དུར་སློག་མཁན།

དུར་སློག་མཁན།

རྩོམ་པ་བོ། ཟོན་ཐར་རྒྱལ།

 འཚོ་བའི་ལྷན་པ་སྙན་ངག་ལ་རེ་བའི་ལོ་ཟླ་དེ་དག་གི་ནང་དུ་ཁོས་རང་ཉིད་གཅིག་པུ་ཨ་རག་གི་ནང་དུ་སྦངས། མགོ་ཐོག་གི་རྨས་ཕོག་པའི་ཟླ་བ་ཁེར་རྐྱང་དང་སྟོན་མཇུག་གི་སྡོང་ལོ་བཞིན་ཐོར་ལ་ཉེ་བའི་འདུ་ཤེས་དེ་ཁོའི་སྙན་ངག་གི་བླ་སྲོག་གྲུབ་འདུག། མདུན་ཕྱོགས་ཀྱི་ལོ་ཐོ་ལྟར་ན་ད་ལྟ་སྤྱི་ལོ་ཉིས་སྟོང་ལོའི་དུས་མགོར་སླེབས་ཟིན། མིའི་རིགས་ཀྱི་རིག་པའི་ཀློང་སྔ་མོ་ནས་བརྡོལ་ཟིན་པས་ཁོའི་མཐའ་འཁོར་གྱི་བྱ་དངོས་དང་རང་ཉིད་ལ་སྡོམ་ཚིག་གསལ་བོ་ཞིག་ འཇོག་རྒྱུ་འཕར་ཞོག་ཐ་ན་རང་ཉིད་ཀྱིས་ཕྱེད་ཀ་གདོད་མ་ནས་དུར་དུ་སྦས་ཟིན་པའང་གཞི་ནས་ཚོར་མི་འདུག།
    དེ་རིང་ཡང་ཨ་རག་དམ་བུ་ཞིག་གི་ཁ་སེར་པོར་གྱུར་པའི་འགྲམ་སོས་ཨུ་ཚུགས་ཀྱིས་ཕུད་རྗེས་ཆང་དམ་ཕྱེད་ཀ་ཙམ་སྐོམ་ཚད་ཀྱིས་མནར་བ་ཇི་བཞིན་དབུགས་ཐེངས་གཅིག་གིས་འཐུང་རྗེས། ཨམ་གཙིགས་བསྡམས་ཤིང་སྐྱོ་ཉམས་ཤིག་དང་ཆབས་ཅིག་མིག་འདུན་གྱི་མེ་ལོང་ངོས་ཀྱི་ཆ་མི་ཚང་བའི་རང་ཉིད་ལ་ཞིབ་ལྟ་བྱས། སེར་གས་ཁེངས་པའི་མེ་ལོང་ ངོས་སུ་མངོན་ཡོང་བ་ནི་མགོ་སྐྲ་སྤེན་མ་བཞིན་གཟེང་ཞིང་ལུས་ཀྱི་ཕྱེད་ཀ་དར་ལྕེ་བཞིན་ཟད་ཚར་བའི་སྣང་བརྙན་ སྐྱུགས་བྲོ་བ་ཞིག་རེད།
   རྣམ་རྟོག་ཅིག་དང་མཉམ་དུ་བརླན་བཤེར་བྲལ་བའི་སྡོང་སྐམ་ལྟ་བུའི་ལག་པས་ཡ་ཐོད་ཀྱིས་མདངས་ཉམས་པའི་ མིག་སྐྱིབས་མར་བཀབ། ཐག••••••ཐག••••••དུས་ཚོད་ཀྱི་ཐག་སྒྲ་དང་ཡ་ཆུང་གི་འཕར་ལྡིང་གཉིས་འགྲན་བསྡུར་བྱེད་པ་བཞིན་རྣ་ལམ་དུ་རིམ་བཞིན་གྲགས་འོངས། ཅུང་མ་འགོར་བར་ཁང་མིག་འདིའི་སྲུབས་ཀ་དག་ལས་གསལ་ལ་མི་གསལ་བའི་གནའ་བོའི་ཐང་ཆད་པའི་གླུ་སྐད་ཅིག་དང་རྐང་གླིང་གི་སྒྲ་ལྡོམ་པོ་ཞིག་ཁོའི་ཁང་མིག་འདིའི་ནང་དུ་ འཛུལ་ཡོང་། ཁོས་མྱུར་དུ་མགོ་བོ་ཡར་བཏེགས་ཏེ་ཕྱོགས་གཞིར་ལྟ་ཙམ་བྱས་པ་ན་རང་ཉིད་ཀྱི་ཁང་མིག་སྨིག་རྒྱུ་བཞིན་མི་མཐོང་བར་གྱུར་འདུག་ལ། ཁོ་རང་ཡང་འཇག་རྩྭའི་ཤུགས་གླུ་དང་དར་ལྕོག་གི་ཟག་སྒྲ། ད་དུང་ཁྭ་ཏའི་ཨག་སྐད་ སོགས་ཀྱིས་ཁེངས་པའི་གནའ་བོའི་དུར་ཁྲོད་ཅིག་ཏུ་སླེབས་འདུག ཁོས་མྱུར་དུ་ལག་མགོའི་ཆུ་ཚོད་ལ་ལྟ་ཙམ་བྱས་པ་ན་གསེར་སེང་རྟགས་ཅན་གྱི་དུས་ཚོད་དེ་སྔ་མོ་ནས་བསྡད་འདུག་ལ། ཁོའི་ཕུང་བོ་འདིའི་ཁྲག་གི་རྒྱུ་ལམ་དག་ཏུ་སྔར་ཚ་ལམ་ལམ་བཞུར་མྱོང་བའི་ཟུངས་ཁྲག་གི་རྒྱུ་བ་འགག་སྟེ་དགུན་ཁའི་ཆུ་ཕྲན་བཞིན་ཕྲ་ཕུང་དག་གི་ནང་དུ་ཁུ་སིམ་མེར་འདུག རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་སྔོན་གྱི་གླུ་སྐད་དེ་གནམ་སའི་ཁ་མཚམས་ནས་དལ་བུར་གྲགས་འོངས་མོད་ཉེ་འགྲམ་གྱི་དར་ལྕོག་གི་ཟག་སྒྲ་དང་འཇག་རྩྭའི་ཤུགས་གླུས་འབྲུ་གསལ་བོ་ཞིག་ཐོས་རྒྱུར་བར་ཆད་བཟོས།
“ལོ་ལོ་མ་ངུ་གཉིད་ལ་སྡོད།།
གཉིད་ལ་སྡོད་དང་རྟ་ཞིག་སྟེར།།
རྟ་ལ་སྒ་ཞིག་བསྟད་དེ་སྟེར།།
ལོ་ལོ་མ་ངུ་གཉིད་ལ་སྡོད།།
ནམ་མཁའི་སྐར་མ་འཛིན་ལ་སྟེར།།••••••”གསལ་ལ་མི་གསལ་བའི་གླུ་སྐད་དེ་ འཇག་རྩྭ་དང་དར་ལྕོག་གི་ཟག་སྒྲའི་བར་གསེབ་བརྒྱུད་ནས་ཁོའི་བེམ་པོ་འདིའི་ཕྲ་ཕུང་དག་གི་ནང་ལ་བཙན་གྱིས་ འཛུལ་བར་རྒོལ། དངོས་གནས་ལོ་ངོ་སྟོང་ཕྲག་ལྷག་གི་སྔོན་ཞིག་ནས་ངའི་ཕུང་བོ་འདིའི་ཕྲ་ཕུང་དག་གི་བར་གསེབ་ན་སྐུང་འདུག་པའི་ཁེར་རྐྱང་དང་སྡུག་བསྔལ་ཡོད་ཚད་ད་ལྟ་གདོད་མའི་གླུ་སྐད་འདི་དང་བསྡེབས་པས། མར་ཁུ་བཞིན་ཚོར་བ་དང་དབེན་པའི་ཡན་ལག་གི་སྣེ་མོ་ན་མར་འཛར་བཞིན་མཆིས། ད་ལྟ་ཁོའི་ཉམས་ལ་ཉེ་བའི་ཚེ་སྲོག་གཉོམ་པོ་དེ་དུར་ཐང་འདིའི་འཇག་རྩྭའི་བར་གསེབ་བརྒྱུད་ནས་སྐྱ་ཐང་ཐང་གི་ས་ངོས་དེར་ཡོངས་སུ་འབྱར་ཟིན་པའི་སྤྲོ་བ་ཞིག་ ངང་གིས་བྱུང་། འཇིག་རྟེན་འདིའི་ཡོད་ཚད་དབེན་པར་གནས་ལ་ཐ་ན་ཚེ་སྲོག་གི་འཕར་ལྡིང་དང་དར་ལྕོག་གི་ཟུག་སྒྲ། ཆུ་ཚོད་ཀྱི་ཐག་སྒྲ། དམག་འཁྲུག ནད་ཡམས་མུ་གེ་སོགས་ཡོད་ཚད་འཇིག་རྟེན་འདི་ལས་ངང་གིས་ཡལ།
“ལོ་ལོ་མ་ངུ་གཉིད་ལ་སྡོད།།
གཉིད་ལ་སྡོད་དང་རྟ་ཞིག་སྟེར།།
རྟ་ལ་སྒ་ཞིག་བསྟད་དེ་སྟེར།།
ལོ་ལོ་མ་ངུ་གཉིད་ལ་སྡོད།།
ནམ་མཁའི་སྐར་མ་འཛིན་ལ་སྟེར།།••••••”
    ཁོས་ལྡབ་ལྡིབ་ཀྱི་གླུ་སྐད་དེ་བསྐྱར་ཟློས་ཤིག་བྱས་པ་དང་ཆབས་གཅིག་མིག་ཆུའི་ཐིགས་པ་ཞིག་མཁུར་ཚོས་བརྒྱུད་ནས་དལ་བུར་མར་ལྷུང་ཞིང་དེ་དང་ལྷན་དུ་དམ་སྟོང་ཞིག་གི་མཐོ་ས་ནས་སར་ལྷུང་བའི་སྒྲ་ཆེན་པོ་ཞིག་གིས་ཁོར་ཡུག་དེའི་སྟོང་འཇགས་ཡོངས་སུ་བཅོམས། ཁོ་རང་ཐོག་མར་ཅུང་ཧད་པར་གྱུར་ཅིང་དེ་མུར་མགོ་བོ་ཡར་བཏེགས་ནས་བལྟས་ཙ་ན་ཨ་རག་དམ་བུ་དེ་སྒྲོག་ཙེ་ལས་སར་ལྷུང་འདུག་ལ་སྔར་གྱི་ཁང་མིག་དེའི་ནང་དུ་ལྡབ་འགྱུར་གྱི་ཆང་དྲི་ཞིག་འཐུལ་འདུག་པ་ལས་གཞན་ཅི་ཡང་མི་སྣང་། ལག་མགོའི་ཆུ་ཚོད་སྔར་བཞིན་ཐག་སྒྲས་ཁེངས་ཏེ་ཚེ་སྲོག་གི་འཕར་ལྡིང་ལ་འགྲན་བསྡུར་བྱེད་བཞིན་དུ་བསྐྱོད་ཀྱིན་འདུག
དངོས་གནས་ལོ་འདི་དག་གི་རིང་ལ་ཆུ་ཆོད་ཀྱི་མཆེ་བའི་བར་ནས་དོན་མེད་དུ་བཞུད་པའི་ཕུང་བོ་འདིའི་ཕྲ་ཕུང་དག་ད་ལྟ་རང་ཉིད་ཀྱི་དགྲ་ཟླར་གྱུར་ཏེ་ཕྱིར་འདང་དང་ཁེར་རྐྱང་གི་འཚོ་བའི་ཁྲོད་རང་ཉིད་ཀྱི་སེམས་ཁམས་ལ་ན་ཟུག་ཟུག་ཡང་ཡང་བཟོས།
    མདངས་ཉམས་པའི་མིག་ཟུང་གིས་མདུན་ཕྱོགས་ཀྱི་མེ་ལོང་ངོས་ཀྱི་རང་ཉིད་ལ་ཡང་བསྐྱར་ཞིབ་ལྟ་བྱས། ཁོའི་ལུས་ཀྱི་ཕྱེད་ཀ་དར་ལྕེ་བཞིན་ཟད་ཚར་ཅིང་གདོང་གི་གཉེར་རིས་ཀྱང་ཇེ་ཟབ་དུ་སོང་འདུག ཡ་ང་བའི་རང་ཉིད་ཀྱི་སྣང་བརྙན་དེ་མཐོང་བ་བརྒྱུད་ནས་སེམས་ལ་ན་ཟུག་བསྲོན་ཐབས་བྲལ་བ་ཞིག་བྱུང་ཞིང་རང་དབང་མེད་པར་ཁོས་ཁུ་ཚུར་དམ་པོར་བཅིངས་ནས་མེ་ལོང་ངོས་སུ་ཐེངས་ཤིག་གཞུས། 
   ཅུང་མ་འགོར་བར་ལག་མགོ་ནས་ཁྲག་ཐིགས་སར་ལྷུང་བའི་སྒྲ་ཞིག་ཁང་མིག་འདིའི་མཁའ་དབུགས་ནང་རིམ་བཞིན་ཁྱབ།
“འགྱུར་མེད། ཁྱེད་ཀྱི་ཁ་པར།”ཁང་བའི་ཕྱི་རོལ་ནས་ཁྱིམ་མཚེས་ཚང་གི་སྦྱིན་བདག་མས་སྐད་འཛེར་བའི་ངང་དེ་ལྟར་བོས་བྱུང་། ཁོས་མྱུར་དུ་སྟེང་ལ་སྙན་ཚིག་གཅིག་ཀྱང་འབྲི་ཐུབ་མེད་པའི་ཤོག་དཀར་ཞིག་གིས་ཁྲག་གིས་བརྫིས་འདུག་པའི་ལག་པ་བཀབ་རྗེས་ཀྱིམ་མཚེས་ཚང་ལ་ཁ་པར་ཉན་ཏུ་སོང་།
“ཨ་རོགས་ཁྱེད་སུ་ཡིན་ནམ། འོ། ཅུའུ་ཀྲང་ཡིན་ནམ།”
“ཝ་ཡེ། འགྱུར་མེད། ཁྱོད་རང་གཟའ་འཁོར་གཅིག་ལ་ལས་ཁུངས་ནང་མ་ཡོང་བ་ཅི་ཡིན། ཕྱི་ཉིན་ཉི་རྩེ་དང་མཉམ་དུ་ངའི་གཞུང་ལས་ཁང་དུ་སྐྱོན་བརྗོད་ཡི་གེ་ཁྱེར་ཤོག”
ཁོས་ཅི་ཡང་མི་སྨྲི་བར་ཁ་པར་རྣ་རྩར་བཞག་ནས་ཅུང་ཧད་དེ་བསྡད། ཁྲག་ཐིགས་གཅིག་ལག་པའི་མཛུབ་མོའི་བར་གསེབ་ནས་འཛུམ་ཏེ་ཁ་པར་སྟེང་ལ་ལྷུང་ཞིང་ཁོའི་སྣང་ངོར་ཁྲག་ཐིགས་དེ་ནི་སེམས་གཏིང་ནས་ལྷུང་བའི་ཚོར་བ་ཞིག་སྐྱེས།
   ཟླ་འོད་གཉོམ་པོ་ཞིག་གི་ཁང་མིག་འདིའི་སྒེའུ་ཁུང་བརྒྱུད་ནསཁོའི་མིག་ནང་ནས་འཐོར་ཏེ་སྔས་འགྲམ་དུ་རེ་རེ་བཞིན་ལྷུང་འགོ་བརྩམས། རྣ་ལམ་དུ་ད་དུང་ཁྱིམ་མཚེས་ཚང་གི་བདག་མོའི་ཁོང་དགོད་དང་མགོ་ཁྲིད་ཀྱི་དམོད་མོ། ད་དུང་དར་ལྕོག་གི་ཟག་སྒྲ་སོགས་ཀྱིས་བཟོས་པའི་མནར་གཅོད་ཁོ་ན་ལས་མི་འདུག། ཁོས་ཟླ་འོད་ཁྲོད་ལག་པ་འདར་འདར་གྱིས་རང་ཉིད་ཀྱི་ཕུང་བོ་འདིར་རེག་ཙམ་བྱས་པ་ན་རང་ཉིད་ཀྱི་ཕྱེད་ཀ་སྔར་བཞིན་མི་སྣང་བར་གྱུར་འདུག་ལ་ཤུལ་དུ་སྡུག་བསྔལ་དང་ཁེར་རྐྱང་གིས་གྲུབ་པའི་ཆ་མི་ཚང་བའི་ཕུང་བོ་ཞིག་ལུས་འདུག
“ལོ་ལོ་མ་ངུ་གཉིད་ལ་སྡོད།།
གཉིད་ལ་སྡོད་དང་རྟ་ཞིག་སྟེར།།
རྟ་ལ་སྒ་ཞིག་བསྟད་དེ་སྟེར།།
ལོ་ལོ་མ་ངུ་གཉིད་ལ་སྡོད།།
ནམ་མཁའི་སྐར་མ་འཛིན་ལ་སྟེར།།••••••”
ཟླ་འོད་གཉོམ་པོ་དེ་དང་བསྡེབས་པའི་གནའ་བོའི་གླུ་སྐད་དེ་ཡང་བསྐྱར་ཁང་མིག་འདིའི་ནང་དུ་འཁྱིལ་བྱུང་། ཁོས་མྱུར་དུ་སྒེའུ་ཁུང་ཕྱི་རོལ་ཏུ་བལྟས་པ་ན་མིག་ལམ་དུ་ཆ་རྒྱུས་ཡོད་པའི་དུར་ཁྲོད་དེའི་སྣང་བརྙན་མངོན་བྱུང་མོད། ཡ་མཚར་བ་ཞིག་ལ་དུར་ཁྲོད་དེའི་དེའུ་འབུར་ཆུང་ངུ་ཞིག་གི་སྟེང་དུ་གཞོན་ནུ་མ་ཞིག་གི་པང་དུ་བྱིས་པ་དམར་འབྱར་ཞིག་བཟུང་སྟེ་སྐྱོ་ཉམས་ཤིག་གིས་བྱིས་པའི་གདོང་ལ་ཅེར་ནས་བསྡད་འདུག ཚགས་དམ་པའི་སྐྲའི་ལན་བུ་དང་བབ་ཆགས་ཀྱི་གོས་ལྭ། སྐྱོ་ཉམས་ཀྱིས་ཁེངས་པའི་མིག་ཟུང་མཐའ་དག་དེ་འདྲའི་ཡིད་སྨོན་འཆོར་བ་ཞིག་རེད། ཁོས་མྱུར་དུ་བུད་མེད་དེ་དང་འཕྲད་འདོད་ཀྱི་འདུན་པ་ཞིག་ཁང་བའི་ཕྱི་རོལ་ཏུ་འབུད་འགོ་བརྩམས་མོད། འོན་ཀྱང་ཁོའི་མིག་ལམ་གྱི་ཡོད་ཚད་རྟོག་བཏགས་དང་འཕྲུལ་སྣང་གི་འཇིག་རྟེན་ཞིག་ཡིན་པའི་ཚོར་སྣང་ཞིག་སྐྱེས།
“ཝ་ཡེ། ཆ་མི་ཚང་བའི་མི། ཁྱེད་ཀྱི་ཕྱེད་ཀས་ང་རང་ལ་འདུག་རོགས་བྱས་ཏེ་གནའ་བོའི་དུར་ཁྲོད་འདི་ནས་ལོ་ངོ་སྟོང་ཕྲག་ལྷག་འདས་སོང་། ད་ལྟ་ཁྱེད་རང་དུར་ཁྲོད་འདི་རུ་ང་འཚོལ་དུ་ཡོང་བ་ཨེ་ཡིན”མདུན་ཕྱོགས་ཀྱི་བུད་མེད་དེ་ཡར་ལངས་ནས་ཁོ་རང་ལ་དེ་ལྟར་དྲིས་བྱུང་། ཁོས་ཁོ་མོར་ལན་ཇི་ལྟར་གདབ་དགོས་པ་པའང་མ་ཤེས་པར་ཧད་དེ་ལུས། དལ་བུར་ལྡང་བའི་བསིལ་རླུང་གིས་ཁོ་མོའི་སྐྲའི་ལན་བུ་དང་སྐ་རགས་ཀྱི་སྣེ་མོ་འགུལ་ཙམ་བྱས་པས་ཁོ་མོར་སྔར་ལས་ལྷག་པའི་མཛེས་ཉམས་ཤིག་ཤར། ཁོའི་སྣང་ངོར་དབྱངས་ཅན་མའི་ཞལ་གཟུགས་དངོས་སུ་མཐོང་བྱུང་བའི་ཚོར་བ་ཞིག་ཀྱང་ངང་གིས་བྱུང་།
“ང••••••ང་རང་ཆ་མི་ཚང་བ་ཁྱོད་ཀྱིས་ཇི་ལྟར་ཤེས། དུས་རྒྱུན་མི་རྣམས་ཀྱིས་ང་རང་ལ་སྨྱོན་པ་ཞེས་མཐོང་ཆུང་བྱེད་པ་ལས་ང་རང་ཆ་མི་ཚང་ཞེས་པའི་སྐད་ཆ་ཞིག་གཏན་ནས་བརྗོད་མྱོང་མེད། ”ཁོས་རྟབ་རྟབ་པོརམགོ་རྔ་མེད་པའི་སྐད་ཆ་དེ་བཤད།
“ཁྱོད་ཀྱིས་གླུ་སྐད་དང་རང་དབང་། བརྩེ་དུང་ཡོད་ཚད་གདོད་མ་ནས་དུར་ཁྲོད་འདི་ནས་དུར་དུ་སྦས་ཟིནཔས་ཁྱེད་རང་ཆ་མི་ཚང་། ”ཞེས་བཤད་ཞོར་མིག་ཟུང་གི་མགོ་ཐོག་ན་ལྷབ་ལྷབ་ཏུ་བསྐྱོད་བཞིན་པའི་དར་ལྕོག་གི་འགུལ་སྟབས་ལ་བལྟས། ཁོས་ཀྱང་བུད་མེད་འདིའི་མིག་ཞགས་ཀྱི་རྗེས་བསྙེགས་ཏེ་ཁ་གཏད་ཀྱི་དར་ཤིང་དེར་ཞིབ་ལྟ་ཞིག་བྱས། སྡོང་སྐམ་མཐོན་པོ་ཞིག་གི་རྩེ་མོ་ན་རྙིང་རལ་དུ་གྱུར་བའི་དར་ལྕོག་ཞིག་ས་སྒང་འདིའི་ཆར་རླུང་གི་ཁ་གཏད་དུ་ལངས་འདུག ཁོའི་ཚོར་བ་ཞིག་ལ་ཁོ་གཉིས་ཀྱི་མིག་ཞགས་འཕང་བ་དང་མཉམ་དུ་དར་ལྕོག་གི་ཟག་སྒྲ་སྔར་ལས་ཇེ་ཆེར་གྱུར་ཅིང་དར་ཤིང་འདིའི་རྩེ་མོ་ཇེ་རིང་དུ་སོང་།
“འདི་འདྲའི་རྙིང་རལ་དུ་གྱུར་པའི་དར་ལྕོག་དུས་ནམ་ཞིག་ལ་གནས་འདི་རུ་བཙུགས་པ་རེད”ཁོས་ཡ་མཚར་བའི་ངངདེ་ལྟར་དྲིས།
“ལོ་རྒྱུས་ཀྱི་དེབ་ཐར་ལས་ཤེས་གསལ་ལྟར་ན། དར་ཤིང་འདི་ནི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་གནས་འདི་རུ་བཙུགས་ལ་སྐབས་དེ་ནས་བཟུང་གནས་འདི་དུར་ཁྲོད་ཅིག་ཏུ་གྱུར། ཁྱོད་ཀྱི་ཕྱེད་ཀའང་དུས་དེ་ནས་བཟུང་དར་ཤིང་འདིའི་འོག་ཏུ་སྦས་ཟིན།”དར་ལྕོག་གི་ཟག་སྒྲའི་ཁྲོད་ཁོ་མོས་སྐྱོ་ཉམས་ཀྱི་ཟུང་གིས་ཁོའི་གདོང་ལ་ལྟ་ཞོར་དེ་ལྟར་ བཤད།
“ཨང་ང••••••ཨང་ང••••••”བྱིས་པའི་ངུ་སྐད་ཅིག་གིས་ཁོ་གཉིས་ཀྱི་ནང་སེམས་ཀྱི་སྡུག་བསྔལ་དང་སྐྱོ་ཉམས་མཐའ་དག་གློ་བུར་དུ་བཅོམས།
“ལོ་ལོ་མ་ངུ་གཉིད་ལ་སྡོད།།
གཉིད་ལ་སྡོད་དང་རྟ་ཞིག་སྟེར།།
རྟ་ལ་སྒ་ཞིག་བསྟད་དེ་སྟེར།།
ལོ་ལོ་མ་ངུ་གཉིད་ལ་སྡོད།།
ནམ་མཁའི་སྐར་མ་འཛིན་ལ་སྟེར།།••••••”
   ཁོ་མོས་ཡང་བསྐྱར་མགོ་བོ་སྨད་དེ་བྱིས་པའི་གདོང་ལ་ཅེར་ཞིང་སྐྲའི་ལན་བུའི་བར་གསེབ་ནས་གླུ་སྐད་དེ་གྲགས་འོང་། ཁོའི་མདུན་ཕྱོགས་ཀྱི་བུད་མེད་དེའི་གླུ་སྐད་དང་སྣང་བརྙན་མཐོང་བ་ལས་མིག་ཆུའི་ཐིགས་པ་ཞིག་སྐྱ་བོར་གྱུར་པའི་གདོང་གི་གཉེར་རིས་ཀྱི་བར་གསེབ་བརྒྱུད་ནས་སྐྱ་ཐང་ཐང་གི་དུར་ཐང་འདིའི་ས་ངོས་སུ་ལྷུང་། ཁོའི་སྣང་ངོར་ཐིགས་པ་འདི་ནི་ཧ་ཅང་ལྕི་ལ་ས་ངོས་འདིར་ལྷུང་བའི་ཆུ་ཐིགས་འགོ་མ་ཡིན་པའི་ཚོར་བ་སྐྱེས།
“བྱིས་པ་འདི་ངོ་མ་སྙིང་རྗེ་བོ་ཞིག་འདུག ཁོའི་ཨ་ཕ་སུ་རེད” “བྱིས་པ་དེ་ཨ་ཕ་སུ་ཡིན་པ་ངས་ཀྱང་བཤད་དཀའ། དེ་ནི་ལོ་ངོ་སྟོང་ཕྲག་སྔོན་གྱི་མཚན་མོ་ཞིག་ལ་བྱུང་བའི་གཏམ་རྒྱུད་ཅིག་གི་འབྲས་བུ་རེད། ངས་དུར་ཐང་འདི་རུ་བྱིས་པ་འདི་བསྐྱངས་ནསལོ་ངོ་སྟོང་ཕྲག་ཙམ་འདས་མོད། ཁོ་རང་དངོས་ནས་ནར་སོན་རྒྱུ་མི་འདུག ད་དུང་ངའི་པང་གི་མཛོད་ཁུག་འདི་ལས་སྒོར་འབུད་རྒྱུ་མེད”ཅེས་བཤད་ཞོར་ལ་ཚིལ་དྲེག་གིས་ཟིན་པའི་མཛོང་ཁུག་དེ་ཡར་བཀྱག་ནས་བྱིས་པའི་གདོང་ལ་འོ་ཞིག་བྱས།
ཁོ་ཡ་མཚར་བའི་ངང་ཁོ་མ་སྨད་གཉིས་ཀྱི་གམ་ལ་བཅར་ནས་བྱིས་པ་དེར་ཞིབ་ལྟ་ཞིག་བྱས། པགས་སློག་མཐུག་པོ་ཞིག་གིས་བཟོས་པའི་མཛོང་ཁུག་གི་སྤུའི་གསེབ་ཏུ་སྐྲ་མཚམས་དཀར་པོར་གྱུར་ཅིང་གདོང་ལ་གཉེར་མས་ཁེངས་པའི་བགྲེས་པོ་ཞིག་གི་ངོ་གདོང་མཐོང་བྱུང་། རྨི་ལམ་དང་བདེན་པ་གང་ཡིན་ཆ་མ་འཚལ་བའི་རྣམ་རྟོག་ཅིག་གིས་བུད་མེད་དེའི་གདོང་ལ་ཡང་བསྐྱར་ཞིབ་ལྟ་ཞིག་བྱས། བུད་མེད་དེ་སྔར་བཞིན་མིག་ཟུང་ལ་སྐྱོ་ཉམས་ཀྱིས་ཁེངས་ཤིང་ལྷབ་ལྷབ་ཏུ་སྐྱོད་བཞིན་པའི་དར་ལྕོག་དེ་ཅེར་འདུག
“ཁྱེད་རང་ཨ་མས་བཟོས་པའི་མཛོང་ཁུག་ནང་དུ་ལོ་ངོ་སྟོང་ཕྲག་ལྷག་འདས་ཟིན་ཡང་ཅིའི་ཕྱིར་ད་དུང་མཛོང་ཁུག་དེ་མི་འདོར་བ་ཡིན།”
“ང་རང་ཁྱེད་ཡོངས་སའི་དུར་ཐང་གཞན་དེ་ལ་འཇིགས་པ་ཡིན། ”ཞེས་བཤད་ཞོར་འཛུབ་མོ་ཐུང་ངུ་དེ་འབག་བཙོག་དུ་སོང་བའི་བ་སྤུའི་གསེབ་ནས་བསྲིངས་དེ་ཁོའི་ལྟག་རྒྱབ་དུ་ཀེར་བྱུང་། ཁོ་མོ་མྱུར་དུ་ཁ་ཕྱིར་འཁོར་ནས་རང་ཉིད་ཀྱི་ལྟག་རྒྱབ་ཏུ་བལྟས་པ་ན་གནམ་མཐའི་མཚམས་སུ་དལ་བུར་ལྡང་བའི་མཚམས་སྤྲིན་དམར་པོ་ཞིག་མཐོང་ལ་དེའི་འོག་ཏུ་རྡོ་དང་རྣོ་ལྕགས་ཀྱིས་གྲུབ་ཅིང་གསོན་ཤུགས་ལྡན་པའི་གྲོང་ཁྱེར་ཞིག་མཐོང་།
“དེ་ནི་དེང་རབས་ཀྱི་གྲོང་ཁྱེར་ཞིག་ཡིན་པ་ལས་དུར་ཐང་ཞིག་མ་རེད།” “ཁྱེད་ཀྱིས་གསལ་བོར་ལྟོས་དང་དེ་ནས་མཐོང་ཐུབ་པ་ནི་འཕྲུལ་འཁོརགྱིས་བཟོས་པའི་མི་ཡིན་པ་ལས་བརྩེ་དུང་དང་རང་དབང་། གླུ་སྐད་ལྡན་པའི་མི་ཞིག་གང་ན་འདུག”
“འོ་ན་ང་རང་ཡང་འཕྲུལ་འཁོར་ཞིག་ཡིན་ནམ”
“ཁྱེད་ལའང་དེ་ལྟར་བཤད་ན་འོས་འཚམ་པོར་འདུག ཕྱེད་ཀ་གདོད་མ་ནས་དུར་ཐང་འདི་ནས་བོར་ཟིན་ལ་ཤུལ་དུ་ལུས་ཡོད་པའི་ཁྱེད་རང་ཡང་འཕྲུལ་འཁོར་ཞིག་ཏུ་འགྱུར་བཞིན་ཡོད།”
ཁོ་ལ་སྐྲག་སྣང་ཞིག་སྐྱེས་ཏེ་རང་ཉིད་ཀྱི་ལུས་སྟེང་ལ་ཞིབ་ལྟ་ཞིག་བྱས་པ་ན་རྐང་བ་ཡ་གཅིག་པོ་དེའང་མདོག་དམར་པོའི་འཕྲུལ་འཁོར་ཞིག་ཏུ་གྱུར་འདུག་ལ་ལན་རེར་འཕྲུལ་འཁོར་དེའི་སྒྲ་སྣ་ཚོགས་ཀྱང་ཐོས་ཐུབ། ཁོའི་སེམས་ལ་སྔར་ལས་ལྷག་པའི་ན་ཟུག་ཅིག་བྱུང་། དེ་མུར་མདུན་ཕྱོགས་ཀྱི་བུད་མེད་དེ་དང་དེའི་པང་གི་ཕྲུ་གུ་དེ་མི་སྣང་བར་གྱུར། མིག་ལམ་དུ་མངོན་ཡོང་བ་ནི་འཇག་རྩྭའི་ཤུགས་གླུ་དང་ཁྭ་ཏའི་ཨག་སྐད། དར་ལྕོག་གི་ཟག་སྒྲས་ཁེབས་པའི་སྔོན་གྱི་དུར་ཐང་དེའི་སྣང་བརྙན་རེད། ཁོའི་མིག་ལམ་དུ་འཕྲུལ་སྣང་དང་རྟོག་བཏགས་ཀྱིས་བཟོས་པ་ལྟ་བུའི་འཇིག་རྟེན་དེ་ཡོད་ཚད་མཐོང་བས་ཅུང་ཧད་དེ་ལུས།
“ལོ་ལོ་མ་ངུ་གཉིད་ལ་སྡོད།།
གཉིད་ལ་སྡོད་དང་རྟ་ཞིག་སྟེར།།
རྟ་ལ་སྒ་ཞིག་བསྟད་དེ་སྟེར།།
ལོ་ལོ་མ་ངུ་གཉིད་ལ་སྡོད།།
ནམ་མཁའི་སྐར་མ་འཛིན་ལ་སྟེར།།••••••”
  རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་གནམ་སའི་ཁ་མཚམས་ནས་ཡང་བསྐྱར་གླུ་སྐད་དེ་གྲགས་བྱུང་ལ་གླུ་སྐད་དེ་རིམ་བཞིན་བསིལ་རླུང་དང་བསྡེབས་ནས་ཁོ་རང་དང་རྒྱང་ཐག་ཇེ་རིང་དུ་སོང་། རྣ་ལམ་དུ་རིམ་བཞིན་ཇེ་གསལ་དུ་འགྲོ་བཞིན་པ་ནི་སྔར་གྱི་དར་ལྕོག་དེའི་ཟག་སྒྲའི་ཁྲོད་གྲགས་ཡོང་བའི་ཆ་རྒྱུས་ཡོད་པའི་ངུ་སྐད་ཅིག་རེད། ཁོའི་མྱུར་དུ་མགོ་བོ་མཐོན་པོར་བཏེགས་ཏེ་ཕྱོགས་བཞིར་ལྟ་ཙམ་བྱས་པ་ན་ངུ་སྐད་དེ་མ་གཞི་དར་ཤིང་མཐོན་པོ་དེའི་འོག་ཏུ་གྲགས་ཀྱིན་འདུག་ལ་ངུ་སྐད་དེ་རང་ཉིད་ཀྱི་ཕྱེད་ཀ་ཡིན་པའང་གཞི་ནས་ཚོར། ད་ལྟ་ཁོའི་ལུས་སྟེང་ནས་སྡོང་སྐམ་ལྟ་བུའི་ལག་པ་ཡ་གཅིག་པོ་དེ་ལས་དུར་ཐང་འདི་སློག་བྱེད་ཀྱི་ཡོ་བྱད་གཅིག་ཀྱང་མི་འདུག ཁོས་མིག་ཆུའི་ཐིགས་པ་ཞིག་ཡང་བསྐྱར་སྐྱ་ཐང་ཐང་གི་ས་ངོས་གཏོར་བ་དང་ལྷན་དུ་ལག་པ་ཡ་གཅིག་པོ་དེས་དུར་ས་འདི་སློག་མགོ་བརྩམས། སྔ་མོའི་ཉི་རྩེ་ཁོའི་ཁང་མིག་ནང་དུ་ཤར་ཏེ་ཡུན་རིང་འགོར་མོད། ཁོའི་ཁང་མིག་འདིའི་སྒོ་ད་དུང་དམ་པོར་གཏན་འདུག ཀློག་མཁན་རྣམ་པ། སྙན་ངག་པའམ་ཡང་ན་དུར་སློག་མཁན་འདིའི་འཚོ་བའི་ཟུར་ཙམ་ཤོག་དཀར་ངོས་སུ་བཀོད་ཚར་མོད། མདང་དགོང་གི་རྨི་ལམ་ལྟར་ན་ཁོ་བོ་ཇོ་མོ་གླིང་མའི་རི་རྐེད་ཀྱི་གངས་ཆར་དང་ཉི་འོད་ལ་རོལ་བཞིན་པའི་མེ་ཏོག་གངས་ལྷ་ཞིག་ཏུ་གྱུར་འདུག
འདུ་འཛིས་ཁེངས་པའི་གྲོང་རྡལ་དམར་པོ་འདིའི་དེ་རིང་གི་གསར་འགྱུར་ནི་ “མདང་དགོང་ཆང་རྐྱལ་འགྱུར་མེད་རང་ཉིད་ཀྱི་ཁང་མིག་ནང་ཤི་འདུག”ཅེས་པ་དེ་རེད། །


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།



རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-04-17 ལྟ་ཀློག (6126)