གངས་སེང་འཚོལ་བ།

གངས་སེང་འཚོལ་བ།

རྒྱ་གྲོལ།

    གངས་སེང་ནི་བོད་མི་རིགས་ཀྱི་བསམ་བློའི་ནང་གོ་གནས་ཆེན་པོ་ཞིག་བཟུང་ཡོད་པའི་ཁར་རིག་གནས་དང་སྤྱི་ཚོགས་ལ་ཡང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད། གནད་དོན་གཙོ་བོ་ནི་གངས་སེང་དང་གངས་རིའི་བར་གྱི་འབྲེལ་བ་ཡིན་ལ་དེས་བོད་མི་རིགས་ཀྱི་དཔའ་བ་དང་སྤོབས་པ་མཚོན་པས་ཡིན་ཏེ། སྲོག་ཆགས་གཞན་འཚོ་དཀའ་བའི་གངས་རིའི་ཁྲོད་དུ་འཚོ་ཞིང་རོལ་བ་མ་ཟད། འཇིགས་པ་མེད་པའི་ང་རོ་སྒྲོག་པ་སོགས་ཀྱིས་སོ།།

འོ་ན་གངས་སེང་ཡོད་དམ་མེད་ཅེ་ན། སྔོན་མཁས་པ་སུ་ལ་ཡང་དེ་ཡོད་མེད་ཀྱི་དོགས་པ་མ་སྐྱེས་ལ། སྐྱེས་བོ་སུས་ཀྱང་གངས་སེང་མེད་ཅེས་གསུངས་མ་མྱོང༌། རྒྱུ་མཚན་ནི་གངས་སེང་ནི་བོད་མི་རིགས་ཀྱི་བསམ་བློའི་འཁྱེར་སོ་དང་ཡོངས་སུ་མཐུན་པ་སྟེ། བྱིས་པ་ཚུན་ཆད་ཀྱི་ངག་ན་སེང་གེ་དཀར་མོ་གངས་ནས་འགྱིང་ན་གངས་རིའི་རྒྱན་ཆ་དང༌། ཁྱི་རྒན་ལྡ་ལི་སྲང་ནས་རྒྱུགས་ན་རྡོ་ལོག་འཕེན་ས་ཡིན། ཞེས་སོགས་གངས་སེང་དང་འབྲེལ་བའི་གླུ་དང༌། གཏམ་དཔེ་ཡང་ཤིན་ཏུ་མོད་པས་སོ།།

དེ་ལྟ་ན་ཡང༌། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། རྒྱ་གཞུང་མང་བོར་དཔྱད་ནས་གངས་སེང་ཞེས་པ་གངས་ཅན་རི་དང་ཉེ་བའི་ནགས་ཀྱི་སེང་གེ་ཡིན་པ་ལས་གངས་རིའི་ཁྲོད་ཀྱི་སྲོག་ཆགས་ཤིག་མིན་པར་འདོད་ཚུལ་བཏོན་པ་ལ་བརྟེན་ནས“གངས་སེང་ཡོད་མེད་ཀྱི་རྩོད་པ་ཐོན་ཞིང་དེ་ནི་སྲོག་ཆགས་ཤིག་ཡོད་མེད་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་བསམ་བློའི་འཁྱེར་སོའི་གྲུབ་ཆ་ཞིག་ཡོད་མེད་ལ་ཐུག་ཡོད།

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་བཞེད་ཚུལ་ལྟར་ན་གངས་རིའི་ཁྲོད་ཀྱི་མི་རིགས“གངས་མི”ཡིན་པ་སྨོས་མེད་ཡིན་ལ་མི་རིགས་གཞན་པས་ང་ཚོར་དེ་ལྟར་འབོད་ཀྱང་རུང་མོད། ང་ཚོས་རིག་གནས་འདུ་ཤེས་འཁྱེར་སྟངས་ལ་བལྟས་ན“གངས་མི”ནི་ངེས་པར་གངས་རིའི་ཁྲོད་དུ་གནས་པ་ཞིག་སྟེ“གངས་གཡག”དང“གངས་སྦལ” “གངས་བྱིའུ”སོགས་ཀྱང་དེ་ལས་མ་འདས། འོན་ཀྱང་མི་འདྲ་ས་ཞིག་ནི་དེ་ཚོ“གངས་སེང”ལྟར་བོད་མི་རིགས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་ཐད་ནས་གནས་བབས་ཆེན་པོ་ཟིན་མེད།

བོད་ཀྱིས་གངས་སེང་ལ་དོ་སྣང་བྱེད་པ་བཞིན་དུ་འཛམ་གླིང་གི་མི་མང་བོས“གངས་མི”ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་དེ་ཧྥ་རན་སིའི་སྤྱི་ཚོགས་རིག་པ་བ་ཨོ་ཕི་ཚིས奥皮兹“གངས་མི”ཡོད་ཀྱང༌། སུས་ཀྱང་མཐོང་མི་སྲིད་ཟེར།1966ལོར་འབྲུག་རྒྱལ་བོས“གངས་མིའི”གཟུགས་རིས་བཀོད་པའི་སྦྲག་ཡིག་ཅིག་བཀྲམ་པ་ལ་བརྟེན་ཚང་མས་དབང་མེད་དུ་བསམ་གཞིག་གནང་དགོས་བྱུང༌།

རྗེས་སུ“གངས་མི”དངོས་མཐོང་བའི་མི་ཞིག་བྱུང་བ་ནི་དབྱི་ཏ་ལིའི་རི་འཛེགས་པ་གྲགས་ཅན་འཚོལ་ཞིབ་པ་མེ་སུ་ནི་ཡིན་ཏེ་ཁོང་གིས་དེ་ནི་མི་དང་གཏན་ནས་མི་འདྲ་ཟེར། ཁོས་ད་དུང་མཐོ་ཚད་མཚོ་ངོས་ལས་མུས8000ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་གངས་མི་ལ་འཕྲད་པ་མ་ཟད་པར་ཡང་བརྒྱབས་ཡོད་ཟེར། ཁོང་གིས་ད་དུང་ཨོ་ཏི་ལིའི《གསར་འགྱུར་གཟའ་དེབ》སྟེང་རྩོམ་ཡིག་སྤེལ་ནས་གངས་མི་ནི་གདོད་མའི་མི་ཞིག་དང་འདྲ་བར་ད་ལྟ་རྩ་མེད་དུ་སོང་སྙམ་པ་ནི་འཁྲུལ་བ་ཡིན། ལོ་བཅུའི་སྔོན་དུ་ངས་དེ་སྲོག་ཆགས་ཤིག་ཡིན་པར་འདོད་དེ་ད་ནི་བདེན་དཔང་རྙེད་ཅེས་གསུངས།

ཁོང་གིས་ལོ་བཅུ་གཅིག་རིང་ལ་གངས་མི་བཙལ་ཏེ་དཔར་དུ་ཕབ་པ་དང༌། བརྙན་འཕྲིན་དུ་བླངས་པ་སོགས་ཀྱིས་ཞིབ་འཇུག་བྱས་པ་ལ་བརྟེན་ནས་འདི་ལྟར་བཤད་དེ་ཁོའི་མཐོ་ཚད་མུས2.2དང་ལངས་ནས་འགྲོ་ཐུབ་པ་དང་ལུས་སྟེང་གི་སྤུ་དམར་བོ་དང་རིམ་བཞིན་ཇེ་ནག་ཏུ་སོང་ཞིང་ལོ་ལོན་པ་དང་བསྟུན་དཀར་བོར་འགྱུར་ཞིང༌། ལོ25འམ་ཡང་ན30གསོན་ཐུབ་ཅིང་མིག་སྔར་ཧི་མ་ཡའི་རི་རྒྱུད་དུ་ཕལ་ཆེར་འདི་འདྲ་བའི“གངས་མི”སྟོང་ལྷག་ཡོད་ངེས་ཟེར་ཞིང་འཛམ་གླིང་ཟླུམ་པོའི་སྟེང“གངས་མི”ལ་ཞིབ་འཇུག་གི་གནས་ཚུལ་གསར་དུ་འགོ་བརྩམས་པ་རེད།

“གངས་སེང”ཡང“གངས་མི”ལྟར་བཙལ་ནས་རྙེད་ཐུབ་པ་ཡིན་ནམ། ང་ཚོས་སུས་ཀྱང“གངས་སེང”བཙལ་མ་མྱོང་ལ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་ཡིག་ཐོག་ནས་བསམ་གཞིག་གནང་བ་ཙམ་ལས“གངས་སེང”འཚོལ་ཕྱིར་གོམ་པ་གང་ཡང་སྤོས་མེད། དེའི་ཕྱིར་ཚངས་དབྱངས་རྒྱ་མཚོས“གངས་སེང”མཐོང་བ་ནི་བསམ་གྱིས་མི་ཁྱབ་བར་ཁ་གཡར་ནས་གཡོལ་རྩིས་བྱས་མོད། ཚངས་དབྱངས་རྒྱ་མཚོ་ལག་རྟེན་བཟུང་ནས་གངས་ཁྲོད་དུ་གོམ་པ་སྤོ་བཞིན་སོང་བ་ལས་འཕུར་བ་མིན་པས་བསམ་གྱིས་མི་ཁྱབ་པའི་དོན་ཅི་ཡང་མེད །འོན་ཀྱང༌། དགེ་འདུན་ཆོས་འཕེལ་གྱི་རྗེས་སུ་གཡམ་ལ་རྒྱུགས་ཤིང་ཆོས་ལུགས་ཁས་མི་ལེན་པའི་ན་གཞོན་དག་གིས་འདི་ལ་ཇི་ལྟར་འགྲེལ་བ་བྱེད་དམ།

ཚངས་དབྱངས་རྒྱ་མཚོས“གངས་སེང”མཐོང་བ་བཞིན་ད་ལྟའང་སྐྱེས་བོ་ཕལ་བས་གངས་རིའི་ཁྲོད་ནས“གངས་སེང”མཐོང་བའི་གནས་ཚུལ་ཤིན་ཏུ་མོད་ཅིང་“གངས་སེང”ཡང“གངས་མི”ལྟར་ཉིན་མོ་གཉིད་ཅིང་མཚན་མོར་གཟན་ལ་འདུར་བ་ཞིག་ཡིན་ན་དུས་རྒྱུན་དུ་མཐོང་དཀའ་བ་ནི་སྨོས་མེད་ཡིན་མོད་ཆེས་ཕངས་པ་ནི“གངས་སེང”རྙེད་དཀའ་བ་དེ་མིན་པར་ང་ཚོའི་ཁྲོད་དུ“གངས་སེང”འཚོལ་བའི་མི་སྙིང་སྟོབས་ཅན་མེ་སུ་ན་ལྟ་བུ་ཞིག་མ་བྱུང་བར་ཡིག་ཐོག་ནས་རྩོད་པས་ཉིན་མོ་གཏོང་བ་དང་ལྷག་པར་དེང་གི་ན་གཞོན་མང་བོ་ཞིག་ནི་ཆོས་ཐམས་ཅད་སྒྱུ་མ་ཟེར་བའི་ཟླ་ལ་ཆོས་ཐམས་ཅད་ལོང་ག་ལྟ་བུ་ཟེར་བ་དེ་ཡིན་ནོ།།.

གལ་ཏེ། ང་ཚོས་རང་གི་ཚེ་སྲོག་དང་བདེ་བ་ཡོད་ཚད་བློས་བཏང་སྟེ་མི་ཚེ་གངས་ཁྲོད་དུ་འགྲིམ་ནས“གངས་སེང”འཚོལ་བའི་དབང་དུ་བྱས་ན“གངས་དྲེད”“གངས་གཟིག”སོགས་རྙེད་པ་བཞིན“གངས་སེང”ཡང་རྙེད་ཐུབ་པ་གདོན་མི་ཟའོ།།

འོན་ཀྱང་ང་ཚོས་གངས་སེང་འཚོལ་བ་ནི“གངས་སེང”གི་གཟུགས་བརྙན་ཙམ་མ་ཡིན་པར་གངས་སེང་གི་དཔའ་ངར་དང་ཞེ་སྤོབས་ཤེས་རབ་དག་ཡིན་ལ་དེ་མ་རྙེད་ན་ང་ཚོའི་མི་རིགས་སྲང་ནས་རྒྱུགས་པའི་ཁྱི་རྒན་ལྡ་ལི་ཞིག་དང་གཉིས་སུ་མེད་ཅིང༌། ད་ལྟའི་བོད་དུ་ཁྱི་རྒན་དེ་མང་དུ་འགྲོ་བ་འདི་ནི་བདེན་དཔང་གསར་བ་ཞིག་ཡིན་ནོ།།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-04-13 ལྟ་ཀློག (3874)