱུར་པ་དང་།   རྩིགས་པ་དང་དེའི་རི་མོ་བཞིན་དུ་ལུས་ཀྱི་ཡོན་ཏན་དུ་གྱུར་པའི་སྒོ་ནས་བརྟེན་པའོ།  །    དེས་ན་མར་མེ་གློ་བུར་བ་ལས་འོད་གློ་བུར་དུ་གྲུབ་པ་བཞིན།   ལུས་གློ་བུར་བ་ལས་སེམས་གློར་བུར་དུ་གྲུབ་པ་ཡིན་པས།   སྐྱེ་བ་སྔ་མ་ནས་འདིར་འོངས་པ་མེད་དོ། །འཆི་བའི་ཚེ་ལུས་ནི་འབྱུང་བ་ཆེན་པོ་བཞི་དང་།   དབང་པོ་ནི་ནམ་མཁའི་བག་ལ་ཞ་བར་གྱུར་ཏེ་འཇིག་ལ།   ལུས་སེམས་རྫས་གཅིག་པས་རྩིགས་པ་འཇིག་ན་རི་མོ་ཡང་འཇིག་པ་བཞིན།   ལུས་འཇིག་ན་བློ་ཡང་འཇིག་པར་འགྱུར་བས་ཚེ་འདི་ནས་ཕྱི་མར་འགྲོ་བ་ཡང་མེད་དོ་ཞེས་སྐྱེ་བ་སྔ་ཕྱི་མེད་པར་འདོད་ཅིང་།   དེས་ན་སྐྱེ་བ་དུ་མར་ལམ་གོམས་པར་བྱེད་པ་མེད་པས་ཐམས་ཅད་མཁྱེན་པ་མེད་པ་དང་།   སྡུག་བསྔལ་སོགས་རྒྱུ་མེད་པས་དེ་ལས་གྲོལ་བྱེད་ཀྱི་ལམ་དང་གྲོལ་བ་ཡང་མེད་དོ་ཞེས་ཐར་པ་ལ་སྐུར་བ་འདེབས་པ་དང་།   སྙོམས་འཇུག་པ་དག་གིས།   བསམ་གཏན་དང་གཟུགས་མེད་སོགས་ཐོབ་པ་ན་རང་ཉིད་ལ་དགྲ་བཅོམ་པའི་འདུ་ཤེས་སྐྱེ་ལ།   འཆི་བའི་ཚེ་ཏིང་ངེ་འཛིན་ལས་ཉམས་ནས་འོག་མར་སྐྱེ་བ་མཐོང་བ་ན།   རྒྱུ་དེས་འཇིག་རྟེན་ན་དགྲ་བཅོམ་པ་མེད་པར་སྨྲ་བ་དང་།   འགའ་ཞིག་གིས་མངོན་ཤེས་ཀྱིས་བརྟགས་ནས་ཚེ་འདིར་སྦྱིན་པ་བཏང་བ་ཁ་ཅིག་ཚེ་ཕྱི་མར་དབུལ་བོར་གྱུར་པ་མཐོང་ནས་ལས་འབྲས་མེད་པར་སྨྲ་བ་དང་།   རང་གི་མངོན་ཤེས་ཀྱིས་མ་མཐོང་བའི་དོན་རྣམས་ལ་སྐུར་བ་འདེབས་པར་བྱེད་དོ།  །    དེས་ན་འདིས་ནི་ཚད་མ་ལ་མངོན་སུམ་ཚད་མ་གཅིག་པུས་ཁྱབ་པར་ཁས་བླངས་ནས།   སྤྱི་མཚན་དང་རྗེས་དཔག་སོགས་མི་འདོད་པར་སྐྱེ་བ་སྔ་ཕྱི་དང་།  ལས་འབྲས་དང་། ཐར་པ་དང་།  ཐམས་ཅད་མཁྱེན་པ་མཐའ་དག་ལ་སྐུར་བ་འདེབས་པས་ཕྱི་རོལ་པའི་ནང་ནས་ཀྱང་ཤིན་ཏུ་ཐ་ཆད་དུ་གྱུར་པའོ། །

གྲངས་ཅན་པའམ་སེར་སྐྱ་བ་ལ།   འབྲས་བུ་རྣམས་རྒྱུ་དུས་ན་ཡོད་པ་རྐྱེན་གྱིས་མངོན་པར་གསལ་བར་སྨྲ་ཞིང་།   དེ་ཡང་གཙོ་བོ་ཙམ་ལས་འབྱུང་བར་འདོད་པའི་གྲངས་ཅན་ལྷ་མེད་པ་དང་།   རྒྱུ་འབྲས་རང་བཞིན་གཅིག་ཀྱང་རྣམ་འགྱུར་ཐ་དད་དུ་འགྱུར་བ་ལྷ་ཆེན་དབང་ཕྱུག་གིས་བྱིན་གྱིས་བརླབས་པར་འདོད་པའི་གྲངས་ཅན་ལྷར་བཅས་པ་གཉིས་ཡོད་ལ།   ཤེས་བྱ་ཐམས་ཅད་ཉི་ཤུ་རྩ་ལྔར་གྲངས་ངེས་པར་འདོད་དེ།   གཙོ་བོ་དང་།   ཆེན་པོ་དང་།   ང་རྒྱལ་དང་།   དེ་ཙམ་ལྔ་དང་།   འབྱུང་བ་ལྔ་དང་།   དབང་པོ་བཅུ་གཅིག་དང་།   བདག་ཤེས་རིག་གི་སྐྱེས་བུ་སྟེ་ཉེར་ལྔའོ། །    དེ་དག་ལས་སྐྱེས་བུ་ནི་ཤེས་པ་དང་།   ལྷག་མ་ཉེར་བཞི་འདུས་བསགས་ཡིན་པས་བེམ་པོར་འདོད་ཅིང་།   རྩ་བའི་རང་བཞིན་དང་།   སྤྱི་དང་།   གཙོ་བོ་རྣམས་དོན་གཅིག་ཅིང་ཁྱད་ཆོས་དྲུག་ལྡན་གྱི་ཤེས་བྱ་ཞིག་ལ་འདོད།   སྐྱེས་བུ་དང་།   བདག་དང་།   ཤེས་པ་དང་།   རིག་པ་རྣམས་དོན་གཅིག   བློ་དང་ཆེན་པོ་ནི་མིང་གི་རྣམ་གྲངས་ཡིན་ཅིང་།   དེ་ནི་ཕྱི་ནས་ཡུལ་དང་།   ནང་ནས་སྐྱེས་བུའི་གཟུགས་བརྙན་འཆར་བ་མེ་ལོང་ངོས་གཉིས་པ་ལྟ་བུ་ཞིག་ལ་འདོད།   བློ་ལ་བེམ་པོས་ཁྱབ་པ་དང་།   ཤེས་པ་ལ་བདག་གཅིག་དགོས་ཞེས་ཟེར་རོ། །

བཅིང་གྲོལ་གྱི་འདོད་ཚུལ་ནི།   གང་གི་ཚེ་སྐྱེས་བུ་དེས་ཡུལ་ལ་ལོངས་སྤྱོད་པའི་འདོད་པ་སྐྱེས་པ་ན།   རྩ་བའི་རང་བཞིན་གྱིས་སྒྲ་ལ་སོགས་པའི་རྣམ་འགྱུར་རྣམས་སྤྲུལ་བར་བྱེད།   དེ་ཡང་གཙོ་བོ་ལས་ཆེན་པོ་དང་།   དེ་ལས་ང་རྒྱལ་གསུམ་སྐྱེས་པས།   མུན་པ་ཅན་གྱི་ང་རྒྱལ་གྱིས་ང་རྒྱལ་གཞན་གཉིས་ཀ་འཇུག་པར་བྱེད།   རྣམ་པར་འགྱུར་བ་ཅན་གྱི་ང་རྒྱལ་ལས།   གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དེ་ཙམ་ལྔ་དང་།   སྙིང་སྟོབས་ཅན་གྱི་ང་རྒྱལ་ལས།  བློའི་དབང་པོ་ལྔ་དང་།   ལུས་ཀྱི་དབང་པོ་ལྔ་དང་།   ཡིད་ཀྱི་དབང་པོ་སྟེ་དབང་པོ་བཅུ་གཅིག་སྐྱེ།   དེ་ཡང་ལོང་བ་རྐང་ཅན་ལྟ་བུའི་རང་བཞིན་དང་།   ཞ་བོ་མིག་ཅན་ལྟ་བུའི་སྐྱེས་བུ་གཅིག་ཏུ་འཁྲུལ་ཏེ།   རྣམ་འགྱུར་རྣམས་རྩ་བའི་རང་བཞིན་གྱིས་སྤྲུལ་པའི་ཚུལ་མ་ཤེས་པའི་དབང་གིས་འཁོར་བར་འཁོར་བར་འདོད་དོ། །    ནམ་ཞིག་བླ་མས་ཉེ་བར་བསྟན་པའི་མན་ངག་ཐོས་པ་ལ་བརྟེན་ནས་རྣམ་འགྱུར་འདི་དག་རང་བཞིན་གྱིས་སྤྲུལ་པ་ཙམ་དུ་ཟད་དོ་ཞེས་ངེས་ཤེས་ལྷག་པར་སྐྱེས་པ་ན།   རིམ་གྱིས་ཡུལ་ལ་ཆགས་པ་དང་བྲལ་བར་གྱུར་པ་དེའི་ཚེ་བསམ་གཏན་ལ་བརྟེན་ནས་ལྷའི་མིག་གི་མངོན་ཤེས་བསྐྱེད་དེ།   མངོན་ཤེས་ཀྱིས་གཙོ་བོ་ལ་བལྟས་པ་ན་གཙོ་བོ་དེ་གཞན་གྱི་བུད་མེད་ལྟར་ངོ་ཚ་བས་སྐྱེངས་ཏེ་རྣམ་འགྱུར་རྣམས་ཉེ་བར་བསྡུས་ཏེ།   རང་བཞིན་ཡན་གར་བར་གནས་ཤིང་།   དེའི་ཚེ་རྣལ་འབྱོར་བའི་བློ་ངོར་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་ལོག་སྟེ་སྐྱེས་བུས་ཡུལ་ལ་ལོངས་སྤྱོད་པ་མེད་ཅིང་བྱེད་པ་མེད་པར་གནས་པ་དེའི་ཚེ་ཐར་པ་ཐོར་པ་ཡིན་ནོ། །    ཞེས་འདོད་དོ། །  

ཚངས་པ་བ་ནི།   སྟོན་པ་ཚངས་པ་ཡིན་པར་སྨྲ་ཞིང་།   ནང་གསེས་ལ།   བརྡ་སྤྲོད་པ་བ་དང་།   རིག་བྱེད་མཐའ་བ་དང་།   གསང་བ་པ་རྣམས་ཡོད་ལ།   འཇིག་རྟེན་སྣོད་བཅུད་ཐམས་ཅད་ཚངས་པས་བྱས་པ་དང་།   རིག་བྱེད་ཁོ་ན་ཚད་མར་འདོད་ཅིང་།   རིག་བྱེད་ཀྱི་སྒྲ་རྣམས་ནི་སྐྱེས་བུས་མ་བྱས་པའི་ངག་ཡིན་པས།   དོན་བདེན་པ་ཁོ་ན་སྟོན་པ་ཡིན་ཟེར།   མཐོ་རིས་དང་ཚངས་པ་སྒྲུབ་པའི་ཐབས་ནི་རིག་བྱེད་ཀྱི་གཞུང་ལས་བཤད་པའི་རྟའི་མཆོད་སྦྱིན་དུ་འདོད་དོ།  །    བརྡ་སྤྲོད་པ་དག་ནི་སྣོད་བཅུད་སྣ་ཚོགས་པ་སྐྱེ་བའི་གཞི་དང་།   དེ་དག་གི་བདག་ཉིད་དུ་གྱུར་པའི་ཚངས་པ་ཡི་གེ་ༀ་ཞེས་བྱ་བ།   སྐྱེ་འཇིག་མེད་པས་རྟག་པ།   ཕྱོགས་དང་དུས་ཀྱི་ཆ་ཤས་མེད་པ།   ཕྱི་ནང་གི་ཡུལ་ལ་བདེན་པར་འཇུག་པ།   གཅིག་པུའི་རང་བཞིན་དོན་དམ་པར་གནས་པ་ཞིག་ཡོད་དེ།   མ་རིག་པས་བསླད་པ་རྣམས་ལ་གཟུང་འཛིན་སྣ་ཚོགས་སུ་སྣང་བ་ཡིན་ཟེར།   བོད་ཀྱི་ཇོ་ནང་བའི་འདོད་ཚུལ་ཡང་འདི་དང་ཉེ་བར་སྣང་།   ཐར་པ་ཐོབ་བྱེད་ཀྱི་ལམ་ནི་ཕྱིའི་ཕྱུགས་ཀྱི་མཆོད་སྦྱིན་གྱི་སྦྱིན་སྲེག་དང་།   ནང་བུད་མེད་ཀྱི་བྷ་གའི་ཐབ་ཏུ་ཁམས་འཛག་པའི་སྦྱིན་སྲེག་བྱེད་པ་ལ་འདོད་ཅིང་།   ཐར་པ་ནི་དེ་དུས་ཀྱི་སྟོང་སངས་དང་བདེ་བ་ལ་འདོད་དོ།  །    རིག་བྱེད་མཐའ་བའམ་བྲམ་ཟེ་མཆོག་རྣམས་ནི་ཚད་མར་གྱུར་བའི་རིག་བྱེད་ལས་བཤད་པའི་སྐྱེས་བུ་ཞེས་བྱ་བ།   གཅིག་པུ་བ།   ནམ་ཡང་མི་ཉམས་པས་རྟག་པ།   མྱ་ངན་ལས་འདས་པས་ཚངས་པ།  སྐྱེ་རྒུ་ཐམས་ཅད་ལ་ཁྱབ་པ།   ཐོག་མཐའ་མེད་པས་འཆི་བ་མེད་པ།   ཉི་མའི་མདོག་ཅན།   མུན་པའི་དཀྱིལ་འཁོར་ལས་འདས་པ།   ཆེན་པོར་གྱུར་པ།   གཉིད་ལོག་པ་ལས་གཞན་ཡིན་པ་སྐྱེས་བུ་ཞེས་བྱ་བ་ཞིག་ཡོད།   དེ་ལྷ་རྣམས་ཀྱི་བདག་ཉིད་ཡིན་པ་དང་།   དབང་ཕྱུག་ཆེན་པོའི་ངོ་བོ་ཡང་ཡིན།   སྐྱེས་བུ་དེ་ཁོ་ནས་ཁམས་གསུམ་ཐམས་ཅད་དང་།   བདེ་སྡུག  འཆིང་གྲོལ་རྣམས་བྱེད།   འོན་ཀྱང་རང་གི་ངོ་བོར་འགྱུར་བ་དང་ཟད་པ་མེད།  བསམ་གཏན་ལ་བརྟེན་ནས་ལྷའི་མིག་གིས་སྐྱེས་བུ་དེ་ལ་བལྟས་པས་ན།   སྐྱེས་བུ་དེ་ཉིད་གསེར་གྱི་མདོག་ཅན་དུ་མཐོང་ན་དགེ་སྡིག་འཁོར་འདས་མཉམ་ཉིད་དུ་གྱུར་ནས་གྲོལ་བར་འགྱུར་ཟེར།   གསང་བ་པ་རྣམས་ཕལ་ཆེར་དེ་དང་འདྲ་བ་ལ།   རིག་བྱེད་ལ་བརྟེན་ནས་བདག་ཤེས་རིག་རྟག་པ་ཆ་མེད་ཅིག་ཡོད་པར་འདོད་དོ། །   

ཁྱབ་འཇུག་པ་ནི།   ཁྱབ་འཇུག་སྟོན་པར་འཛིན་ཅིང་།   ཁྱབ་འཇུག་ལ་ཞི་བ་དང་མ་ཞི་བའི་ངོ་བོ་གཉིས་ཡོད་པའི།   ཞི་བ་ནི་ལྷ་རྫས་ཀྱི་ངོ་བོ་ཡོད་མིན་མེད་མིན་གྱི་བདག་ཉིད་འཆི་བ་མེད་པའི་ངོ་བོ་ཡིན་ལ།   དེ་བསྒོམས་པས་ཐར་པ་ཐོབ་པ་སྨྲ་ལ།   མ་ཞི་བ་ནི།   ཉ་ལ་སོགས་པའི་ཁྱབ་འཇུག་གི་འཇུག་པ་བཅུ་བཤད་ལ།   རྟག་པ་ཆ་མེད་ཀྱི་བདག་ཁས་ལེན་པ་དང་།   འཁོར་བ་མཐའ་ཅན་དང་།   གྲོལ་བྱེད་ཀྱི་ལམ་ནི་ཡི་གེ་ༀ་བསྒོམ་པ་དང་རླུང་བུམ་པ་ཅན་བསྒོམ་སོགས་ཡོད་པར་བཤད།   ལུགས་འདིས་འཁོར་བ་ཟད་མཐའ་ཅན་དུ་འདོད་ཅིང་།   རིག་བྱེད་མཐའ་བ་ལ་སོགས་པ་མང་པོ་ཞིག་ཀྱང་འདིའི་རྗེས་འབྲང་དུ་བཤད་དོ། །    

དཔྱོད་པ་བ་ནི།   རྒྱལ་དཔོག་གི་རྗེས་སུ་འབྲང་བ་ཡིན་པས་རྒྱལ་དཔོག་པ་ཡང་ཟེར་ལ།   བདག་ནི་བློའི་ངོ་བོ་སེམས་པ་ཅན་དང་།   བེམ་པོ་མ་ཡིན་པ།   ཤེས་རིག་གི་རང་བཞིན་རྟག་པའི་ངོ་བོ།   ཡན་གར་བའི་རྫས་ཡོད།   ཆ་ཤས་མེད་པ་ཞིག་ཏུ་འདོད་དོ། །    རིག་བྱེད་ཚད་མར་འདོད་ཚུལ་སྔ་མ་རྣམས་དང་འདྲ།   མཆོད་སྦྱིན་ལ་སོགས་པ་འབའ་ཞིག་གིས་ཚངས་པ་ལྟ་བུའི་མཐོ་རིས་ཀྱི་གོ་འཕང་ཐོབ་པ་ཡོད་པར་འདོད་ལ།   དེ་ནི་ངན་སོང་ལས་གྲོལ་བའི་ཕྱིར་ཐར་པ་ཙམ་ཡིན་ཀྱང་།   སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་ནི་མེད་དེ།   དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་པའི་ཕྱིར་དང་།   ཐམས་ཅད་མཁྱེན་པ་ཡང་མེད་དེ།   ཤེས་བྱ་མཐའ་ཡས་པའི་ཕྱིར།   དེས་ན་བདེན་པའི་ངག་ཀྱང་མེད་དོ་ཅེས་སྨྲའོ། །  

ཚད་མ་དྲུག་འདོད་པ་དང་།   རྒྱལ་དཔོག་པའི་ནང་ཚན་ཙཱ་ར་ཀ་པ་རྣམས་ཚད་མ་བཅུ་གཅིག་ཏུ་འདོད་པ་དང་།   གཞན་ཡང་བྱས་ཤུགས་ཞེ་བརྒྱད་ཀྱི་རྣམ་གཞག་ཀྱང་སྨྲ་སྟེ་འདིར་མ་བཀོད་དོ། །  

དབང་ཕྱུག་པ།    བྱེ་བྲག་པ་དང་།  རིག་པ་ཅན་པ་གསུམ་ནི།  དབང་ཕྱུག་སྟོན་པར་འཛིན་ཅིང་།  བྱེ་རིག་གཉིས་ལ་ཚངས་པ་དང་།  ཁྱབ་འཇུག་སྟོན་པར་བྱེད་པར་ཡང་ཡོད་པས།  དེ་གཉིས་ལ་ཚངས་པ་བ་དང་།  ཁྱབ་འཇུག་སྟོན་པར་བྱེད་པར་ཡང་ཡོད་པས།  དེ་གཉིས་ལ་ཚངས་པ་བ་དང་།  ཁྱབ་འཇུག་པའི་ཐ་སྙད་ཀྱིས་གསུངས་པའང་ཡོད་དོ། །  

བྱེ་བྲག་པ་ལ་གོང་དུ་བརྗོད་ཟིན་པ་ལྟར།  འུག་པ་ལྷར་འཁྲུལ་བ་དང་།  གཟེགས་མ་ཟ་བའི་དྲང་སྲོང་གི་རྗེས་སུ་འབྲངས་པས།  འུག་པ་བ་དང་།  གཟེགས་ཟན་པ་ཞེས་ཀྱང་ཟེར་ལ།  རིག་པ་ཅན་པ་ཡང་སྔར་བཤད་པའི་དྲང་སྲོང་རྐང་མིག་གི་རྗེས་འབྲང་ཡིན་པས་རྐང་མིག་པ་ཞེས་ཀྱང་ཟེར་རོ། །  

དེ་དག་གིས་དབང་ཕྱུག་ཀུན་མཁྱེན་དུ་འདོད་ཅིང་།  སྣོད་བཅུད་ཐམས་ཅད་དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་བྱས་ཟེར་ལ།  བུམ་པ་ཅན་གྱི་རླུང་སྦྱོར་དང་།  དབང་ཕྱུག་གི་ལིངྒའི་རྩེ་ནས་དབང་བསྐུར་བ་དང་།  བུད་མེད་དང་སྦྱར་ནས་ཁམས་འཛག་པའི་བདེ་བ་རྣམས་ལམ་ཡིན་པར་སྨྲ་ཞིང་།  ཁམས་འཛག་པའི་བདེ་བ་ལས་འཁྲིག་བདེའི་ཡེ་ཤེས་སྐྱེས་པ་ཐར་པར་འདོད་དོ། །  

བྱེ་རིག་ནི།  ཚིག་དོན་དྲུག་གིས་སྤྱི་བྱེ་བྲག་གི་ཁྱད་པར་མང་དུ་སྨྲ་བས་བྱེ་བྲག་པ་དང་།  དྲང་སྲོང་རྐང་མིག་གིས་བྱས་པའི་རིག་པའི་རྗེས་སུ་འབྲངས་པས་ན་རིག་པ་ཅན་པ་ཞེས་གྲགས།  བྱེ་བྲག་པས་མངོན་རྗེས་ལུང་གི་ཚད་མ་གསུམ།  རིག་པ་ཅན་པ་དེ་གསུམ་དང་དཔེ་ཉེར་འཇལ་གྱི་ཚད་མ་སྟེ་བཞི་དང་།  གཉིས་ཀས་ཀྱང་རྗེས་དཔག་ལ་གསུམ་དང་།  དེ་དག་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་གསུམ་དང་ལྟར་སྣང་གསུམ་འདོད་ཅིང་།  རྟོག་གེའི་ཚིག་དོན་བཅུ་དྲུག་དང་།  ཚིག་དོན་བརྒྱད་རྣམས་འདོད་ཚུལ་འདིར་མི་སྤྲོའོ། །  

ཐར་པ་ཐོབ་བྱེད་ཀྱི་ལམ་ནི།  ཁྲུས་དང་།  དབང་བསྐུར་བ་དང་།  སྨྱུང་བར་གནས་པ་དང་།  བླ་མའི་ཁྱིམ་དུ་གནས་པས་ཚངས་པར་སྤྱོད་པ་དང་།ནགས་སུ་གནས་པ་དང་།  མཆོད་སྦྱིན་དང་།  སྦྱིན་པ་ལ་སོགས་པ་ཡིན་ཞིང་ནམ་ཞིག་བླ་མའི་མན་ངག་ལས་རྣལ་འབྱོར་བསྒོམས་ཏེ་བདག་དབང་སོགས་རྣམས་ལས་དོན་གཞན་དུ་ཤེས་ནས་བདག་གི་དེ་ཁོ་ན་ཉིད་མཐོང་ཞིང་ཚིག་གི་དོན་དྲུག་གི་རང་བཞིན་ཁོང་དུ་ཆུད་པ་ན།  བདག་གི་ཁྱབ་པའི་རང་བཞིན་ཡིན་ཡང་བྱེད་པ་མེད་པར་ཤེས་ཏེ།  ཆོས་དང་ཆོས་མ་ཡིན་པའི་ལས་གང་ཡང་གསོག་པར་མི་བྱེད།  ལས་གསར་བ་མ་བསགས་ཤིང་རྙིང་བ་ཟད་པས་སྔར་བླངས་པའི་ལུས་དང་དབང་པོ་བློ་དང་བདེ་སྡུག་འདོད་སྡང་སོགས་བདག་དང་བྲལ་ཞིང་།  གསར་བའི་ལུས་དང་དབང་པོ་མ་བླངས་པས།  བུད་ཤིང་ཟད་པའི་མེ་བཞིན་དུ་སྐྱེ་བའི་རྒྱུན་ཆད་དེ་བདག་འབའ་ཞིག་ཏུ་གནས་པར་གྱུར་པ་ན་ཐར་བ་ཐོབ་པ་ཡིན་ཅེས་ཟེར་རོ། ། 

གཅེར་བུ་བ་ནི།  རྒྱལ་བ་དམ་པ་སོགས་ཀྱི་རྗེས་སུ་འབྲངས་པས་རྒྱལ་བ་བར་གྲགས་ལ།  ཤེས་བྱ་ཐམས་ཅད་ཚིག་དོན་དགུར་འདུ་བར་འདོད་ཅིང་། ལྗོན་ཤིང་སོགས་སེམས་ལྡན་དང་།  སྟོན་པ་སངས་རྒྱས་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་རིག་སོགས་སྨྲའོ། །  ཐར་བ་ནི་ལུས་གཅེར་བུ་དང་།  ངག་མི་སྨྲ་བ་དང་།  མི་ལྔ་བསྟེན་པ་ལ་སོགས་དཀའ་ཐུབ་ཀྱི་སྤྱོད་པ་ལ་བརྟེན་ནས་སྔར་བྱས་ཀྱི་ལས་ཐམས་ཅད་ཟད་ཅིང་།  ལས་གསར་དུ་མ་བསགས་པས། འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་འདུག་པའི་གནས་འཇིག་རྟེན་འདུས་པ་ཞེས་བྱ་བ་གདུགས་དཀར་པོ་གྱེན་ལ་བསླངས་པ་ལྟ་བུ་ཞོའམ་ཀུ་མུ་ཏ་ལྟར་དཀར་བ།  ཚད་དཔག་ཚད་འབུམ་ཞེ་ལྔ་ཡོད་པ།  སྲོག་ཡོད་པས་དངོས་པོ་ཡིན་ཅིང་།  འཁོར་བ་ལས་གྲོལ་བས་དངོས་པོ་མེད་པ་ཡང་ཡིན་པ་དེའི་འགྲོ་སྟེ།  གནས་དེ་ནི་ཐར་པ་ཞེས་བྱ་བའོ། ། ཞེས་ཟེར་རོ། །

མུ་སྟེགས་ཀྱི་འདོད་ཚུལ་དེ་རྣམས་འགོག་པའི་རིགས་འཇུག་པ་དང་།  དབུ་མ་སྙིང་པོ་རྩ་འགྲེལ།  རྟོག་གེ་འབར་བ།  རྣམ་འགྲེལ་ངེས་སོགས་ལས་རྒྱ་ཆེར་གསུངས་ཤིང་།  མུ་སྟེགས་ཀྱི་གྲུབ་མཐའི་ནང་ནས་གྲངས་ཅན་པ།  བྱེ་བྲག་པ།  རིག་པ་ཅན་པ་གསུམ་གྱི་འདོད་ཚུལ་ཅུང་ཟད་བརླིང་བས་ཚད་མ་སྡེ་བདུན་སོགས་ནས་དེ་འགོག་པའི་རིགས་པ་མང་དུ་གསུངས་ཏེ།  འདིར་དེ་རྣམས་བཀོད་ན་ཧ་ཅང་མང་དུ་དོགས་ནས་མ་བྲིས་སོ། ། 

༣.མུ་སྟེགས་པ་བཤད་པའི་དགོས་པ་བསྟན་པ། 

༄༅། ། གཞན་སྡེ་འདི་དག་གིས་རྟག་པ་དང་ཆད་པར་སྨྲ་བའི་ཚུལ་དང་།  དེ་འགོག་བྱེད་ཀྱི་རིགས་པ་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལས་མང་དུ་འབྱུང་བ་རྣམས་ལེགས་པར་ཤེས་ན།  རང་ལུགས་ཀྱི་བསྟན་པ་དང་སྟོན་པ་སྐྱོན་མེད་དུ་རིགས་པའི་ལམ་ནས་དྲངས་པའི་དད་པ་ལྡོག་ཏུ་མེད་པ་སྐྱེ་བར་འགྱུར་བས།  ཁྱད་པར་འཕགས་བསྟོད་ལས།  མུ་སྟེགས་གཞན་གྱི་གཞུང་ལུགས་ལ།  ། ཇི་ལྟ་ཇི་ལྟར་རྣམ་བསམས་པ། ། དེ་ལྟ་དེ་ལྟར་མགོན་ཁྱོད་ལ། ། བདག་གི་སེམས་འདི་དད་པར་གྱུར། ། ཅེས་གསུངས་སོ། ། གཞན་ཡང་སྡུག་བསྔལ་རྒྱུ་མེད་དང་། མི་མཐུན་པའི་རྒྱུ་ལས་འབྱུང་བར་འཛིན་པ་དང་། ལམ་མ་ཡིན་པ་ལ་ལམ་དུ་འཛིན་པ་དང་། ཐར་པ་མ་ཡིན་པ་ལ་དེར་འཛིན་པ་སོགས་ཀྱི་ལོག་རྟོག་འགག་པར་འགྱུར་བ་དང་། སྐྱེ་བ་གཞན་དག་ཏུ་རྒྱང་འཕེན་སོགས་གྲུབ་མཐའ་ངན་པའི་གཞུང་ལུགས་ཐོས་པའི་སྟོབས་ཀྱིས་བཞག་པའི་བག་ཆགས་ཀྱི་ས་བོན་ཉམས་སྨད་པ་དང་། སྐྱེ་བ་ཕྱི་མ་རྣམས་སུ་ལོག་ལྟ་མཐའ་དག་ལས་ལྡོག་པ་དང་། ཡང་དག་པའི་ལྟ་བ་མྱུར་དུ་རྒྱུད་ལ་སྐྱེ་བའི་བག་ཆགས་འཇོག་པ་དང་། དེར་མ་ཟད་བོད་དུ་དར་བའི་གྲུབ་མཐའ་སྣ་ཚོགས་འདི་དག་ལས། འགའ་ཞིག་གི་ལྟ་བའི་འདོད་ཚུལ་མུ་སྟེགས་ཀྱི་ལུགས་དང་ཕྱོགས་མཐུན་པའང་སྣང་བས། དེ་དག་གི་དབྱེ་བ་ལེགས་པར་ཤེས་ནས་རང་ལུགས་ཀྱི་ལྟ་བ་ལ་གཞན་དུ་དྲང་མི་ནུས་པའི་ངེས་པ་བརྟན་པོ་སྐྱེ་བ་སོགས་ཀྱི་དགོས་པ་ཆེན་པོ་ཡོད་པས། འདི་དག་མུ་སྟེགས་ཀྱི་རྩོད་པ་བྱུང་ན་ཟློག་བྱེད་ཙམ་ཡིན་གྱི། ཉམས་ལེན་ལ་ཉེ་བར་མཁོ་བ་མ་ཡིན་ནོ་སྙམ་དུ་མི་བསམ་པར་ཐར་པ་འདོད་པ་རྣམས་ཀྱིས་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་དང་། རྗེ་བླ་མ་ཡབ་སྲས་ཀྱི་ལེགས་བཤད་རྣམས་ལ་ཐོས་བསམ་ལྷུར་བླངས་ཏེ་ཤེས་པར་བྱ་བ་གནད་དུ་ཆེའོ། །

སྨྲས་པ། ། གང་ཡང་འདི་ན་བློ་གྲོས་ལྡན་རྣམས་ཀྱིས། ། སེམས་དང་ལས་སུ་བྱ་བའི་གཙོ་བོ་ནི། ། སྲིད་ལས་གྲོལ་བའི་ཐབས་ཚུལ་འཚོལ་བ་སྟེ། ། དེ་ལྟ་མིན་ན་ཕྱུགས་དང་བྱེ་བྲག་ཅི། ། འཇིག་རྟེན་འདི་ན་སྟོན་པར་ཁས་འཆེ་ཞིང་། ། འཆང་གྲོལ་རྣམ་གཞག་སྨྲ་བ་མང་མཆིས་ཀྱང་། ། སྲིད་པའི་རྩ་བ་བརྟན་པར་བྱེད་པའི་ཐབས། ། ཞི་བའི་ལམ་དུ་སྟོན་པ་ཤ་སྟག་སྟེ། ། གང་གི་བསྟན་པ་ཐར་པ་འདོད་རྣམས་ལ། ། བསླུ་བ་མེད་པའི་འཇུག་ངོགས་མཆོག་གྱུར་པ། ། བདེ་བར་གཤེགས་པའི་བསྟན་པ་ཁོ་ནའི་ཕྱིར། ། སངས་རྒྱས་ཉག་གཅིག་ཚད་མའི་སྐྱེས་བུ་ཡིན། ། གཞན་སྡེའི་འདོད་ཚུལ་ཕྱོགས་ཙམ་མི་ཤེས་པར། ། རང་གི་བསྟན་དང་སྟོན་པ་སྐྱོན་མེད་དུ།། ཅི་ཙམ་སྨྲས་ཀྱང་ནེ་ཙོའི་འདོན་པ་བཞིན། ། ཚིག་ཏུ་ཟད་ཀྱི་ངེས་པ་འདྲེན་མི་ནུས། ། དེ་ཕྱིར་ལྟ་ངན་མུ་ལ་སྟེགས་འཆའ་བའི། ། ཕྱི་རོལ་གྲུབ་མཐའི་རྣམ་གཞག་ལེགས་ཤེས་ནས། ། སྤོང་བར་བྱེད་པ་ཐར་པའི་གྲོང་ཁྱེར་དུ། ། འཇུག་པའི་ཐེམ་སྐས་ཉིད་ཅེས་མཁས་རྣམས་གསུངས། ། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

《ཐུའུ་བཀྭན་གྲུབ་མཐའ》ལས་བཏུས།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-04-18 ལྟ་ཀློག (9213)