ནང་བསྟན་དཔལ་འབྱོར་རིག་པ་ལས་དཔལ་འབྱོར་སྒྲུབ་སྟངས།

ནང་བསྟན་དཔལ་འབྱོར་རིག་པ་ལས་དཔལ་འབྱོར་སྒྲུབ་སྟངས།
རྩོམ་པ་པོ།   ཤེས་རབ་བསྟན་དར། 

     དཔལ་འབྱོར་ནི་འཇིག་རྟེན་འདིར་ངེས་པར་བསྒྲུབ་དགོས་པ་ཞིག་ཡིན་མོད། དཔལ་འབྱོར་སྒྲུབ་སྟངས་ནི་ངེས་པར་དཔལ་ཡོན་དང་ལྡན་པ་ཞིག་དགོས་ཏེ་གཅིག་ནས་རང་ཉིད་སྡུག་ལ་བསྐུར་ནས་དཔལ་འབྱོར་བསྒྲུབ་མི་རུང་ལ་གཉིས་སུ་གཞན་གྱི་བདེ་སྡུག་བོར་ནས་དཔལ་འབྱོར་བསྒྲུབ་མི་རུང་། དཔལ་འབྱོར་རིག་པར་མཚོན་ན་ཆེས་གལ་ཆེ་བ་ནི་དཔལ་འབྱོར་སྒྲུབ་སྟངས་དང་དཔལ་འབྱོར་བཀོལ་སྤྱོད་ཀྱི་གནད་དོན་ཡིན། དཔལ་འབྱོར་གྱིས་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་ག་འདྲ་ཞིག་སྐྱེལ་མིན་གནད་དོན་ཡང་འདི་ལ་ཐུག་ཡོད།

དང་བོ། དཔལ་འབྱོར་སྒྲུབ་སྟངས།
     དཔལ་འབྱོར་སྒྲུབ་སྟངས་ནི་སྡུག་མཐའ་སྐྱིད་ལ་འགྲོ་དགོས་པ་ལས་སྐྱིད་མཐའ་སྡུག་ལ་འགྲོ་མི་རུང་། མི་སུ་དང་སུ་ཡིན་རུང་དཔལ་འབྱོར་བསྒྲུབ་པའི་དམིགས་ཡུལ་གཙོ་བོ་ནི་རང་གི་མི་ཚེ་འདིར་བདེ་སྐྱིད་ཅིག་བསྐྲུན་རྒྱུ་དེ་ཡིན་པས་བདེ་སྐྱིད་ཀྱི་ཆེད་དུ་དཔལ་འབྱོར་བསྒྲུབ་པ་ལ་རང་གི་བདེ་ཐབས་གཙོ་བོར་འཛིན་དགོས། ལྷག་པར་དུ་རང་གི་བདེ་བ་རློག་པར་བྱེད་པའི་དཔལ་འབྱོར་གྱི་སྒྲུབ་སྟངས་དེ་གཏན་ནས་འཛིན་མི་རུང་ངོ་། །གལ་ཏེ་རང་གི་བདེ་སྐྱིད་ཀྱི་ཆེད་དུ་རང་གི་བདེ་བའང་རློག་པར་བྱེད་པ་ནི་བདེ་ཐབས་དང་སྡུག་བསྔལ་གཉིས་ཀྱི་རྐྱེན་གཉིས་ནོར་བ་ཡིན་ལ་དེ་ལྟར་ནོར་བ་ལ་བརྟེན་ནས་རང་ལ་བདེ་སྐྱིད་ཅིག་གཏན་ནས་བསྒྲུབ་མི་ཐུབ་པའི་ཁར་དོན་གྱིས་ཐབས་དང་རྩོལ་བ་དེ་རིགས་མི་རང་ལ་སྡུག་བསྔལ་སྒྲུབ་བྱེད་ཅིག་ཏུ་སོང་བས་དེ་ལ་དགོས་པ་ལས་ཉེས་པ་ཆེ། དེ་བས་དཔལ་འབྱོར་གལ་ཆེ་བ་ཇི་བཞིན་དུ་དཔལ་འབྱོར་སྒྲུབ་སྟངས་ཀྱང་གལ་ཆེ་བ་ཡིན་ཏེ་ནང་བའི་དཔལ་འབྱོར་སྒྲུབ་སྟངས་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་དཔལ་འབྱོར་སྒྲུབ་སྟངས་ཐད་ཀྱི་ལྟ་བ་འགའ་བཤད་པར་བྱ་སྟེ།
1 བསོད་ནམས་གསོག་པ།
     ནང་བའི་དཔལ་འབྱོར་རིག་པ་ལྟར་ན་རྒྱུ་འབྲས་ནི་དཔལ་འབྱོར་གྱི་ལྟ་བའི་གཞི་འཛིན་ས་ཡིན་ལ་དེ་ཡང་རྒྱུ་འབྲས་ཞེས་ལྒིང་དུས་མི་མང་བོ་ཞིག་གིས་སེམས་ལ་དོགས་པ་ཞིག་སྐྱེས་བཞིན་ཡོད་མོད་དེ་ནི་གུ་དོག་པའི་བསམ་བློ་སྟེ་དཔེར་ན་མི་གང་ཞིག་གིས་རྒྱུ་ཕུན་སུམ་ཚོགས་པ་བསྒྲུབ་ན་འབྲས་བུའང་ཕུན་སུམ་ཚོགས་པ་འབྱུང་ངེས་པ་དེ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན་ལ་དེ་ཡང་གཞན་དང་མི་འདྲ་ས་ཞིག་ཡོད་པ་ནི་འདིའི་རྒྱུ་འབྲས་ནི་སྐྱེ་བ་འདི་ཁོ་ན་མ་ཡིན་པར་སྐྱེ་བ་དུ་མ་དང་འབྲེལ་ཡོད་པ་དེ་ཕྱུག་པོ་དང་དབུལ་བོའི་ལེ་ཚན་ལས་ལྒིང་བ་ལྟར་མི་གང་ཞིག་གི་དཔལ་འབྱོར་ལག་ཏུ་ཡོང་མིན་དེ་ཡང་ཁོ་རང་གི་རྩོལ་སྒྲུབ་ལ་ཐུག་ཡོད་མོད་ཀྱང་དེ་ཙམ་ཁོ་ན་མ་ཡིན་ཏེ་སྐྱེ་བ་སྔོན་མར་སྦྱིན་པ་བཏང་མ་བཏང་ལའང་འབྲེལ་ཡོད་པ་ཞིག་ཡིན། དེ་ཡང་སྟབས་བདེ་བའི་སྒོ་ནས་བཤད་ན་མི་རང་ཉིད་ཀྱི་བསོད་ནམས་ལ་ཐུག་ཡོད་པ་ཞིག་ཡིན་ལ་བསོད་ནམས་ཞན་པའི་དབང་གིས་རྒྱུ་ནོར་ཡང་ལག་ཏུ་མི་ཡོང་ལ་ཡོང་ནའང་ཆུད་ཟོས་སུ་འགྱུར་འགྲོ་བ་རེད། དེས་ན་ཡོད་ཚད་སྔོན་བསགས་ཀྱི་ལས་ལ་འབྲེལ་ཡོད་པས་སྐྱེ་བ་འདིར་རྒྱུ་ནོར་ལག་ཏུ་ཡོང་བའི་ཐབས་ཡོད་པ་མ་ཡིན་ནམ་ཞེས་ན་མིན་ཏེ་སྐྱེ་བ་སྔོན་མའི་བསོད་ནམས་དེ་ཆེས་དམན་པ་ཞིག་ཡིན་ནའང་སྐྱེ་བ་འདིར་ཁྱོད་ཀྱིས་བསོད་ནམས་བསགས་ན་ཆོག་སྟེ་དེའི་གནད་གཙོ་བོ་ཚོགས་བསགས་སྒྲིབ་སྦྱོང་བྱེད་པ་དེ་ཡིན་ནོ། །སྤྱིར་ཁྱོད་ཀྱིས་སྐྱེ་བ་འདིར་དབུལ་བོར་འགྱུར་བའི་ལས་བསགས་ཡོད་ནའང་ཚོགས་བསག་སྒྲིབ་སྦྱོང་བྱས་ན་ལྡོག་ཐུབ་པ་ཡིན་པས་དེ་ནི་ནང་བའི་དཔལ་འབྱོར་རིག་པ་ལས་ཆེས་གལ་ཆེ་བའི་རིགས་ཡིན་ནོ། །དེང་སང་མི་མང་བོ་ཞིག་ནང་བསྟན་དཔལ་འབྱོར་རིག་པ་ལ་གོ་འཛོལ་བྱུང་བའང་གནད་འདི་ལ་ཐུག་ཡོད་ལ་བོད་མི་མང་བོ་ཞིག་སྒྱིད་ལུག་གི་དབང་དུ་འགྲོ་བའང་གནད་འདི་ལ་ཐུག་ཡོད།
2 ནོར་ལྷ་སྒྲུབ་པ།
     ནང་བ་སངས་རྒྱས་པའི་ལུགས་ལ་ལས་གང་ཞིག་བསྒྲུབ་ན་ལས་དེ་ཆེད་དུ་སྒྲུབ་པའི་ལྷ་རེ་ཡོད་པ་བཞིན་ནོར་དང་འབྱོར་བ་སྤེལ་བ་ལ་ནོར་ལྷ་ཞེས་པ་ཞིག་ཡོད་དེ་དེ་ནི་རང་གི་རྒྱུ་ནོར་གསག་པའི་ཆེད་ཁོ་ན་མ་ཡིན་པར་ཆོས་དང་མཐུན་པའི་རྒྱུ་ནོར་གསག་པའི་ཆེད་དུ་སྟེ་དེ་ཡང་སྟབས་བདེ་བར་བཤད་ན་དངོས་པོའི་དཔལ་ཡོན་གྱི་ཆེད་དུ་ཡིན་ལ་དངོས་པའི་དཔལ་ཡོན་ཟེར་བ་ནི་ནང་བསྟན་གྱི་གཞུང་ལྟར་ན་ཆོས་དང་མཐུན་པའི་དཔལ་འབྱོར་ཡིན་ལ་ཆོས་དང་མཐུན་ཚུལ་ཡང་གསོག་དུས་སྡིག་པ་དང་མ་འདྲེས་པ་དང་སྤྱོད་དུས་རང་གཞན་གྱི་དགེ་བའི་དོན་དང་ཚོགས་གསག་གི་ཆེད་དུ་སྤྱོད་པ་ཞིག་ལས་གཞན་ལ་གནོད་ཅིང་མི་དགེ་བའི་སྡིག་རྐྱེན་དུ་མ་སོང་བ་ཞིག་ནི་ཤིན་ཏུ་གལ་ཆེ། 
ལྷ་དེ་དག་ནི་གདུལ་བྱའི་དོན་དུ་བསམ་བཞིན་དུ་ནོར་ལྷའི་ཚུལ་བཟུང་བ་ཞིག་སྟེ་དེ་དག་བསྒྲུབས་ན་ཆོས་མཐུན་གྱི་འབྱོར་བ་རྒྱས་པ་དང་གཡང་ཆགས་པ་སོགས་ཀྱི་ཕན་ཡོན་ཡོད་པར་གསུངས་ཤིང་དེ་དག་ལས་མང་ཆེ་བ་གནོད་སྦྱིན་ཕོ་མོའི་རིགས་ཀྱི་རྣམ་པར་བསྟན་པ་ལས་བསྒྲུབ་ན་འགྲུབ་སླ་བར་གསུངས་སོ། །
     ནོར་ལྷ་ལ་མང་དུ་ཡོད་ནའང་རྒྱུན་དུ་གལ་ཆེ་ཞིང་སྒྲུབ་ཐབས་ལག་ལེན་དུ་འདེབས་བཞིན་པ་ནི་ཕོངས་སེལ་སྒྲོལ་མ། རྣམ་སྲས། ཛམ་བྷ་ལའི་ལྷ་ཚོགས་དང་། ནོར་སྦྱིན་མའི་ལྷ་ཚོགས་སོགས་ཡོད་ལ་དེ་དག་ལ་བརྟེན་ནས་སྦྱིན་སྲེག་དང་མཆོད་པ་གཡང་འགུག་དང་གཏེར་སྒྲུབ་སོགས་ཀྱི་ནོར་བསྒྲུབ་པའི་ལས་ཚོགས་ཀྱང་ཤིན་ཏུ་མང་ནའང་ཚིག་ཚོགས་མང་འགྲོ་བས་རེ་རེ་བཞིན་ངོ་སྤྲོད་བྱེད་པའི་ངལ་བ་མི་བསྟེན་ནོ། །དེ་ལས་གལ་ཆེ་བ་ནི་རྒྱུ་ནོར་དོན་དུ་གཉེར་བའི་ལས་རིགས་ཀྱིས་རྒྱུན་དུ་ལྷ་འདི་དག་ལ་མཆོད་བཤམས་དང་ལས་ཚོགས་བསྟན་པ་ཇི་ལྟ་བུར་ཉམས་ལེན་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་ནོ། ། 
     འོ་ན་ནང་བའི་བསྟན་པར་ནོར་ལྷ་ཞིག་དགོས་དོན་ཅི་ཡིན་ཟེར་ན་དེ་ནི་ནང་བར་དད་པའི་ཁྱིམ་པ་དག་གི་ཆེད་ཡིན་ལ་ནང་བའི་བསྟན་པའི་སྦྱིན་བདག་དག་གི་དཔལ་འབྱོར་དར་རྒྱས་སུ་འགྲོ་བའི་ཆེད་དུ་ལྷ་ཡེ་ཤེས་པ་མང་བོ་ཞིག་ཆེད་དུ་གནོད་སྦྱིན་ཕོ་མོའི་རྣམ་པར་རོལ་ནས་སྒྲུབ་པ་བོ་ལ་ཚེ་དང་ནོར་འབྲུ་ཡི་ཆར་འབེབ་པར་བྱེད་པ་ཡིན་ནོ། །དེ་ལས་ཤེས་ཐུབ་པ་ནི་ནང་བའི་བསྟན་པ་ལས་དཔལ་འབྱོར་གལ་ཆེ་བར་བཟུང་ཡོད་པ་དེ་ཡིན་ལ་དེ་ལྟར་གལ་ཆེན་དུ་འཛིན་དོན་ཡང་དཔལ་འབྱོར་ལ་དཔལ་འབྱོར་གྱི་ནུས་པ་ཐོན་པའི་ཆེད་དང་དཔལ་འབྱོར་ལ་དཔལ་ཡོན་ལྡན་པར་བྱས་ན་དེ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པའི་གནས་ལུགས་དེ་གསལ་བོར་བསྟན་ཡོད་པ་རེད།
3 གསོལ་འདེབས་སྨོན་ལམ།
     ནང་བའི་ལུགས་ལ་དཔལ་འབྱོར་ལ་ཆེད་དུ་དམིགས་པ་མིན་ན་ལྷ་གང་མང་ཞིག་ལ་གསོལ་བ་བཏབ་ན་རང་གི་འདོད་དོན་བཞིན་ཟས་ནོར་གང་འདོད་དུ་སྦྱིན་པར་བྱེད་པ་ཡིན་ལ་དཔེར་ན་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་བཏབ་ན་བུ་འདོད་པས་ནི་བུ་ནི་ཐོབ་ཅིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཞེས་གསུངས་པ་ལྟར་རང་གི་གནས་སྐབས་དང་མཐར་ཐུག་གི་ལེགས་ཚོགས་ཐམས་ཅད་འཕེལ་བར་འགྱུར་ལ་ལྷག་པར་རང་གིས་དོན་གང་ལ་དམིགས་ན་འགྲུབ་པར་བྱེད་པ་ཡིན་པས་དཔལ་དང་འབྱོར་བའི་བདེ་སྐྱིད་ཀྱང་ཕུན་སུམ་ཚོགས་པར་བྱེད་དོ། །དེ་བཞིན་དུ་ལྷ་དེ་དག་གི་གཟུངས་སྔགས་བཏོན་ནའང་འགྲིག་ཅིང་ལྷ་དེ་དག་ལ་བརྟེན་པའི་གཡང་འགུག་བྱེད་སྟངས་སོགས་ཀྱང་ཡོད། ལྷ་དེ་དག་གིས་ཐུགས་རྗེ་དང་བྱིན་མཐུ་ལ་བརྟེན་ནས་མི་འདོད་པའི་གནོད་འཚེ་ལ་སོགས་པ་བཟློགས་སྟེ་རང་ཉིད་ཕོངས་པར་བྱེད་པའི་མི་མཐུན་ཕྱོགས་ཐམས་ཅད་བཟློགས་ནས་མཐུན་རྐྱེན་ཐམས་ཅད་ནུས་ལྡན་དུ་བཏང་བ་ཡིན་ནོ། །
4 གཏེར་རྒྱག་པ།
     བོད་ཀྱི་ཁ་དཔེ་ལ་ས་འོག་གཏེར་གྱིས་གང་ན་ས་སྟེང་ནོར་གྱིས་དགང་ངེས་ཞེས་བཤད་སྲོལ་ཡོད་པ་རེད། དེ་ཡང་རྒྱུན་ཏུ་རྒྱུགས་ཆེ་བ་ནི་ཕོངས་སེལ་སྒྲོལ་མ་དང་ས་བདག་སྙིང་གཏེར་ས་བླའི་བུམ་གཏེར་སོགས་ཡིན་ནོ། །དེ་དག་སྒྲུབ་སྟངས་ནི་རིན་པོ་ཆེ་དང་ས་སྣ་ཆུ་སྣ་ལ་སོགས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྫས་སོགས་འདུ་བར་བྱས་ནས་ཡེ་ཤེས་པ་འཁོར་དང་བཅས་བར་སྤྱན་དྲངས་ནས་བསྒྲུབ་གཞི་ལ་བརྟན་པར་བཞུགས་པར་བྱས་ནས་སྲིད་ཞིའི་ལོངས་སྤྱོད་ཐམས་ཅད་རང་དབང་མེད་པར་འདུ་བར་བྱེད་པའི་གསང་སྔགས་ཀྱི་ཆོ་ག་ཞིག་ཡིན་ལ་གཞུང་བཞིན་ཏིང་ངེ་འཛིན་གྱི་དམིགས་རིམ་ཚང་བར་བྱས་ནས་བསྒྲུབ་ན་འདོད་རྒུའི་ལོངས་སྤྱོད་འབྱུང་བར་བཤད་དོ། །
5 སྦྱིན་པ་གཏོང་བ།
     སྦྱིན་པ་གཏོང་བ་ནི་སྤྱིར་སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཟེར་བ་ལྟར་ཚེ་འདིའི་ལོངས་སྤྱོད་ནི་ཚེ་སྔོན་མའི་འབྲས་བུ་ལ་རག་ལས་པ་ཞིག་ཡིན་འཛམ་གླིང་ལས་ཀྱི་ས་པ་ཡིན་པས་ཚེ་འདི་ལ་བསག་པའི་འབྲས་བུ་ཚེ་འདི་ལ་སྨིན་པས་ཕྱི་མར་དེ་བས་ཀྱང་རྒྱ་ཆེན་པོ་འབྱུང་བར་གསུངས། དེས་ན་སྦྱིན་པ་གཏོང་བ་ནི་ཚེ་འདིར་ལོངས་སྤྱོད་འབྱུང་བའི་སྒོ་ཆེན་པོ་ཞིག་ཡིན་ཏེ་སྦྱིན་པའི་རྒྱུ་མཐུན་གྱི་འབྲས་བུར་ལོངས་སྤྱོད་འབྱུང་བ་ནི་ཆོས་ཉིད་ཡིན་པས་ཐ་ན་སྲོག་ཆགས་གྲོག་མ་ཚུན་ཆད་ལ་ཟས་ཀྱི་སྦྱིན་པ་གཏོང་དགོས་ལ་དེ་ལས་རང་གི་བསོད་ནམས་འཕེལ་ཞིང་བསོད་ནམས་འཕེལ་བ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་བར་འགྱུར་རོ། །
6 རང་གིས་རྩོལ་སྒྲུབ་བྱེད་པ།
     རང་གིས་རྩོལ་སྒྲུབ་བྱེད་པ་ནི་གཙོ་བོ་ཡིན་ཏེ་སྔོན་དུ་བཤད་པ་དག་ནི་མཐུན་རྐྱེན་ཡིན་ནའང་དེ་ལས་གཞན་པའི་རྒྱུ་རྐྱེན་གལ་ཆེན་གཉིས་ཡོད་པ་ལས་དང་བོ་ནི་རང་གི་ཤེས་རབ་ཀྱི་མཐུ་ལ་བརྟེན་དགོས་ལ་གཉིས་པ་ནི་རང་གི་དཔལ་འབྱོར་སྒྲུབ་པའི་རྩོལ་བ་རེད། རང་གི་རྩོལ་སྒྲུབ་ལ་གཅིག་ནི་རང་གིས་འབད་པ་བྱེད་པ་ཡིན་ལ་གལ་ཏེ་རང་གིས་འབད་པ་བྱེད་པ་མེད་ན་རྒྱུ་ནོར་འབྱུང་བ་ནི་ཆེས་ཤིན་ཏུ་དཀའ་བའི་གནས་ཡིན། དེ་དང་མཉམ་དུ་གལ་ཆེ་བ་ཞིག་ཡོད་པ་ནི་རང་གི་ཤེས་རབ་ཡིན། ཤེས་རབ་ལ་སྔོན་གྱི་ལས་ཀྱི་དབང་གིས་སྐྱེ་བ་ཞིག་དང་ཚེ་འདིར་སྦྱངས་པ་ལས་ཐོན་པ་ཞིག་དང་གཉིས་ཡོད་ལ་དེ་ལྟ་བུའི་ཤེས་རབ་ཅིག་དགོས་དོན་ནི་དཔལ་འབྱོར་བསྒྲུབ་པའི་གོ་སྐབས་དང་འཆར་གཞི། སྒྲུབ་པའི་ཐབས་ལག་ལེན། མན་ངག་གི་ཆིངས་བཅས་ལ་དབྱེ་ཞིབ་བྱ་དགོས་པའི་རྒྱུ་མཚན་གྱིས་ཡིན། དེ་ནི་དེང་གི་སྐད་ཆས་བཤད་ན་ཐབས་ཇུས་རེད། 
     ཐབས་ཇུས་ནི་དཔལ་འབྱོར་སྒྲུབ་མཁན་ཞིག་ལ་མཚོན་ན་ཆེས་གལ་ཆེ་བ་ཞིག་ཡིན་ལ་ཐབས་ཇུས་མེད་ན་དཔལ་འབྱོར་གྱི་ཐད་ནས་འབྲས་བུ་གཡར་དུ་ཟ་བ་ཞིག་ནམ་ཡང་ལོན་ཐབས་མེད། འདིར་ཆེད་དུ་གསལ་བཤད་བྱ་དགོས་པ་ནི་ནང་བསྟན་དཔལ་འབྱོར་རིག་པ་ནི་མིས་མི་ཟ་བའི་དཔལ་འབྱོར་རིག་པ་མིན་ལ་རང་གཞན་གྱི་ཁ་ཟས་སུ་བྱེད་པའི་དཔལ་འབྱོར་རིག་པའང་གཏན་ནས་མ་ཡིན་པར་ཡ་རབས་དང་བདེན་དྲང་གིས་དཔལ་འབྱོར་རང་གི་བདེ་ཐབས་དང་དཔལ་འབྱོར་ལ་སྙིང་བོ་ལེན་པའི་མཛངས་པའི་དཔལ་འབྱོར་རིག་པ་ཡིན་པས་ང་ཚོས་མི་བསད་ནས་མི་སྲོག་སྐྱོབ་པའི་དཔལ་འབྱོར་བསྒྲུབ་རྒྱུ་མ་ཡིན་པར་མི་ཟ་མཁན་གྱི་མི་དེ་དག་ཁ་གཏད་ཀྱི་ཐབས་ཇུས་ཤིག་དགོས་པ་ཡིན་ལ་དེ་དག་རིག་པས་འདུལ་བར་བྱེད་ཅིང་དེ་དག་རང་གི་དགོས་མཁོ་སྒྲུབ་བྱེད་དང་གཞན་དོན་སྒྲུབ་བྱེད་དུ་འཁྱེར་དགོས་པ་ཡིན་ནོ། །


     དེ་ནི་ནང་བསྟན་གྱི་མི་ཆོས་རིག་པ་དག་ལས་བཤད་ཡོད་ལ་དེ་ཡང་མཐར་ཐུག་ན་གཞན་དོན་དང་འབྲེལ་བ་ཡོད་པ་ཞིག་དང་རང་གཞན་གཉིས་ཕན་གྱི་བྱ་བ་ཞིག་གོ །གཞན་དོན་དུ་གཞན་པའི་མ་རུང་བ་དག་བཅོམ་ན་མི་ཆོག་རྒྱུ་ཅི་ཡང་མེད་དེ་བདག་ཅག་གི་སྟོན་པས། ཐབས་ལ་མཁས་པའི་སྤྱོད་པ་ལ། །གཡོ་སྒྱུར་ཐུབ་པས་གསུངས་པ་མེད། །ཅེས་གསུངས་པ་ལྟར་ཡིན་ནོ། །

 གཉིས་པ། དཔལ་འབྱོར་སྒྲུབ་བྱེད་ཀྱི་རིག་གནས།

     ནང་བའི་དཔལ་འབྱོར་གྱི་རིག་གནས་ནི་ནང་བསྟན་གྱི་གཞུང་ན་ཡོད་མོད་ཀྱང་དེ་དག་ལས་དཔལ་འབྱོར་ཇི་ལྟར་སྒྲུབ་པའི་རིག་གནས་ཤིག་ལོགས་སུ་ཡོད་པ་ནི་བཟོ་རིག་པ་དང་གསོ་བ་རིག་པ་གཉིས་ཡིན། དེ་ཡིན་དོན་ཡང་རིག་གནས་བཅུ་ལས་གཞན་རྗེས་སུ་འཛིན་པའི་རིག་གནས་གཉིས་ལས་བཟོ་རིག་པས་རྒྱུ་ནོར་ལ་སོགས་པ་བསྒྲུབས་ནས་གཞན་ལ་ཕན་འདོགས་པ་དེ་ཡིན་ལ་གསོ་བ་རིག་པས་ནད་གཞི་གསོ་བ་དང་མཉམ་དུ་རང་ལ་རྒྱུ་ནོར་གསག་རྒྱུ་དེ་ཡིན། དེ་ཡང་གསོ་བ་རིག་པ་ནི་མི་རེ་འགའ་ཞིག་གིས་བསྒྲུབ་རྒྱུ་ལས་མི་ཚང་མས་བསྒྲུབ་རྒྱུ་ཞིག་མིན་ལ་བཟོ་རིག་པ་ནི་མི་ཚང་མས་བསྒྲུབ་རྒྱུ་ཞིག་ལས་མི་རེ་གཉིས་ཀྱིས་བསྒྲུབ་རྒྱུ་ཞིག་མིན། དེ་ཡང་སྟབས་བདེ་བའི་སྒོ་ནས་བཤད་ན་བཟོ་འཚོང་དང་ཞིང་ཕྱུགས་ཀྱི་ཚན་རིག་སོགས་རེད། དེ་ནི་མི་རེ་རེས་བསྒྲུབ་དགོས་པ་ཞིག་སྟེ་རྒྱུ་མཚན་ཡང་མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས་ཚེགས་ཆུང་ངུས་ཤ་ཐང་མེད་པར་ལོངས་སྤྱོད་སྒྲུབ་པར་བྱ་བ་དང་། ལོངས་སྤྱོད་ལྡན་ཞིང་བཟོ་ཡི་གནས་ལ་མཁས་པས་འཇིག་རྟེན་པ་རྣམས་ཀྱིས་བཀུར་བར་བྱ་བ་དང་། ལོངས་སྤྱོད་ཀྱིས་སྒོ་ནས་གཞན་ལ་ཕན་པར་བྱ་བའི་ཕྱིར་ཚོལ་བར་བྱེད་དོ། །
     གསལ་བོར་ཤེས་དགོས་པ་ཞིག་ནི་བཟོ་རིག་པ་དེ་ཁྱབ་ཆེ་ལ་ཐོག་མར་ངོས་འཛིན་ནི་སྐབས་དེའི་རིག་གནས་ཀྱི་ཁྱབ་ཁོངས་དེ་ཙམ་ཡིན་ནའང་རིག་པ་གང་ཞིག་གི་ངོས་འཛིན་དེ་དེའི་མཚན་ཉིད་ལས་ཤེས་དགོས་ལ་སྐབས་དེའི་བཟོ་རིག་པ་ནི་དེ་ཙམ་དར་རྒྱས་སུ་མེད་ནའང་ཁོའི་ཁྱབ་ཁོངས་ངོས་འཛིན་ཐད་དུ་བཟོ་རིག་པ་ཡོད་ཚད་འདུས་པར་གསུངས་ཡོད་པས་གནའ་དེང་གི་བཟོ་རིག་དག་ཀྱང་འདིའི་ནང་དུ་འདུས་པར་གདོན་མི་ཟ་བས་ན་རྙིང་ཞེན་ཅན་དག་དང་གསར་ཞེན་ཅན་ལ་ལས་བཟོ་རིག་པ་ཟེར་བ་ནི་བོད་ཀྱི་དེ་སྔའི་བཟོ་རིག་པ་ཞིག་ཏུ་ངོས་འཛིན་པ་ནི་གུ་དོག་པའི་ལམ་དུ་ཞུགས་པ་ཡིན། དེ་དག་གིས་རྩོད་པ་བྱེད་དོན་ཅི་ཡང་མེད་དེ་བཟོ་རིག་པ་ཞིག་ཡིན་ཕྱིན་རིག་གནས་བཅུའི་ནང་དུ་འདུས་པར་གཟུང་ཆོག (རིག་གནས་བཅུ་ལ་ཞིབ་ཆ་ཅི་ཡང་མེད་པར་དེ་དག་ཚང་མ་བོད་ཀྱི་ཡིན་འདོད་པའང་ནོར་འཁྲུལ་ཆེན་པོ་ཞིག་ཡིན་ནོ། །)
     དེ་བས་བཟོ་རིག་པ་ལ་སྦྱང་དགོས་པ་ནི་གནའ་དེང་གི་ཁྱད་པར་མེད་ལ་གསར་རྙིང་གི་ཁྱད་པར་ཡང་མེད། དེ་བས་དཔལ་འབྱོར་གྱི་སྒོ་ནས་རང་གི་དགོས་པ་སྒྲུབ་པ་དང་གཞན་གྱི་དོན་གཉེར་བ་ནི་བཟོ་རིག་པའི་དོན་གྱི་གནད་ཡིན་པས་ཁྱིམ་པ་ཞིག་ཡིན་ན་ངེས་པར་དགོས་པའི་བྱ་བ་ཞིག་ཡིན། བཟོ་རིག་པ་དུས་རབས་དང་བསྟུན་ནས་དར་རྒྱས་སུ་འགྲོ་བཞིན་ཡོད་ལ་ཁྱིམ་པ་ཞིག་ཡིན་ན་བཟོ་རིག་པ་ལ་སྦྱོང་བ་ནི་དུས་རབས་ཀྱི་དགོས་མཁོ་ཡིན་ལ་རང་ཉིད་ཀྱི་དགོས་མཁོ་ཡང་ཡིན་པས་མཐར་གཏུགས་ན་རང་གཞན་གཉིས་ཀྱི་དོན་དུ་སྦྱོང་བ་ཞིག་རེད། དེ་བས་ནང་རིག་དང་འབྲེལ་ནས་བཟོ་རིག་པ་སྤྱི་ཚོགས་སུ་མི་མཁོ་བ་དང་སྤྱི་ཚོགས་ཀྱི་གེགས་རྒྱ། ཚན་རིག་གི་གེགས་རྒྱ་ཞིག་ཏུ་བསམ་པ་ནི་རང་ཉིད་ནང་རིག་ལ་མཁྱེན་རྒྱ་ཆུང་བ་དེ་ལས་ཅི་ཡང་མི་མཚོན་ཏེ་གནའ་བོའི་བཟོ་རིག་པ་ཞེས་པ་ནི་དོན་ལ་ཚན་རིག་གི་བརྡ་རྙིང་ལས་ཚིག་གི་དོན་ལ་ཁྱད་པར་ཅི་ཡང་མེད་དོ། །
གསུམ་པ། དཔལ་འབྱོར་ཇི་ལྟར་སྒྲུབ་པའི་ཚུལ།
     ནང་བསྟན་གྱི་དཔལ་འབྱོར་རིག་པ་ལྟར་ན་དཔལ་འབྱོར་ཇི་ལྟར་སྒྲུབ་པའི་ཚུལ་ནི་ཤིན་ཏུ་གལ་ཆེ་སྟེ་དེ་ནི་མི་རང་གི་བདེ་སྐྱིད་དང་ཐད་ཀར་འབྲེལ་ཡོད་པས་སོ། །དེ་བས་ཁོ་བོས་དབྱེ་ཞིབ་བྱས་པ་ལྟར་ན་གཤམ་གསལ་གྱི་གནད་འདི་དག་ལ་འབྲེལ་ཡོད་དེ།
1 རང་གི་ནོར་གྱི་སྲོག་ཆགས་གཞན་ལ་གནོད་པ་མི་བྱེད་པ།
     ནང་བའི་དཔལ་འབྱོར་རིག་པ་ལྟར་ན་དཔལ་འབྱོར་གྱི་དགོས་པ་ནི་རང་གཞན་ལ་བདེ་སྐྱིད་འབྱུང་བའི་ཆེད་དུ་ཡིན་ལ་རང་གི་བདེ་སྐྱིད་དང་གཞན་ལ་ཕན་འདོགས་པའི་སླད་དུ་ཡིན་པ་ལས་སྡིག་དང་མ་འདྲེས་པའི་དཔལ་འབྱོར་ཡིན་དགོས། མི་སུ་དང་སུ་ཡིན་རུང་རང་ཉིད་ལ་བདེ་སྐྱིད་འབྱུང་འདོད་པའི་རེ་བ་དེའི་ཆེད་དུ་རྩོལ་སྒྲུབ་བྱེད་པ་ལ་མི་དང་དུད་འགྲོ་མཐའ་དག་ལ་ཁྱད་པར་མེད་པས་མིས་རང་གི་བདེ་ཐབས་སུ་གཞན་ལ་གནོད་པ་སྐྱེལ་བ་ནི་དེང་གི་སྐད་ཆས་བཤད་ན་དངོས་པོའི་དཔལ་ཡོན་མིན་ལ་ཆོས་ལས་བཤད་ན་དཔལ་འབྱོར་བསྒྲུབ་པའི་དགོས་པ་མ་གྲུབ་པ་རེད། 
     དེ་ཡང་གཞན་ཞིག་བསད་དེ་རང་ཉིད་བདེ་བར་བྱེད་པ་ནི་རང་གི་གུ་དོག་པའི་བསམ་བློ་ཡིན་སྲོག་ཆགས་དག་ལའང་མི་དང་འདྲ་བའི་ཐོབ་ཐང་དང་འདྲ་མཉམ་གྱི་འདུ་ཤེས་གཟུང་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ལ་འདི་ནི་དེང་གི་སྐད་ཆས་བཤད་ན་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་དང་འབྲེལ་བའི་དཔལ་འབྱོར་སྒྲུབ་སྟངས་ཤིག་ཡིན་ལ། ནང་བསྟན་གྱི་སྐད་ཆ་ལྟར་ན་མི་དགེ་བ་དང་མ་འབྲེལ་བའི་དཔལ་འབྱོར་རེད། དེ་ཙམ་དུ་མ་ཟད་གཞན་ལ་གནོད་སྐྱེལ་བ་དེ་མཐར་རང་ལ་གནོད་སྐྱེལ་བ་ཞིག་སྟེ་གནས་སྐབས་སུ་ཁྱོད་ལ་དཔལ་འབྱོར་ཅུང་ཟད་ཙམ་རེ་བྱུང་ནའང་གཞན་ལ་འཕྲོག་བཅོམ་དང་རྐུ་གསོད་བྱེད་པ་དེ་གནས་སྐབས་སུ་ཕྱུག་པ་ཙམ་ལས་མཇུག་མི་བརྟན་པར་འབྲས་བུ་རང་སྟེང་ལ་སྨིན་འོང་བ་ནི་རྒྱུ་འབྲས་སུ་གྲུབ་པ་སྟེ་རང་ཉིད་དབུལ་བོ་དང་བཙོན་ཁང་། ཐ་ན་རང་གི་མིང་གྲགས་དང་ཁེ་ཕན་སོགས་ཡོད་ཚད་རྩ་མེད་དུ་གཏོང་བའི་ལས་ཤིག་ཡིན་པས་སོ། །
2 རང་གི་དཔལ་འབྱོར་གྱི་ཆེད་དུ་གཞན་གྱི་ཁེ་ཕན་མི་འཕྲོག་པ།
     མི་སུ་དང་སུ་ཡིན་རུང་དཔལ་འབྱོར་བསྒྲུབ་དགོས་མོད་དཔལ་འབྱོར་སྒྲུབ་དུས་མི་གསོད་པ་དང་རྐུ་བྱེད་པ། འཕྲོག་བཅོམ་བྱེད་པ། ཤོ་རྒྱག་པ། མགོ་གཡོག་མགོ་སྐོར་བྱེད་པ་དེའི་དཔལ་འབྱོར་ནི་མི་གཙང་བའི་དཔལ་འབྱོར་ཡིན་པ་ལས་དངོས་པོའི་དཔལ་ཡོན་མིན། ནང་བསྟན་གྱིས་དཔལ་འབྱོར་བསྒྲུབ་པ་ལས་གཞན་གྱི་ཁེ་ཕན་ལ་གནོད་པའི་བྱ་བ་དེ་རིགས་གཏན་ནས་བྱེད་མི་ཆོག་པར་འདོད། ནང་བསྟན་གྱི་དཔལ་འབྱོར་ནི་དྲང་ཞིང་དགེ་བའི་དཔལ་འབྱོར་ཡིན་ནོ། ། མི་གཙང་བའི་དཔལ་འབྱོར་དེ་གནས་སྐབས་སུ་ཕྱུག་པ་ཙམ་ལས་རང་གི་ཕུགས་འདུན་དང་མཐུན་པའི་དཔལ་འབྱོར་ཞིག་ཡིན་མི་སྲིད་དེ་ལ་གཞི་རྒྱ་ཆེ་བའི་དཔལ་འབྱོར་གཉེར་མཁན་ཞིག་ལ་མཚོན་ན་རང་གི་མིང་གྲགས་དང་གཞན་གྱི་ཡིད་རྟོན་ནི་རང་གི་དཔལ་འབྱོར་གྱི་རྨང་གཞི་ཡིན་པས་རང་གི་ཁེ་ཕན་ཆེད་དུ་གཞན་གྱི་ཁེ་ཕན་འཕྲོག་པ་ནི་རང་གི་དཔལ་འབྱོར་རྩ་མེད་དུ་གཏོང་བའམ་ཡང་ན་རང་གི་དཔལ་འབྱོར་འཕེལ་བའི་གེགས་རྒྱ་ཞིག་ཏུ་ཟད་དོ། །
3 དགེ་བའི་མཐུན་རྐྱེན་ལས་མི་དགེ་བའི་མཐུན་རྐྱེན་དུ་འགྱུར་མི་རུང་བ།
     ནང་བ་སངས་རྒྱས་པ་ཞིག་ཡིན་ན་དཔལ་འབྱོར་ནི་རང་གི་མཐུན་རྐྱེན་ཞིག་དང་རང་གིས་དགེ་བ་སྒྲུབ་བྱེད་ཅིག་ཡིན། དེ་བས་དཔལ་འབྱོར་སྒྲུབ་དུས་དང་དཔལ་འབྱོར་སྤྱོད་སྐབས་དགེ་བའི་ཕྱོགས་ཏེ་དོན་དང་ལྡན་པའི་ཕྱོགས་ཡིན་དགོས་པ་ལས་མི་དགེ་བའི་ཕྱོགས་དང་གཞན་ལ་གནོད་པའི་ཕྱོགས་ཡིན་ན་དཔལ་འབྱོར་གྱི་དགོས་པ་མ་གྲུབ་པའི་ཁར་ལོག་ཕྱོགས་ཀྱི་ནུས་པ་ཐོན་པ་རེད། དེ་བས་ལོག་ཕྱོགས་ཀྱི་ནུས་པ་ཐོན་པ་ཆེད་དུ་འགོག་དགོས་པ་ནི་དཔལ་འབྱོར་གྱི་རིན་ཐང་རིན་ཐང་དུ་ཤེས་པ་དང་དཔལ་འབྱོར་གྱི་རྩ་བའི་དགེ་མཚན་རྣལ་དུ་བཟུང་བ་ཞིག་ཡིན་ལ་མདོར་ན་དགེ་མཚན་གྱི་ཆེད་དུ་དགེ་མཚན་རློག་མི་ཉན་པ་དེ་རེད།
4 བདེ་སྐྱིད་ཀྱི་ཆེད་ཡིན་པ་ལས་སྡུག་བསྔལ་གྱི་རྐྱེན་དུ་འགྱུར་མི་རུང་བ།
     དཔལ་འབྱོར་བསྒྲུབ་པ་ནི་མི་རང་ལ་བདེ་སྐྱིད་འབྱུང་བའི་ཆེད་དུ་རེད། མི་ལ་ལས་དཔལ་འབྱོར་སྒྲུབ་པའི་གོ་རིམ་ནང་དུ་དཔལ་འབྱོར་གྱི་ཆེད་དུ་རང་གི་བདེ་བ་རློག་པར་བྱེད་པ་དེ་ནི་དཔལ་འབྱོར་བསྒྲུབ་པའི་དགོས་པ་མ་གྲུབ་པའི་ཁར་ལོག་པར་སོང་བ་རེད། དཔལ་འབྱོར་གཉེར་ན་དེའི་དགོས་པ་ཤེས་པར་བྱས་ནས་རང་ལ་བདེ་སྐྱིད་བསྐྲུན་དགོས་པ་ལས་རྨོངས་ཚོད་དང་ཐལ་དྲགས་པའི་སྲེད་པ། ཞེ་སྡང་གིས་རང་ཉིད་ཀྱི་འདི་མེད་ཕྱི་མེད་བྱེད་མི་རུང་། འདི་མེད་ཅེས་པ་ནི་ཚེ་འདིའི་བདེ་སྐྱིད་མ་གྲུབ་པ་དང་ཕྱི་མེད་ཅེས་པ་ནི་ཕྱི་མར་སྡུག་བསྔལ་བསྐྱེད་པ་ལ་ཟེར་བས་དེ་འདྲ་བ་ཞིག་ཏུ་གྱུར་ན་དཔལ་འབྱོར་དེ་ལ་དོན་སྙིང་གཏན་ནས་མེད་དོ། ། དེས་ན་མི་ཞིག་གིས་དཔལ་འབྱོར་སྒྲུབ་དུས་གཙོ་བོ་རང་གི་བདེ་སྐྱིད་སྐྲུན་པའི་དཔལ་འབྱོར་སྒྲུབ་སྟངས་ཡིན་དགོས་ལ་དཔལ་འབྱོར་ཕྲན་ཚེགས་ཤིག་གི་ཆེད་དུ་རང་གི་བདེ་བ་མི་བརླག་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་གོ ། དེང་སང་གི་དཔལ་འབྱོར་གྱི་ནད་གཞི་ཡང་དཔལ་འབྱོར་གྱི་ཆེད་དུ་རང་ཉིད་ཀྱི་ལུས་ཀྱི་བདེ་ཐང་དང་། སེམས་ཀྱི་ཞི་བ་སོགས་ཡོད་ཚད་རྩ་མེད་དུ་བཏང་ནས་གཞན་དང་འགྲན་རྩོད་ལས་ཞེ་སྡང་གི་དཔལ་མ་ནོན་ཞིང་འདོད་ཆགས་ཀྱི་ཚོད་མ་ཟིན་པར་གཞན་ལ་སྡུག་བསྔལ་སྣ་ཚོགས་བསྐྱེད་པ་དེ་ཡིས་འགྲོ་བ་མིའི་རིགས་དུད་འགྲོ་ལས་ཐུ་བ་ཞིག་ཏུ་གྱུར་ཡོད། དེ་ནི་དཔལ་འབྱོར་གཉེར་ཏེ་རང་ཉིད་རྩ་མེད་དུ་གཏོང་ཞིང་རང་གཞན་གྱི་བདེ་སྐྱིད་རློག་པར་བྱེད་པ་སྟེ་ནུབ་ཕྱོགས་ཀྱི་དཔལ་འབྱོར་རིག་པས་ཐག་གཏན་ནས་མི་ཆོད་པའི་གནད་དོན་དུ་གྱུར་ཡོད་ལ་འདི་ལྟ་བུའི་གནད་དོན་མང་བོའི་ཁྲོད་དུ་ནང་བསྟན་དཔལ་འབྱོར་རིག་པ་དགོས་མཁོ་ཆེ་བའི་གནད་ཀྱང་དེ་ལ་ཐུག་ཡོད་དོ། །

རྩོམ་སྒྲིག་འགན་འཁུར་བ།   ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-04-08 ལྟ་ཀློག (4512)