གངས་ལྗོངས་ཤེས་རིག་དར་སྤེལ་སློབ་གླིང་།


སློབ་གླིང་འདི་སྒྲུབ་མཁན་མཚམས་སྦྱོར།

     གཞན་ཕན་ལྷག་བསམ་དང་རིགས་ཞེན་སྙིང་སྟོབས་ཁོ་ན་ལས་ཅི་ཡང་མེད་པའི་གྲྭ་རྐྱང་འཇམ་དབྱངས་གྲགས་པ་ལགས་ནི་མདོ་སྨད་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་ཁོངས་གཏོགས་ཆོས་ཚ་འབྲོག་སྡེར་སྤྱི་ལོ་1981ལོར་སྐྱེས།ཆུང་དུས་སྡེ་བའི་སློབ་ཆུང་གི་སྒོ་ཐེམ་བརྒལ་ཏེ་གསལ་བྱེད་ཀྱི་དབྱངས་རྟ་གྱེར་ནས་ཤེས་རིག་གི་ལམ་དུ་གོམ་པ་དང་བོ་འདི་ནས་སྤོ་མགོ་བརྩམས།གོ་བཞི་ལོར་དྲིན་ཅན་ཕ་མའི་རེ་འདུན་ལྟར་དུ་འཁྱམ་རུ་དགོན་བཀྲ་ཤིས་དགེ་འཕེལ་གླིང་དུ་བསྟན་པའི་ཆོས་སྒོར་ཞུགས།  སྤྱི་ལོ་ཉིས་སྟོང་གསུམ་ལོར་ཤེས་རིག་གིས་དབུལ་བའི་ཕམ་ཁ་དང་དེས་བསྐྱེད་པའི་གདུང་ཡུས་མ་བཟོད་པར་རང་མོས་ལྟར་བོད་གངས་རིའི་ལྗོངས་ཀྱི་རིག་པའི་གདན་ས་ཆེན་མོ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་མི་ལོ་ལྔའི་རིང་དུ་ངེས་དོན་གྱི་མ་ཧྰ་པཎ་ཌི་ཏ། ཕྱི་ནང་གཙུག་ལག་རིག་གནས་མཐའ་དག་ཐུགས་སུ་བདོག་པའི་མཁས་པའི་དབང་བོ།   དོན་གྱི་དུ་སླད་དུ་མཚན་ནས་སྨྲས་ན་རྗེ་༧བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་དང་༧ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གཙོ་ཡིན་པའི་སློབ་གླིང་དེ་གའི་མཚན་ལྡན་དགེ་བའི་བཤེས་གཉེན་དག་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཅིང་འབད་འབུངས་དུ་མས་ཐོས་བསམ་ལ་བརྩོན་ཏེ་སྤྱི་ལོ་ཉིས་སྟོང་བརྒྱད་ལོར་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་ནས་སློབ་མཐར་ཕྱིན་ནས་ཕྱིར་རང་དགོན་དུ་ལོག ད་དུང་ཁོང་ལ་མུ་ནས་མུ་རུ་མཐུད་དེ་སློབ་སྦྱོང་ལ་བརྩོན་རྒྱུའི་ཐུགས་འདུན་མཆིས་མོད།  ཡིན་ན་ཡང་ཁོང་གིས་རང་མི་རིགས་ཀྱི་གཞོན་སྐྱེས་མང་བོ་ཞིག་གི་ལང་ཚོ་ཕྱུགས་རྗེས་དང་རི་ལུང་དུ་ཟད་ཅིང་རང་ཅག་གི་མེས་པོ་གོང་མའི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་རིན་ཐང་བྲལ་བའི་རིག་གཞུང་དག་ཀྱང་སྐྱ་ཟད་སྔོ་རྡིབས་ཀྱི་དུས་ཚིགས་ཤིག་དང་ཙག་རླུང་ཁ་ཆར་གྱི་དགུན་ཟླ་ཞིག་གིས་ཀུན་ནས་བསྐོར་ཡོད་པའི་ན་ཟུག་མ་བཟོད་པར་རང་གཅིག་པུའི་སློབ་གཉེར་གྱི་ཁེ་ཕན་ཡོངས་སུ་དོར་ནས་ཐེངས་གང་མང་ལ་དབྱར་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་བོད་ཀྱི་རིག་གནས་གཙོ་ཡིན་པའི་གསབ་སྦྱོང་འཛིན་གྲྭ་བསྒྲུབས་པར་རྒྱལ་གཉེར་སློབ་གྲྭའི་སློབ་མ་བརྒྱ་ཕྲག་མང་བོ་འདུས་པར་མ་ཟད་ནུས་པའང་རྒྱ་ཆེར་ཐོན་ཏེ།   དམའ་འབྲིང་དང་མཐོ་འབྲིང་།   སློབ་ཆེན་སོགས་ཀྱི་རྒྱུགས་ལ་ཞུགས་པར་ཡང་ཕན་འབྲས་མངོན་གསལ་བླངས།   དེར་མཐུད་རང་གི་ཉམས་མྱོང་དང་སྤོབས་པས་ཀུན་ནས་བསླངས་ཏེ་སྒེར་སྒྲུབ་སློབ་གྲྭ་ཞིག་གཉེར་རྒྱུའི་ཐུགས་འདུན་གྱི་མེ་ལྕེ་དགུང་དུ་མཆེད།

སློབ་གླིང་འདི་ཇི་ལྟར་བསྒྲུབས་པའི་སྐོར།

      དུས་རབས་ཉེར་གཅིག་པའི་བོད་ཀྱི་མཛངས་མི་རླབས་ཆེན།   ཡུལ་གངས་རིའི་ལྗོངས་ཀྱི་སློབ་གསོ་བ་ཆེན་མོ། སྐུ་དྲིན་གཞལ་ཐབས་བྲལ་བའི་སློབ་དཔོན་རིན་པོ་ཆེ་རྒན་༧འཇིགས་མེད་རྒྱལ་མཚན་མཆོག་ལ་བཀའ་འདྲི་ཞུས་ཤིང་རང་དང་བློ་སེམས་མཐུན་པའི་གྲོགས་པོ་ཆོས་ཚའི་རིན་ཆེན་རྒྱལ་སོགས་ཀྱི་རོགས་རམ་བརྒྱུད་བསྒྲུབ་འོས་པའི་སྲིད་གཞུང་གི་འགྲོ་ལུགས་མཐའ་དག་བསྒྲུབས་ཤིང་གཙང་མ་གཙང་རྐྱང་གི་ལྷག་བསམ་རྣམ་དག་ཅིག་ལས་ཅི་མེད་ཅང་མེད་ཀྱི་གྲྭ་རྐྱང་དབུལ་བོ་ཁོང་གིས་གང་ཡོད་དེ་ཡོད་ཀྱི་དཔལ་འབྱོར་འགྲོ་གྲོན་མ་ལུས་རང་སྟེང་ནས་བཏང་སྟེ་དཀའ་ཁག་འབད་བརྩོན་མང་བོ་ལུས་སེམས་གཉིས་མེད་ནས་བརྒྱུད་མཐར་ད་གཟོད་ཤེས་རིག་དར་སྤེལ་སློབ་གླིང་ཞེས་པའི་སློབ་གྲྭ་འདི་གྲངས་འབོར་གྱིས་གློ་སྙིང་འདར་བར་བྱེད་པའི་བོད་ཀྱི་ན་གཞོན་ཡིག་རྨོངས་པའི་སྡེ་(རྒྱལ་གཉེར་སློབ་གྲྭར་འགྲིམ་བཞིན་པ་དག་ཕུད།)ལ་ཁ་གཏད་དེ་དངོས་སུ་སྒྲུབ་འཛུགས་ཐུབ་སོང་།


སློབ་གླིང་འདིའི་ད་ལྟའི་གནས་བབ།

        དེ་ལྟར་སྤྱི་ལོ་ཉིས་སྟོང་དགུ་ལོའི་སྤྱི་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ཤེས་རིག་དར་སྤེལ་སློབ་གླིང་དངོས་སུ་དབུ་བརྙེས་པའི་མཛད་སྒོ་སྤེལ་བ་ཡིན་ལ་ཆེས་ཐོག་མར་སློབ་གྲྭ་འདིར་ཞུགས་པའི་སློབ་མ་ནི་རང་ས་གནས་ཁོ་ནའི་ན་གཞོན་ཉེར་དྲུག་ལས་མེད།འཛིན་གྲྭ་གསུམ་ཁོ་ནས་གྲུབ་ཅིང་འཛིན་གྲྭ་རེར་ཆ་སྙོམ་ཀྱིས་སློབ་མ་དགུ་རེ་ལའང་མི་འདང་བའི་གསར་ཞུགས་ཀྱི་ན་གཞོན་འདི་དག་ནི་སློབ་གྲྭ་ཞིག་གི་ཕྱོགས་ཙམ་ལའང་གཟས་མ་མྱོང་བའི་ལོ་བཅོ་ལྔ་ནས་ཉེར་བདུན་བར་གྱི་བོད་སྤྱི་ཚོགས་སྟེང་གི་ནོར་རྫི་ལུག་རྫི་ཁོ་ན་སྟེ་ཐ་ན་རང་གི་མིང་ཙམ་ཡང་འབྲི་མི་ཤེས་པའི་ཡིག་རྨོངས་པ་རྐྱང་རྐྱང་ཡིན།སློབ་གྲྭ་ཞིག་ལ་མཚོན་ན་གཞུང་རྐང་དང་སྲོག་རྩ་ལྟ་བུའི་མེད་དུ་མི་རུང་བ་ནི་མཐུན་སྒྲིལ་དམ་ཞིང་དམིགས་རྒྱང་རིང་ལ་ཤེས་ཡོན་དང་ལྷག་བསམ་གྱིས་ཕྱུག་པའི་དགེ་རྒན་གྱི་དཔུང་སྡེ་ཡིན་པ་སྨོས་མེད་རེད།(དྲང་མོར་བཤད་ན་དེང་སྐབས་དེ་འདྲའི་དགེ་རྒན་ནི་ཉིན་མོའི་སྐར་མ་ལྟར་ཧ་ཅང་རྙེད་དཀའ་བ་རེད།)དེ་བས་ཁོང་གིས་ན་གཞོན་འདི་དག་གི་མདུན་ལམ་དང་མ་འོངས་པའི་ཆེད་དུ་སྔ་རྗེས་སུ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་ཅིང་རྗེས་སོར་རྒྱལ་ཁབ་སློབ་གྲྭ་གང་མང་འགྲིམས་ཤིང་སྤྱི་ཚོགས་ལས་རྐང་མང་བོ་ནས་བྱ་བའི་ཉམས་མྱོང་བླངས་མྱོང་བའི་རང་དང་དམིགས་འདུན་ཡོངས་སུ་མཐུན་ཅིང་བསམ་བློ་འཐུས་ཚང་ཡིན་པའི་དགེ་རྒན་གྱི་དཔུང་སྡེ་བསྐྲུན་ཏེ་སློབ་ཁྲིད་ཀྱི་སྟ་གོན་དངོས་ལ་ཞུགས་ནས་ལོ་ཡི་འཁོར་མོ་གཅིག་ལྷག་འཁོར་བ་ཡིན། བགྲང་བྱའི་རིམ་པ་གཅིག་ལྷག་འཁོར་བའི་དེ་རིང་གི་དུས་འདིར། འཇམ་དབྱངས་གྲགས་པའི་སློབ་གྲྭ་སྟེ་གངས་ལྗོངས་ཤེས་རིག་དར་སྤེལ་སློབ་གླིང་དུ་བོད་མདོ་དབུས་ཁམས་གསུམ་ནས་སླེབས་པའི་སློབ་མ་སུམ་བརྒྱ་ལྷག་འདུས་ཤིང་། དགེ་རྒན་དྲུག  སྤྱི་གཉེར་བ་གཅིག   ཇ་མ་གཉིས་བཅས་ཀྱིས་གྲུབ་པའི་འོས་ཤིང་འཚམ་པའི་བོད་ཀྱི་རིག་གནས་སྦྱང་སའི་ཁོར་ཡུག་ཚུགས་ཐུབ་ཅིག་ཆགས་ཡོད།

ཁ་གཏད་ས་གཙོ་བོ།

       ཤེས་རིག་དར་སྤེལ་སློབ་གླིང་ནི་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་ནས་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་ཉེར་དྲུག་གི་མཚམས་སུ་ཡོད།   གོང་དུ་རགས་ཙམ་ཞུས་ཟིན་པ་ནང་བཞིན་སློབ་གྲྭ་འདིའི་ཁ་གཏད་ཡུལ་གཙོ་བོ་སློབ་གྲྭར་ཁྱོན་ནས་འགྲོ་མ་མྱོང་བ་དང་།    རྒྱུ་རྐྱེན་གང་རུང་གིས་འགྲོ་མ་ཐུབ་པ།  སོང་ཡང་སློབ་བྱོལ་བྱས་པ་དང་རྗེས་སུ་འགྲོ་འདོད་བྱུང་ཡང་འགྲོ་ས་མ་རྙེད་པ། སློབ་གྲྭར་འགྲོ་བའི་དཔལ་འབྱོར་གྱི་ཆ་རྐྱེན་མེད་པ་དང་བདག་མེད་ཀྱི་དྭ་ཕྲུག་སོགས་ལོ་ན་བཅུ་བཞི་ནས་ཉེར་ལྔ་(14----25)བར་གྱི་ཕོ་མོ་རིས་མེད་ཀྱི་ན་གཞོན་ཁོ་ན་དམིགས་སུ་བཟུང་སྟེ་བསྒྲུབས་པ་ཞིག་ཡིན་ལ།   སློབ་གྲྭ་ནས་སྡོད་ཡུན་ནམ་མཐར་ཕྱིན་དུས་ཡུན་ལོ་ངོ་གསུམ་ཡིན།

སློབ་ཡོན་གྱི་སྐོར།

      སློབ་གྲྭ་འདི་སྒེར་སྒྲུབ་ཡིན་པས་ངེས་གཏན་དཔལ་འབྱོར་གྱི་ཐོན་ཁུངས་ཅི་ཡང་མེད་མོད་སློབ་མ་རྣམས་ལ་སློབ་ཡོན་དང་དཔེ་ཆའི་རིན་པ།   ཉལ་ཁང་གི་རིན་པ།   འབུད་ཤིང་གི་རིན་པ།    ཇ་མའི་གླ་ཡོན་སོགས་ཁྱོན་ནས་བསྡུ་ཡི་མེད།   ཉིན་རེར་མི་རེའི་ཟས་གླ་སྒོར་བཅུ་གཉིས་ཀྱི་འགྲོ་གྲོན་ཡོད་མོད།   སློབ་གྲྭ་ནས་སྒོར་དྲུག་དང་སློབ་མ་རང་ནས་སྒོར་དྲུག་རེའི་འགན་འཁུར་གྱིན་ཡོད།   དེ་ཡང་ཆ་རྐྱེན་ཧ་ཅང་ཞན་པའི་སློབ་མ་སུམ་ཅུ་ལྷག་ལ་སློབ་གྲྭས་ཟས་ཡོན་ལ་སོགས་པའི་རོགས་སྐྱོར་གང་ནུས་ཅི་ལྕོགས་ཀྱིས་གནང་གིན་ཡོད་པར་མ་ཟད།   དགེ་རྒན་གྱི་འཚོ་བའི་དགོས་མཁོ་གང་ཡོད་ཀྱང་སློབ་གྲྭ་ནས་གཏོང་གིན་ཡོད།


དམིགས་ཡུལ་གཙོ་བོ།

      སློབ་གྲྭ་འདིས་ན་གཞོན་ཡིག་རྨོངས་པ་དང་སློབ་ཤོར་བ་ཁོ་ན་བསྡུ་བའི་དམིགས་ཡུལ་ནི།   སྤྱི་ཚོགས་བཟོ་ལས་དང་ཚོང་ལས་ཅན་དུ་འགྱུར་གྱིན་པའི་ཛ་དྲག་གི་དུས་འདིར་ང་ཚོའི་བོད་རིགས་ན་གཞོན་མང་བོ་ཞིག་གིས་ཕྱུགས་ཙམ་འཚོ་བ་ཁོ་ནས་དུས་རབས་འཕེལ་རྒྱས་ཀྱི་རྗེས་མི་ཆོད་པར་སྙམ་ནས་ཁོ་ཚོའི་མ་འོངས་འཚོ་བའི་ཉེན་ཁའི་སྐོར་ལ་བསམ་བློ་བཏང་སྟེ་ཡི་གེ་སྦྱང་ཞིང་ལག་རྩལ་(མི་འགྱངས་པར་ཆེད་ལས་ལག་རྩལ་སློབ་གྲྭ་རུ་བསྒྱུར་རྒྱུའི་འཆར་གཞི་ཡོད།)བསླབ་ནས་འོས་འཚམ་གྱི་ཀླད་ཤུགས་ནུས་ཤུགས་ཉིས་ལྡན་གྱི་མི་སྣ་སྟེ་ཆེས་མ་མཐར་ཡང་གཞན་གྱིས་གང་འདོད་འདོད་དུ་མགོ་སྐོར་གཏོང་མི་ནུས་པའི་གཞོན་སྐྱེས་སྐྱེད་སྲིང་བྱེད་ཆེད་ཀྱང་ཡིན།

སློབ་སྦྱོང་གི་སྐོར།

      སློབ་ཁྲིད་བཀོད་སྒྲིག་ཀྱི་ཆ་ནས་ཉིན་ཧྲིལ་བོར་སློབ་ཐུན་བདུན་དང་ཐུན་གཅིག་ལ་དུས་ཚོད་སྐར་མ་ལྔ་བཅུ།   ཞོགས་སྦྱོང་དུས་ཚོད་གཅིག་དང་དགོང་སྦྱོང་དུས་ཚོད་གཅིག་དང་ཕྱེད་ཀ་བསྣན་ཚེ་ཉིན་གང་བོར་སློབ་ཐུན་དགུ་འཚོགས་དགོས་ཀྱི་ཡོད།  སློབ་མའི་ལུས་སེམས་ཀྱི་དགོས་མཁོ་དང་སྦྱང་བྱའི་སྤྲོ་སྣང་མི་ཉམས་པའི་སླད་དུ་སྐབས་དང་སྐབས་སུ་རང་སྦྱོང་གི་ཐུན་རེ་གཉིས་བཀོད་སྒྲིག་བྱས་ཏེ་སློབ་མའི་བསམ་བློར་འོས་བབ་ཀྱི་རང་དབང་གི་ཁོར་ཡུག་ཀྱང་བསྐྲུན་ཡོད།  ད་དུང་གཟའ་འཁོར་རེའི་རེས་གཟའ་ཕུར་བུའི་ཕྱི་དྲོའི་སློབ་ཐུན་གཉིས་པ་ནས་ཤེས་རིག་འགྲན་གླེང་ཞེས་པའི་དམིགས་བསལ་སློབ་ཐུན་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད་ལ།   དེ་ལ་འཛིན་གྲྭ་སོ་སོའི་འགྲན་ཞུགས་སློབ་བུའི་རྩོད་ཤགས་འགྲན་བསྡུར་དང་རིག་པ་གང་མྱུར།  སྨྲ་བརྗོད་སུ་དག  དམངས་སྲོལ་འགྲན་བསྡུར། བཞད་གད་སྒྱུ་རྩལ།ཕ་སྐད་གཙང་བཤད།   མཛེས་རིས་སྒྱུ་རྩལ།   སྐབས་བབ་སྦྱང་བྱའི་འགྲན་བསྡུར།གླུ་གར་རིག་རྩལ་སོགས་ཚང་ཡོད།   རྣམ་གྲངས་རེ་རེར་དགེ་རྒན་ཚོས་དཔྱད་ཐོབ་སྐར་མས་བཟང་ངན་ཤན་འབྱེད་བྱེད་ཀྱི་ཡོད་ལ།   སྐར་གྲངས་མཐོན་པོ་ལོན་པའི་འཛིན་གྲྭར་རྒྱལ་ཁའི་འགྲན་དར་གནང་སྟེ་བཟང་བསྟོད་ཀྱང་བྱེད་ཀྱི་ཡོད།རྩེད་མོའི་རྣམ་པ་ཅན་གྱི་སློབ་ཐུན་འདིར་སྔོན་སྦྱངས་ཕྱིར་དྲན་དང་འཇོན་ནུས་སྔོགས་འདོན་གྱི་ཁྱད་ཆོས་ལྡན་པའི་རིག་རྩལ་བྱ་འགུལ་རང་བཞིན་གྱི་སློབ་ཐུན་ཞིག་ཏུའང་ངོས་བཟུང་ཆོག(འདིའང་ར་རྒྱའི་སློབ་གྲྭའི་ལུགས་སྲོལ་ལྟར་ཡིན།)

སློབ་ཁྲིད་དང་བསླབ་བྱའི་སྐོར།

       བོད་ཡིག་ཁྲིད་གཞིའི་ཆ་ནས་གཙོ་བོ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་ཆེད་སྒྲིག་སློབ་དེབ་དག་གཞིར་བཟུང་སྟེ་གོ་རིམ་བཞིན་ཡི་གེ་ངོས་འཛིན་ནས་སྦྱོར་ཀློག་དང་། དག་ཡིག སུམ་རྟགས།བསྡུས་གྲྭའི་རིག་ལམ་སོགས་བོད་ཀྱི་རིག་གནས་ཀྱི་གཞི་རྩའི་སྦྱང་བྱ་དག་བོད་རང་གི་ཐུན་མིན་སྲོལ་རྒྱུན་གྱི་ཁྲིད་སྟངས་ལྟར་མཐར་ཆགས་སུ་འཁྲིད་ཀྱིན་ཡོད་(སུམ་རྟཊ་དག་གསུམ་གྱི་རྩ་བ་བློར་ཤར་ཤར་འདོན་ཐུབ་པར་མ་ཟད་ནང་དོན་ལ་གོ་བ་རགས་ཙམ་མི་ལོན་པའི་སློབ་མ་ཕལ་ཆེར་མེད་ཚོད་ཡིན།)ལ། དེའི་སྟེང་དུ་རྒྱ་ཡིག་དང་རྩིས་རིག དབྱིན་ཇིའི་ཡི་གེ།  ཡིག་གཟུགས། མཛེས་རིས། གླུ་གར་ཞབས་བྲོ་སོགས་ཀྱང་ཡོད། ཡི་གེ་ཁྱོན་ནས་མི་ཤེས་པ་དག་ཀྱང་ལོ་ངོ་གསུམ་གྱི་དུས་ཡུན་ནང་དམའ་འབྲིང་ཆུ་ཚད་ལ་བསླེབས་པར་བྱས་ཏེ་ལག་རྟགས་འཛིན་ཡིག་སྤྲོད་རྒྱུ་དང་།  གལ་ཏེ་སློབ་མ་རང་ཉིད་ལ་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་འདུན་པ་ཡོད་ཚེ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་དང་ཀྲུང་གོ་ཞིང་ལས་ཚན་རྩལ་སློབ་ཆེན།(中国农业科技大学)ཟི་ལིང་གྲོང་ཁྱེར་དུས་རབས་གསར་བའི་ཆེད་ལས་ལག་རྩལ་སློབ་གྲྭ།(西宁市新世纪职业技术学校)སོགས་ལ་རང་སློབ་གྲྭས་མཚམས་སྦྱར་ཏེ་དུས་ལྟར་དུ་ཞུགས་ཆོག་པ་ཡིན།

དམིགས་བསལ་ཁྱད་ཆོས་ཀྱི་སྐོར།

        སློབ་གྲྭ་འདིར་ཀུན་དང་མི་མཚུངས་པའི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། “དགེ་རྒན་གྱིས་སློབ་མར་རྡུང་མི་རུང་ཡང་སློབ་མས་དགེ་རྒན་ལ་རྡུང་ཆོག་པའི་”(ད་ལྟའི་སློབ་གྲྭ་མང་ཤོས་སུ་འདི་འདྲའི་སྣང་ཚུལ་སྐྱུག་བྲོ་ལ་ཡི་ཆད་པ་དག་དུས་རྒྱུན་མཐོང་ཐོས་འདུག)ནང་འདྲེན་སློབ་གསོའི་ཤུགས་རྐྱེན་གྱི་ཚད་ལས་ལྡོག་སྟེ་རང་མི་རིགས་ཀྱི་དགེ་སློབ་བར་གྱི་ཡང་དག་པའི་དམ་ཚིཊ་བརྩི་སྲུང་གི་ལུཊ་སྲོལ་གཙང་དག་ཆགས་ཡོད་པ་ཡིན། སྤྱིར་སྒེར་གཞུང་གི་ཚོགས་པ་གང་དང་གང་ལ་མཚོན་ནའང་མེད་དུ་མི་རུང་བ་ནི་ཡང་དག་པའི་ཐབས་ལམ་ལ་བརྟེན་ནས་བྱུང་བའི་ཡང་དག་པའི་སྒྲིག་ལམ་ཡིན་པ་སུས་ཀྱང་ཤེས་སྲིད།   དེ་ཡང་ཤེས་པའམ་ངོས་ཟིན་པ་ཙམ་གྱིས་མི་ཆོག་པར་ལག་ལེན་དུ་བསྟར་ཏེ་དོ་སྣང་བྱེད་པ་ནི་དོན་གང་ལས་ཀྱང་གལ་ཆེ་བར་མཐོང་།   དེ་བས་དགེ་རྒན་རྣམ་པར་མཚོན་ན་ཡང་དུས་དང་རྣམ་པ་ཀུན་ཏུ་འགོ་གཙོ་སུ་ཞིག་གིས་གདོང་ལ་མདུད་པ་བརྒྱབས་ཤིང་ལག་ལ་དབྱུག་པ་ཐོགས་ནས་དེད་དེད་ལ་བསྡད་པ་མ་ཡིན་ལ།   ཁ་ཡར་བཀྱགས་དང་མིག་ཡར་ཕྱེ་ལ་ཟླ་གླ་འཐེན་ཨེ་འགྲོ་དང་དངུལ་ཆད་གཅོད་ཨེ་སྲིད་ལ་དོགས་པ་ཡང་མ་ཡིན་(སློབ་གླིང་འདིའི་དགེ་རྒན་རྣམས་ལས་སྒོར་མོའི་ཆེད་དུ་ཡོང་བ་གཅིག་ཀྱང་མེད།)པར་སློབ་ཁྲིད་དང་སློབ་མའི་སྤྱོད་ལམ། སློབ་ཕྱིའི་བྱ་འགུལ་གང་ཡིན་ཡང་ལས་འགན་གཙོ་བོར་བཟུང་ནས་བྱ་བར་འབད་ཀྱིན་པ་ཁོ་ན་ལས།  “ཁྲིད་མི་ཁྲིད་ངའི་འགན་འཁུར་ཡིན་པ་དང་ཤེས་མི་ཤེས་ཁྱོད་ཀྱི་འགན་འཁུར་རེད་”དང་། “ངས་ང་རང་གི་སྒོར་མོའི་ཆེད་དུ་སློབ་ཁྲིད་ཆད་དུ་འཇུག་མི་སྲིད་”དང་།  ད་དུང་“སློབ་ཐུན་གྲོལ་རྗེས་ང་ཚོར་སྤྱིར་བཏང་གི་གྲོགས་པོའི་འབྲེལ་བ་ལས་དགེ་སློབ་ཀྱི་འབྲེལ་བ་མེད་”ཅེས་པ་ལྟ་བུའི་བསམ་བློ་དམིགས་བསལ་བའི་མཐོ་རིམ་སློབ་གསོ་ཐོབ་པའི་“སྔོན་ཐོན་པ་”དག་གི་བྱ་སྤྱོད་དང་ཁྱོན་ནས་འདྲ་བོ་མེད་ལ་གཏན་ནས་མཐུན་པའང་མིན།   འདི་ནི་སྐད་ཆ་གཞན་ཞིག་གིས་མཚོན་པར་བྱས་ན་ལྷག་བསམ་ཞེས་ཀྱང་འབོད་དུ་རུང་ངོ་།།

     དེ་ལྟར་སློབ་མ་རྣམས་ཀྱིས་ཀྱང་དུ་ཆང་སྤྱོད་པའི་ཚུལ་མིན་ལྟ་ཅི།   མགོ་སྐྲ་དམར་སེར་དང་གྱོན་གོས་ཡ་མ་ཟུང་གི་རིགས་ཙམ་ཡང་རྩ་བ་ནས་སྤྱོད་ཀྱི་མེད།   ད་དུང་བོད་ལྭ་གཙང་མ་གྱོན་ཞིང་བོད་སྐད་དག་མ་ཤོད་པར་མ་ཟད་བོད་ཀྱི་རིག་གནས་སེམས་ཁམས་དང་ལྡན་པའི་འགན་འཁུར་ཅན་གྱི་ཕྱི་རབས་པ་གཙང་མ་གཙང་རྐྱང་ཞིག་ཏུ་མི་སྒེར་སོ་སོ་ནས་འབད་བརྩོན་བྱེད་ཀྱིན་ཡོད་ལ།དགེ་རྒན་ལ་བརྩི་འཇོག་བྱེད་སྟངས་དང་སློབ་ཁྲིད་ལ་གཟབ་ཀྱིས་ཉན་སྟངས།  སློབ་གྲོགས་ཀྱི་མཛའ་བརྩེ་མཐུན་སྒྲིལ་སོགས་ཏེ་སློབ་སྦྱོང་གོང་འཕེལ་གྱི་མཐུན་རྐྱེན་དག་ནི་མང་བར་དོགས་ནས་མ་བྲིས།  སློབ་གླིང་འདི་ཚུགས་པ་ནས་ད་བར་སློབ་མ་༣༥༦མཐར་ཕྱིན་ཏེ་མང་ཤས་ཤིག་མཐོ་རིམ་སློབ་ཆེན་ཁག་ཏུ་འགྲིམ་བཞིན་ཡོད་ལ།  མཐར་ཕྱིན་གྱི་ཆེད་རྩོམ་དེབ་གསུམ་འགྲེམ་སྤེལ་བྱས་ཡོད།

སློབ་གསེང་གི་སྐོར།

        སློབ་སྐབས་གཅིག་ལ་ཟླ་ངོ་བཞི་དང་ལོ་ངོ་གཅིག་ལ་སློབ་སྐབས་གཉིས་འཚོགས་པ་ནི་རྒྱལ་གཉེར་སློབ་གྲྭ་དང་གཅིག་མཚུངས་ཡིན་ལ།གཟའ་འཁོར་རེར་ཉིན་གཅིག་དང་ཕྱེད་ཀའི་ངལ་གསོའི་དུས་ཚོད་ཡོད་པ་ཡང་ས་སྒང་ཧྲིལ་བོའི་མིའི་རིགས་ཀྱི་ངལ་གསོའི་གཏན་འཁེལ་དུས་ཚོད་དང་ཡོངས་སུ་མཐུན། ད་དུང་སློབ་གྲྭ་འདིས་དབྱར་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་གསབ་སྦྱོང་འཛིན་གྲྭ་བསྡུ་རུབ་བྱེད་ཀྱིན་ཡོད་ལ། རྗེས་ཕྱོགས་ནས་བཟུང་སྔོན་ཆད་དང་མི་འདྲ་བར་གཙོ་བོ་བོད་ཀྱི་རིག་གནས་ཁོ་ནར་ཁ་གཏད་ནས་གསབ་སྦྱོང་བསྒྲུབ་རྩིས་ཡོད།  གསབ་སྦྱོང་སློབ་མའི་ལོ་རིམ་གྱི་ཚད་གཞི་ནི་སློབ་ཆུང་ལོ་རིམ་དྲུག་པ་ནས་མཐོ་འབྲིང་ལོ་རིམ་གསུམ་པའི་བར་ཡིན་ལ། འདི་ཡང་འཛམ་གླིང་ཧྲིལ་བོའི་རིག་གནས་བདེ་ཐང་ལ་སེམས་ཁུར་དང་མི་རིགས་རིག་གནས་ལ་ཞབས་འདེགས་ཞུ་ཚུལ་ཡག་ཤོས་ཞིག་ཏུའང་ངོས་འཛིན་བྱེད་ཀྱིན་ཡོད།

2010-11-28


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-04-11 ལྟ་ཀློག (9214)