ཚེ་རིང་དོན་གྲུབ།

ཚེ་རིང་དོན་གྲུབ།

རྩོམ་པ་བོ། སྐྱབས་ཆེན་བདེ་གྲོལ།

ཚེ་རིང་དོན་གྲུབ་ཀྱིས་ང་ལ་བཞག་པའི་བག་ཆགས་ཆེ་ཤོས་ནི་ཁོས་ངའི་སྒེའུ་ཁུང་ནང་ལ་ཐེངས་མང་པོར་བལྟས་བྱུང་བ་དེ་ཡིན།
སྤྱིར་ན་སློབ་གྲྭ་འདིའི་མི་རྐྱང་ཚོའི་སྡོད་ཤག་ལ་ཁང་བ་གྲལ་སྟར་གཅིག་ལས་མེད་ཀྱང་ཚེ་རིང་དོན་གྲུབ་ཀྱིས་ཉིན་གཅིག་གི་དུས་ཚོད་བཀོལ་ཏེ་ཁང་མིག་རེ་རེའི་སྒེའུ་ཁུང་ནང་ཡུན་རིང་བལྟས་མཐར་ད་གཟོད་གཞི་ནས་ང་རང་རྙེད་སོང༌། ཁོའི་དཔྲལ་པ་ན་རྨ་ཤུལ་ཞིག་དང་འགྲམ་པ་གཡས་གཡོན་གཉིས་ན་རྨ་ཤུལ་རེ་ཡོད་ལ་རྨ་ཤུལ་དེ་དག་བརྒྱུད་ནས་ཐིག་དུམ་རེ་བྲིས་ན་ཁོ་རང་གིས་ཚེ་གང་བོར་བདག་ཏུ་བཟུང་བའི་རི་བོ་དེའི་དབྱིབས་ཏེ་ཟུར་གསུམ་མ་ཞིག་གྲུབ་ཐུབ། ཁོ་ནང་དུ་འཛུལ་བ་དང་ངའང་རང་དབང་མེད་པར་ཡར་ལངས་དགོས་བྱུང༌།
“རྒན་ལགས། ཁྱོད་ལ་དོན་ཅི་ཞིག་ཡོད།”
“ངའི་བྱིས་པར་གནང་བ་ཞིག་སྟེར་རོགས། ངས་ཁོ་ཁྲིད་ནས་སྟོད་ཉི་མ་ལྷ་སར་མཇལ་སྐོར་ཞིག་བྱེད་དགོས།”
“མི་ཆོག”
ཕྱིས་སུའང་ཁོ་ཐེངས་མང་པོར་ངའི་གམ་དུ་ཡོང་བ་དང་ཡོང་ཐེངས་རེ་རེར་ཐོག་མར་སྒེའུ་ཁུང་ནང་བལྟ་ལ་དེ་ནས་སྒོ་ཁྲོབས་སེར་ཕྱེ་བ་ཡིན། དེ་ནས་ངས་ཁོར་གོང་ལྟར“ཁྱོད་ལ་དོན་ཅི་ཞིག་ཡོད”ཅེས་དྲིས་ཚེ་ཁོས་ཀྱང་གོང་ལྟར་རང་གི་བྱིས་པར་གནང་བ་ཞུ་སྲིད་ལ་ངས་དེ་མ་ཉིད་དུ“མི་ཆོག”ཅེས་པའི་ལན་སླ་མོ་དེ་འདེབས་སྲིད། ཡིན་ནའང་ལན་འདིས་ཁོ་ལ་སུན་སྣང་ཅུང་ཙམ་ཡང་སྐྱེ་རུ་འཇུག་པ་ལྟ་ཅི། ཐ་ན་ཉིན་རེ་ལས་ཉིན་རེར་རྣམ་རིག་ལྡན་པའི་ངང་ངའི་གམ་དུ་ཡོང་བར་མཐུན་རྐྱེན་སྦྱོར་བ་འདྲ།
ད་ལྟ་ཁོ་རང་རང་གིས་ཚེ་གང་བོར་བདག་ཏུ་བཟུང་བའི་རི་བོ་དེའི་རྩེ་མོར་སྐྱིལ་ཀྲུང་བྱས་ཏེ་བསྡད་ཡོད་ལ་ཚུལ་དེ་ནི་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་མི་རོས་འགྲངས་པའི་བྱ་རྒོད་ཅིག་བབས་པ་དང་གཉིས་སུ་མེད། ཁོས་ལག་གཡོན་པས་ཕྲེང་བ་འདྲེན་པ་དང་ལག་གཡས་པས་འཁོར་ལོ་སྐོར་བཞིན་རང་ཁྱིམ་ནས་ངའི་ཕྱོགས་སུ་འཐེན་པའི་རྐང་ལམ་ཕྲ་མོ་དེར་བལྟས་འདུག
སྐར་མ་གཅིག སྐར་མ་སུམ་ཅུ། ཆུ་ཚོད་གསུམ། ཆུ་ཚོད་བཅུ་གཉིས་འགོར་རྗེས་ཁོ་གློ་བུར་དུ་ཡར་ལངས་ཤིང་རི་ལུང་འགེངས་པའི་ཀི་རིང་ཞིག་བཏབ། དེའང་རང་ཁྱིམ་ནས་ངའི་ཕྱོགས་སུ་འཐེན་པའི་རྐང་ལམ་ཕྲ་མོ་དེའི་སྟེང་དུ་མི་གཞན་ཞིག་འགྲོ་བཞིན་འདུག
འོན་ཀྱང་མི་དེས་མཉམ་འཇོག་སྤུ་ཙམ་མི་བྱེད་པས་ཁོས་ཕྲེང་བ་མཁྲིག་མར་དཀྲིས་ཤིང་འཁོར་ལོ་རུམ་ལ་བཅུག་པ་དང་སྐེད་པའི་རལ་གྲི་འཕྱར་ཏེ་ཐུར་ལ་བརྒྱུགས། རི་སྐེད་དུ་སླེབས་དུས་མི་དེས་ཁོ་ཡོང་བ་མཐོང་སྟེ་གོམ་པ་མྱུར་མོར་སྤོས་མོད། ཁོ་རྐང་འདྲེད་ཅིག་ཤོར་བ་དང་མཉམ་དུ་བསམ་རྒྱུ་དྲན་རྒྱུ་མེད་པར་རྦབ་རྡོ་བཞིན་འདྲིལ་སོང༌།
ཡང་ཆུ་ཚོད་བཅུ་གཉིས་འགོར་རྗེས་ཁོས་མིག་ཟུང་ཕྱེ་ཐུབ་པ་བྱུང་ཞིང་དེ་ནས་ཡང་ཆུ་ཚོད་བཅུ་གཉིས་འགོར་རྗེས་ཁོས་མགོ་བོ་འགྱོགས་ཐུབ་སོང༌། སྐབས་དེར་ཁོས་རང་ཉིད་དྲན་པ་ཤོར་སོང་བ་ཤེས་ནའང་དོན་དེ་མི་སུ་ལའང་བཤད་འདོད་མེད། བསམ་བློ་ཞིབ་ཏུ་བཏང་ཚེ་ཉིན་གཅིག་གི་སྔ་རོལ་ལ་རང་གིས་མི་ཞིག་བདས་པའང་གསལ་བོར་དྲན་ཡང་ད་ལྟ་མི་དེའི་རྗེས་ཤུལ་ཙམ་ཡང་མི་འདུག་པས་ཁོས་རལ་གྲི་ཤུབས་ལ་བཅུག འོན་ཀྱང་རང་ཁྱིམ་ནས་ངའི་ཕྱོགས་སུ་འཐེན་པའི་རྐང་ལམ་ཕྲ་མོ་དེ་ཏག་ཏག་རང་གི་རྐང་འོག་ན་ཡོད་པས་ངའི་ཁྱིམ་དུ་སླར་ཡང“མི་ཆོག”ཅེས་པའི་ལན་དེ་ཐེངས་ཤིག་ཉོ་རུ་སོང་ན་མི་འགྲིག་པ་མེད་སྙམ། ཡིན་ནའང་ཁོས་འཕྲལ་མར་དེ་རིང་དོན་ཅི་ཞིག་ཞུ་དགོས་པ་མི་ཤེས་པས་ཆུ་ཚོད་བཅུ་གཉིས་ལ་འདང་བརྒྱབ་མཐར་ད་གཟོད“ངས་དགོ་བ་ཞིག་བསད་ཡོད་པས་རང་གི་བྱིས་པ་དགོ་ཤ་ཟ་རུ་ཡུལ་དུ་ཐེངས་ཤིག་ཁྲིད་ན་ཆོག་གམ”ཟེར་རྒྱུ་ཐག་གིས་བཅད། དེ་ལྟར་བཤད་ཚེ་རང་འདྲ་བའི་རྒད་པོ་ཞིག་གིས་ད་དུང་རི་དྭགས་རྔོན་ཐུབ་པར་ངོ་མཚར་ནས་ངས་ཁོ་ལ་ཡིད་སྨོན་བྱེད་རྒྱུ་རེད་སྙམ། དེ་ནས་ཁོས་རྐང་ལམ་དེ་བརྒྱུད་ནས་ངའི་ཕྱོགས་སུ་གོམ་པ་འགའ་བསྟུད་མར་སྤོས། འོན་ཀྱང་ཅུང་ཙམ་འགོར་རྗེས་ཁོའི་གོམ་ཁ་ཇེ་ལྗིར་སོང་ཞིང་མཐའ་མར་འགྲོ་མི་ཐུབ་པར་གྱུར། ཁོས་གནས་འདིར་ཤི་བོ་ཞིག་གི་རྣམ་ཤེས་ཡོད་ཤས་ཆེ་སྙམ་སྟེ་ཕྱོགས་བཞིར་བལྟས་པ་ན་རང་གི་མདུན་དུ་གྲོག་མ་ཆུང་ཆུང་ཞིག་ཀྱང་རྐང་ལམ་འདི་བརྒྱུད་དེ་ངའི་ཕྱོགས་སུ་འགྲོ་བ་མཐོང༌།
“མ་གཞི་ངའི་ལམ་འགོག་མཁན་ཁྱོད་ཡིན་པ་རེད།”ཁོས་དེ་ལྟར་ཆིག་ལབ་རྒྱག་བཞིན་གྲོག་མ་དེ་རྩེད་སྤྱད་ཅིག་བྱེད་བསམ་སྟེ“ཐོག་མར་ངས་ཁོར་བཟི་རྟགས་ཤིག་སྟོན། དེ་ནས་དཔའ་རྟགས་ཤིག་སྟོན”ཞེས་རུམ་དུ་ལག་སྙོབ་འགའ་བྱས་པ་ན་ཉིན་འགའི་སྔོན་དུ་འཐུང་འཕྲོ་བྱས་པའི་ཆང་དམ་དེ་རྙེད། དེར་ཆང་ཁ་དོ་ལས་ལྷག་མེད་པས་ཁོས་ཁ་གང་མ་གཏོགས་མ་འཐུང་བར་ཁ་གང་ཆུང་མའི་རུམ་ནས་འཐུང་རྒྱུར་གསོག་འཇོག་བྱས།
“ང་བཟི་མེད། ང་བཟི་མེད། ང་ཚེ་རིང་དོན་གྲུབ་ཟེར་ན་རྟ་བརྒྱའི་བདག་པོ་དང་མི་བརྒྱའི་དཔོན་པོ། ཕོ་བརྒྱའི་ཨ་ཕ་དང་མོ་བརྒྱའི་སྐྱ་ཡ་ཡིན། ཧིན། ཁྱོད་གྲོག་མ་ནག་ཆུང་ཞིག་གིས་ངའི་ལམ་འགོག་རྒྱུ་ཟེར་ན་ངའི་འོག་སྒོ་ཡང་དགོད་རྒྱུ་རེད།་་་་”བཤད་ཀྱིན་བཤད་ཀྱིན་ཁོ་རང་ཐང་དུ་འགྱེལ་མོད། གྲོག་མ་དེས་ཁོའི་སྐད་ཆར་མཉམ་འཇོག་སྤུ་ཙམ་ཡང་མི་བྱེད་པར་སྔར་ལྟར་མདུན་དུ་བསྐྱོད་པས་མཚམས་ཤིག་ནས་ཁོས་ཀྱང་གོག་བགྲོད་ཀྱིས་གྲོག་མ་དེའི་རྗེས་མི་འདེད་ཀ་མེད་བྱུང༌།
ཆུ་ཚོད་བཅུ་གཉིས་འགོར་རྗེས་ཁོང་གཉིས་དུས་གཅིག་ཏུ་ངའི་སྒོ་ཁར་བསླེབས། སྐབས་འདིར་ཁོ་ལ་རང་ཉིད་ནི་གྲོག་མ་དེར་ལྟ་རྟོག་བྱེད་པར་ཆེད་དུ་བསྐོས་པའི་ཉེན་རྟོག་པ་ཞིག་ཡིན་པར་ངེས་ཤེས་ཟབ་མོ་སྐྱེས་འདུག་ཅིང་ངེས་ཤེས་དེའི་དབང་གིས་ཁོས་གྲོག་མ་དེས་རྐང་བ་སྔོན་མའི་རྗེས་སུ་རྐང་བ་རྗེས་མ་འཇོག་ཚུལ་དང་ལུས་པོའི་འགུལ་སྟངས། གོམ་པའི་དལ་མྱུར་སོགས་ལ་ལྟ་རྟོག་ནན་མོ་བྱས།
མཐའ་མར་གྲོག་མ་དེ་ངའི་སྒེའུ་ཁུང་ངོས་སུ་འགོས་ཤིང་ཁོའི་མིག་ཀྱང་དེའི་རྗེས་སུ་འགོ་ཅི་ཐུབ་བྱས། དེ་ནས་གྲོག་མ་དེ་སྒེའུ་ཁུང་གི་བར་གསེང་ཞིག་བརྒྱུད་ནས་ནང་དུ་འཛུལ། ཡིན་ནའང་ཁོའི་མིག་ནང་དུ་འཛུལ་མ་ཐུབ།
ངས་རང་གི་སྒེའུ་ཁུང་ལས་མི་ཆ་ཡོད་དེའི་ངོ་གདོང་མཐོང་མ་ཐག་སླར་ཡང“མི་ཆོག”ཅེས་པའི་ལན་དེ་འདེབས་ཆེད་མྱུར་བར་སྒོ་ཕྱེ།
འོན་ཀྱང་ཁོ་ནི་སྐྱེ་བོ་མང་པོ་ཞིག་གི་འཐུས་ཚབ་བྱེད་ཐུབ་པའི་རང་རེའི་བརྩམས་སྒྲུང་འདིའི་མི་སྣ་གཙོ་བོ་རེད་ཅེས་ཁ་ཚོད་གཅོད་དཀའ་སྟེ་རྒྱུ་མཚན་ནི་གྲོག་མ་དེ་ཤོར་བའི་དབང་གིས་སྐབས་དེའི་ཁོའི་མིག་གཉིས་པོ་སྐྱེ་བོ་གཞན་སུ་ཡི་མིག་དང་མི་འདྲ་བར་མ་ཟད་སྔོན་ཆད་ཁོས་ངའི་སྒེའུ་ཁུང་ནས་ལྟ་དུས་ཀྱི་མིག་དང་ཡང་མི་འདྲ་བར་སྐྱ་ཐག་ཆོད་ཅིག་ཏུ་གྱུར་ཡོད།
“ཁྱོད་ལ་དོན་ཅི་ཞིག་ཡོད།”ངས་སྒྲོབ་ཉམས་དང་བཅས་དེ་ལྟར་དྲིས།
“ངས་གཞན་དང་མི་འདྲ་བའི་གྲོག་མ་ཞིག་བོར་སོང༌། ཨོ། མ་རེད། གྲོག་མ་དེ་ངའི་མ་རེད། ཁོ་ང་དང་འདྲ་བ་རེད། དེ་ཡང་མ་རེད། ཁོ་ངའི་དགྲ་བོ་རེད། ཁོས་ངའི་བགྲོད་ལམ་ཕྲོགས་སོང༌།
ད་དུང༌། ད་དུང་ཁྱོད་ཀྱི་སྡོད་ཁང་ཕྲོགས་སོང༌། མ་རེད། ཁོ་ཁྱོད་ཀྱི་སྡོད་ཁང་ནང་ལ་འཛུལ་སོང༌།”ཞེས་འདར་སིག་སིག་གིས་དེ་ལྟར་བཤད་རྗེས་ཁོས་རང་གི་བྱིས་པའི་སྐོར་གླེང་རྒྱུ་བརྗེད་པ་ཤེས་ཏེ་རང་གིས་རང་ལ་སེམས་ཁོང་ནས་ལེ་བདའ་འགའ་བྱས། དེ་ནས་སླར་ཡང“གྲོག་མ་དེ་ངོ་མ་འཇོན་ཐང་ཅན་ཞིག་རེད། འོན་ཀྱང་ངས་རང་གི་བྱིས་པར་གནང་བ་ཞུ་དགོས། ངས་དགོ་བ་ཞིག་བསད་ཡོད་པས་རང་གི་བྱིས་པ་དགོ་ཤ་ཟ་རུ་ཡུལ་དུ་ཐེང
ས་ཤིག་ཁྲིད་ན་ཆོག་གམ”ཟེར།
“མི་ཆོག”
ཐེངས་འདིར་ངས་ཁོར་སློབ་གྲྭའི་ཚབ་བྱས་ནས་བྱིས་པ་ཡུལ་དུ་ཁྲིད་ན་མི་ཆོག་ཟེར་བ་མིན་པར་བཅའ་ཁྲིམས་ཀྱི་ཚབ་བྱས་ནས་དགོ་བ་གསོད་མི་ཆོག་ཟེར་བ་ཡིན། ངས་ཁོ་ལའང་དེ་ལྟར་གསལ་བཤད་བྱས་པ་ན་ཁོའི་མིག་གློ་བུར་དུ་ཇེ་ནག་ཏུ་སོང་བ་དང༌། དེ་ནས་ཡང་གློ་བུར་དུ་སྔར་ལྟར་སྐྱ་བོར་གྱུར་སོང༌། ཡིན་ནའང་ཁོ་ལ་ད་དུང་ཡོད་པ་ནི་བསམ་གཞིགས་ཀྱི་ནུས་པ་རེ
ད། ཁོས་གྲོག་མ་དེའི་ཕྱོགས་སུ་བསམ་གཞིགས་མང་པོ་བཏང་བ་ན་སྡོམ་ཚིག་གཉིས་ཐོབ་བྱུང༌། སྡོམ་ཚིག་གཅིག་ནི་གྲོག་མ་དེ་དང་མཉམ་དུ་འདིར་འོངས་རྐྱེན་རང་གི་བྱིས་པར་གནང་བ་ལོན་་པས་ཁོ་ནི་ལྷ་ཞིག་གི་སྤྲུལ་བ་རེད་ཅེས་པ་དང་སྡོམ་ཚིག་ཅིག་ཤོས་ནི་གྲོག་མ་དེ་དང་མཉམ་དུ་འདིར་འོངས་རྐྱེན་རང་གིས་དགོ་བ་གསོད་མི་ཆོག་ཅེས་པའི་བཅའ་ཁྲིམས་ཀྱི་ཉེན་བརྡ་ཞིག་ཉོ་དགོས་བྱུང་བས་ཁོ་ནི་བདུད་ཅིག་གི་སྤྲུལ་བ་རེད་ཅེས་པའོ། །
གང་ལྟར་ཁོས་རང་གི་བྱིས་པ་ཁྲིད་ནས་ང་དང་བྲལ་སྐབས་ཀྱང“གྲོག་མ་དེ་གྲོག་མ་ཕལ་བ་ཞིག་མ་རེད། ཁྱོད་ཀྱིས་དོ་སྣང་བྱེད་དགོས”ཞེས་ང་ལ་སྙིང་གཏམ་མམ་གདམས་ངག་ཅིག་བསྩལ་བ་དང་དེར་མ་ཟད“ངས་རང་གིས་ཚེ་གང་བོར་བདག་ཏུ་བཟུང་བའི་རི་བོ་དེའི་ངོས་ཀྱི་དགོ་བ་གསོད་ཆོག་གམ”ཞེས་དྲི་བ་ཞིག་ཀྱང་བཏོན་བྱུང༌།
“ག་ལ་ཆོག”
ཁོའི་མགོ་བོ་སྔར་ལས་རྨོངས་པར་གྱུར་ཅིང་མིག་ཀྱང་སྔར་ལས་སྐྱ་བོར་གྱུར།
ཕྱིར་རང་ཁྱིམ་དུ་སླེབས་པ་དང་ཁོས་སླར་ཡང་གྲོག་མ་དེའི་ཕྱོགས་སུ་བསམ་གཞིགས་མི་གཏོང་ཀ་མེད་བྱུང༌། བསམ་གཞིགས་བྱེད་ཀྱིན་བྱེད་ཀྱིན་ཁོའི་སེམས་རྩ་ཧྲིལ་བོ་ཁོང་ཁྲོས་ཁྱབ་པ་དང་ཡང་བསམ་གཞིགས་བྱེད་ཀྱིན་བྱེད་ཀྱིན་ཁོང་ཁྲོ་དེ་འཇིགས་སྐྲག་ཏུ་གྱུར་པས་ད་ལྟ་ཁོས་སྡོད་མི་ཚུགས་པར་ཁོང་འདར་རྒྱག་བཞིན་མཆིས།
“ཨ་ཕ། ཁྱོད་ལ་ཅི་བྱུང”བུ་ཆེ་བས་དེ་ལྟར་དྲིས་མ་ཐག་བུ་གཞན་གཉིས་དང་བུ་མོ་ཚོས་ཀྱང་ཁོར་མཐུད་ནས་དེ་ལྟར་དྲིས། འོན་ཀྱང་ང་ཚོའི་གླེང་གཞིར་གྱུར་པའི་ཚེ་རིང་དོན་གྲུབ་ཁོས་ནམ་ཡང་རང་གི་རྐང་རྗེས་དེད་པའི་བྱིས་པ་འདི་ཚོས་ད་ལྟ་རང་ཉིད་སྐྱོབ་ཟེར་ན་དེ་ནི་ཁྲོན་པའི་ཟླ་གཟུགས་འཛིན་པ་ལྟར་ངལ་བ་འབྲས་མེད་དུ་འགྱུར་བ་གསལ་བོར་ཤེས་ཡོད། ལྷག་པར་དུ་ཁོའི་སྣང་ངོར་རང་གིས་ཚེ་གང་བོར་བདག་ཏུ་བཟུང་བའི་རི་བོ་དེའང་གྲོག་མ་དེས་འཕྲོག་ངེས་པའི་འདུ་ཤེས་ཤིག་སྐྱེས་འདུག་པས་ཁོ་ལ་ལན་ཙམ་འདེབས་པའི་ནུས་པའང་ག་ལ་ཡོད།
“ཨ་ཕའི་མིག་སྐྱ་བོར་གྱུར་འདུག”གློ་བུར་དུ་སློབ་གྲྭ་ནས་ཁྲིད་ཡོང་བའི་བྱིས་པས་དངངས་འཚབ་དང་བཅས་དེ་ལྟར་སྨྲས་པས་བྱིས་པ་ཡོངས་ཀྱིས་འཚང་ཁ་བརྒྱབ་སྟེ་ཁོའི་མིག་ལ་བལྟས།
“ངོ་མ་རེད། ངོ་མ་རེད། ཨ་ཕའི་མིག་སྐྱ་བོར་གྱུར་འདུག”
“ཨ་ཕའི་མིག་ནང་ན་འོད་མི་འདུག”
“ཨ་ཕའི་མིག་ཐལ་བ་ལེབ་མོ་ཞིག་དང་འདྲ།”
སྐད་ཆ་འདི་དག་ཐོས་རྗེས་ཁོས་རང་གིས་གོ་མེད་ཚོར་མེད་དུ་གཤིན་རྗེ་ཆོས་རྒྱལ་གྱི་སྒོ་ཐེམ་དུ་རྐང་བ་བཞག་འདུག་པ་གསལ་བོར་ཚོར་ཞིང་དེ་འཕྲལ་གློག་ཞགས་ལས་མྱུར་བའི་ཕྱིར་དྲན་ཞིག་མི་བྱེད་ཀ་མེད་བྱུང༌། དེ་ཡང་རང་གིས་ཚེ་གང་བོར་བདག་ཏུ་བཟུང་བའི་རི་བོ་དེའི་སྐོར་གྱི་ཕྱིར་དྲན་ཡིན།
— འཇིག་རྟེན་འདི་ནས་རང་གིས་ཆེས་བློས་མི་ཐོངས་པ་ནི་རི་བོ་དེ་ཡིན་པ་ཇི་བཞིན་རང་གི་ཨ་ཕས་ཆེས་བློས་མི་ཐོངས་པ་ནི་ཁོ་རང་ཉིད་ཡིན། ལོ་བརྒྱད་ལ་སོན་པ་ནས་ཨ་ཕས་རང་ཉིད་རི་བོ་དེའི་བདག་པོར་བསྐོས་པ་མ་ཟད་རི་བོ་དེ་ནི་ཕ་མེས་ཡང་མེས་ཚོས་རང་གི་ཚེ་སྲོག་ལ་བརྟེན་ནས་སྲུང་སྐྱོབ་བྱས་ལུགས་དང་ཕྱིན་ཆད་ཀྱང་ཁོ་ཚོའི་མཛད་རྗེས་ཀྱི་རྒྱུན་རིང་བོར་སྲིང་དགོས་ཚུལ་གསལ་བོར་བཤད། ཕྱིས་སུ་ཨ་ཕ་ཚེ་ལས་འདས་ཀྱང་རང་གིས་བསྟུད་མར་རི་བོ་དེ་སྲུང་ཕྱིར་ལོ་ངོ་ལྔ་བཅུ་ཐམ་པར་གོ་མཚོན་འབྲལ་མེད་དུ་བགོས་པས་གཉིད་སྐྱིད་པོ་ཞིག་ཀྱང་ཉལ་མ་ཐུབ། སུན་སྣང་སྐྱེ་བའི་དུས་སུ་ལས་བྱེད་པ་ལ་ལའི་སྒེའུ་ཁུང་ནས་བལྟས། ཡིན་ནའང་གྲོག་མ་ཞིག་གིས་རང་གིས་བཏོད་པའི་རྐང་ལམ་དེར་གང་འདོད་ཀྱིས་གོམ་པ་སྤོས།—
མཚམས་འདིར་ཁོའི་ཆུང་མ་ནང་དུ་སླེབས་བྱུང༌། ཕར་བལྟས་མ་ཐག་ཁོ་མོ་ནི་ངལ་རྩོལ་ཁྲོད་སྦྱོང་བརྡར་ཐོབ་པའི་བུད་མེད་ཅིག་ཡིན་པ་ཤེས་ཐུབ་ཅིང་སེར་ཁ་གས་པའི་ངོ་གདོང་དུ་ངལ་དུབ་ཀྱི་རྣམ་པའང་ཅུང་ཟད་ཡོད་མོད། རང་གི་གུས་ཤིང་བརྩེ་བའི་ཁྱོ་བོ་ཐུགས་ཁྲོ་བར་དོགས་ནས་ཤུགས་རིང་ཙམ་ཡང་འབྱིན་པར་མི་བྱེད། ཡིན་ནའང་ཁོར་མཚོན་ན་ཁོ་མོ་སླེབས་པ་དང་མ་སླེབས་པ་གཉིས་འདྲ་མཚུངས་ཡིན་ཏེ་རྒྱུ་མཚན་ནི་ཁོའི་སེམས་སུ་ནམ་ཡང་གཡོ་འགུལ་བྲལ་བའི་བག་ཆགས་ཤིག་ཡོད་པ་ནི་བུད་མེད་མི་མིན་པ་དེའོ། །
གང་ལྟར་ད་ལྟ་ཁོ་ལ་ཡོད་པའི་རེ་བ་ཉག་གཅིག་ནི་ཆེས་མཐའ་མའི་དབུགས་རྟ་རྔ་འདྲ་བོ་དེར་བརྟེན་ནས་རི་བོ་དེ་རང་གིས་ཕྱི་མའི་ཡུལ་དུ་ཁྱེར་འགྲོ་བའམ་ཡིད་ཆེས་བྱེད་ཆོག་པའི་བུ་ཕྲུག་ཅིག་ལ་རྩིས་སྤྲོད་བྱ་འདོད་པ་དེ་ཡིན་པས་ཐོག་མར་བཙན་གྱིས་ངག་སྒོ་ཕྱེ་ཨེ་ཐུབ་བལྟས། འོན་ཀྱང་ཁོའི་མིད་པ་རྡེའུ་རིལ་མོ་ཞིག་དང་མཚུངས་པའི་དངོས་པོ་ག་གེ་མོ་ཞིག་གིས་བརྣངས་འདུག་པས་ཚིག་རེ་གཉིས་ཤིག་ངག་ལས་ཐོན་པའང་གསལ་བོར་ཐོས་མི་ཐུ
བ་པར་ཟ་ཟི་དང་ལྡབ་ལྡིབ་ཅིག་ཡིན།
“རི་བོ་གན(ཁོ་ཚང་གི་སྦྲ་སྒོ་ཐད་ཀར་རི་བོ་དེར་གཏད་ཡོད་པས་བལྟས་པ་ཙམ་གྱིས་མཐོང་ཐུབ)ངས་ཕྱི་མའི་ཡུལ་དུ་འཁྱེར་རམ་ཁྱོད་ཚོས་བདག་ཏུ་འཛིན།”
“ང་ཚོས་བདག་ཏུ་འཛིན། ཕྱི་མའི་ཡུལ་དུ་ནོར་ཁབ་སྐུད་ཙམ་ཡང་འཁྱེར་ས་མེད། ཨ་ཕ།”བྱིས་པ་ཚོས་བཏབ་པའི་ཨ་ལན་ཐོས་རྗེས་ཁོས་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་འདི་ཁོ་ཚོའི་ཁྲོད་ཀྱི་མི་སུ་ལ་སྤྲོད་པའི་སྐོར་ལ་བསམ་གཞིགས་བཏང༌།
བྱིས་པ་འདི་ཚོ་ལས་གཅིག་མ་གཏོགས་གཞན་ཐམས་ཅད་ཟོག་རྫི་ཡིན། ཁོས་ད་བར་དུ་ཁོ་ཚོ་མི་གཞན་པའི་གཡོ་འོག་ཏུ་ཚུད་དེ་ལང་ཤོར་དུ་མི་འགྲོ་བའི་ཕྱིར་དུ་ཟོག་རྫིར་འགྲོ་བ་ལས་གཞན་བྱ་བ་གང་ཡང་བསྒྲུབ་ཏུ་འཇུག་མ་མྱོང་ལ་རང་ཁྱིམ་ལས་གཞན་ཁྱིམ་ཚང་ཞིག་གི་སྒོར་གོམ་པ་གང་ཡང་སྤོ་རུ་འཇུག་མ་མྱོང༌། འོན་ཀྱང་ཁོས་བྱིས་པ་འདི་དག་ལས་ཆེས་བློས་འགེལ་ཆོག་ལ་ཡིད་རྟོན་རུང་བ་དེ་སུ་ཡིན་གཏན་ནས་མི་ཤེས། དེའང་བྱིས་པ་གཅིག་མ་གཏོགས་གཞན་ཐམས་ཅད་འདྲ་མཚུངས་ཡིན་ཏེ་ཁོ་ཚོས་སྐེ་རུ་བཏགས་པ་ནི་བླ་མ་གཅིག་གི་ཕྱག་མདུད་ཡིན་ལ་རྒྱུན་དུ་སེམས་ལ་བཟུང་བའང་ཕ་མ་གཅིག་གི་བསླབ་བྱ་ཡིན། ཁོ་ཚོ་སུ་ཡིན་
ཡང་ཨ་ཕས་བདག་ཏུ་བཟུང་བའི་རི་བོ་དེའི་ཆེད་དུ་རང་སྲོག་བློས་གཏོང་ཕོད་ལ་ཁོ་ཚོ་སུ་ཡིན་ཡང་ཨ་མ་ནི་བུད་མེད་ཡིན་པས་ནམ་ཡང་ཨ་ཕར་འགྲན་དུ་མི་རུང་བའི་ངེས་ཤེས་ཡིད་ལ་བརྟན་པོར་བཟུང་ཡོད། ཡིན་ནའང་བྱིས་པ་གཅིག་ཁྲིམས་ཆད་ལ་བརྟེན་ནས་སློབ་གྲྭར་བསྡུས་སོང་བས་ཁོ་ཚོ་དང་མི་འདྲ་བར་གཞན་གྱི“གཡོ་འོག”ཏུ་ཚུད་ཡོད།
རྒྱུ་མཚན་དེ་དག་གི་དབང་གིས་ཁོས་རང་གི་བྱིས་པ་ཚོའི་སྐྱོན་ཆར་བརྟག་དཔྱད་བྱེད་པའི་འགོ་བཙུགས་ཤིང་སུ་ཞིག་ལ་སྐྱོན་ཆ་མེད་ན་དེར་རི་བོ་དེ་རྩིས་སྤྲོད་བྱེད་དགོས་སྙམ།
“ཁྱོད་ཚོའི་ནང་གི་སུ་ལ་སྐྱོན་ཆ་མེད།”
“ང་ལ་སྐྱོན་ཆ་མེད།”
“ང་ལ་སྐྱོན་ཆ་མེད།”
བྱིས་པ་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་དེ་ལྟར་ཟེར་བས་ཁོས་མི་གཅིག་གི་སྐད་ཆར་ཡང་མ་རློམ་པར་རང་ཉིད་ངོ་མས་ཁོ་ཚོའི་སྐྱོན་ཆ་བཙལ། དོན་དུ་ཁོས་ཅི་ཞིག་སྐྱོན་ཆར་བརྩི་དགོས་པའང་གསལ་བོར་མི་ཤེས་མོད། ཞིབ་འདང་འགའ་བརྒྱབ་རྗེས་ཆེས་ཆེ་བའི་སྐྱོན་ཆ་ནི་དུ་བ་འཐེན་པ་དང༌། ཆང་འཐུང་བ། མ་ཎི་མི་འདོན་པ་བཅས་རེད་སྙམ།
དེ་ནས་ཁོས་མི་རེ་རེའི་ཁ་ནང་ལ་བསྣམས་པ་ན་གཅིག་ལའང་དུ་བ་དང་ཆང་གི་དྲི་མ་མི་བྲོ། དེ་ནས་མི་རེ་རེའི་ལག་མགོར་བལྟས་པ་ན་ཚང་མའི་མཐེ་བོང་གི་སེན་མོ་མ་ཎི་བཏོན་ཏེ་ཟད་
འདུག
མཇུག་མཐར་ཁོས་བྱིས་པ་ཚོ་ལས་སུ་ཞིག་ལ་སྐྱོན་ཆ་ཡོད་པ་བརྡར་ཤ་མ་ཆོད་པས་ཆེས་མཐའ་མཇུག་གི་ཐ་ཚིག་སྟེ“ཞགས་པ་ཁྱེར་ཤོག”ཅེས་མི་སྨྲ་ཀ་མེད་བྱུང༌།
གཏམ་རྒྱུད་འདི་ལྟར་མཇུག་རྫོགས་སོང༌། ང་ཚོར་ཤུལ་དུ་ལུས་པ་ནི་ཚོན་ཁྲ་ཅན་གྱི་འདྲ་པར་ཞིག་སྟེ་དེའི་ངོས་སུ་ཁ་བ་དཀར་པོས་ཡོངས་སུ་གཡོགས་པའི་རི་བོ་ཞིག་སྲ་ཞིང་གྲིམ་པའི་ཞགས་པ་ཞིག་གིས་དམ་པོར་བསྡམས་ཡོད་ལ་ཞགས་པ་དེའི་སྣེ་མོར་ངའི་མི་སྣ་གཙོ་བོ་ཚེ་རིང་དོན་གྲུབ་འཇུས་ཡོད། ཁོའི་གདོང་དང་མིག་གི་མདངས་རྩ་བ་ནས་ཤོར་ཡོད་པས་ཕལ་ཆེར་དབུགས་ཆད་པ་འདྲ་མོད་རྫོབ་ཅིང་རལ་བའི་རྨ་ཤུལ་དང་དྲག་ཏུ་བསྡམས་པའི་ཨམ་གཙིགས་ལས་འཇིགས་ཉམས་ཁྱད་པར་བ་ཞིག་ཀྱང་མངོན་འདུག
ཁོར་མཐུད་ནས་ངོ་དབྱིབས་མཚུངས་པའི་བྱིས་པ་འགའ་ལོའི་ཆེ་ཆུང་ལྟར་གྲལ་བསྒྲིགས་ཏེ་ཞགས་པ་དེར་དམ་དུ་འཇུས་འདུག་ལ་ཁོ་ཚོའི་གདོང་ལས་ཆུ་ཐིགས་མང་པོ་ཞིག་འཛག་གིན་ཡོད་པ་དེ་རྔུལ་ཆུ་དང་མིག་ཆུ་གཉིས་ལས་གང་ཡིན་པ་ང་ཚོས་ནམ་ཡང་ཤེས་ཐབས་བྲལ། འདྲ་པར་གྱི་གཡོན་ཕྱོགས་ཀྱི་གྲུ་ཟུར་ཞིག་ཏུ་སྐྲ་ཉག་འགའ་རླུང་གིས་སྐྱོད་པའི་ཚུལ་དུ་འདུག་ལ་ཕལ་ཆེར་དེ་རུ་བུད་མེད་ཅིག་ཡོད་པ་འདྲ།
ཡུན་རིང་འགོར་རྗེས་ཡང་མི་ཞིག་གིས་ངའི་སྒེའུ་ཁུང་ནང་ཡང་ཡང་བལྟ། ཁོ་ཚེ་རིང་དོན་གྲུབ་ཡིན་སྲིད་དམ། 
                                                         ༡༩༩༧.༡༢.༡༨ཉིན་བྲིས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།



རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-04-17 ལྟ་ཀློག (5950)