གནམ་སྐྱོང་རྒྱལ་པོའི་བང་སོའི་རྩིག་ངོས་ཀྱི་ཡི་གེ་དང་རི་མོ་ལས་འཕྲོས་པའི་གཏམ།

༄༅།།གནམ་སྐྱོང་རྒྱལ་པོའི་བང་སོའི་རྩིག་ངོས་ཀྱི་ཡི་གེ་དང་རི་མོ་ལས་འཕྲོས་པའི་གཏམ།
ཆབ་འགག་རྟ་མགྲིན།
གཅིག གླེང་གཞི། 
         དེ་ཡང་《ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་》དང་《པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་》ལས་གནམ་སྐྱོང་རྒྱལ་པོས་དམ་པའི་ཆོས་སློབ་ཆེད་བོད་ཡིག་ཀློག་ཚུལ་ཚགས་སུ་ཆུད་པར་སྦྱངས་རྗེས།  རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་《ལམ་ཁྲིད་ཚིགས་བཅད་མའི་》སྟེང་ནས་ལམ་རིམ་སྦྱངས་བ་དང་།  བླ་མའི་བཀའ་བཞིན་བདུན་གཉིས་ཀྱི་རིང་སྐུ་བཅད་རྒྱ་དམ་པོས་ཕྱིར་བཟློག་གི་ལྗགས་བཟླས་འབུམ་ཕྲག་ལྷག་འགྲོ་ངེས་མཛད་པ།  བླ་མ་ལྕང་སྐྱ་རོལ་བའི་རྡོ་རྗེ་ལ་བདེ་མཆོག་གི་དབང་ཞུས་ཤིང་།  "དབང་གནང་དུས་རྗེ་བླ་མ་ཉིད་ཁྲི་མཐོན་པོ་ལ་བཞུགས་སུ་གསོལ་ཞིང་།  གོང་མ་རང་ཉིད་སྟན་དམའ་བ་ལ་བཞུགས་ཏེ་དབང་མ་གྲོལ་བར་དུ་ཞབས་པུས་བཙུགས་ཤིང་ཐུགས་དང་སྙན་གཏོད་པ་སོགས་ཚུལ་དང་མཐུན་པར་མཛད།   དབང་ཞུ་བའི་ཐོག་མའི་ཕྱག་རྟེན་དུ་གསེར་སྲང་བརྒྱ་ལས་གྲུབ་པའི་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་བཀོད་པ་ཕུལ་བས་མཚོན་དབང་གི་ཡོན་དུ་དངོས་འབུལ་ཀྱང་བསམ་གྱིས་མི་ཁྱབ་པ་ཕུལ"པ།  གནམ་སྐྱོང་རྒྱལ་པོས་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་ཀྱང་མགོན་པོ་ཕྱག་དྲུག་པའི་རྗེས་གནང་གཟབ་བཤད་དང་བཅས་པ་ཞུས་ཤིང་། ཁོང་གིས་སྲས་དྲུག་པས་དགའ་ལྡན་ལྷ་བརྒྱ་མའི་བཤད་ལུང་ཞུས་པ་དང་།  གནམ་སྐྱོང་རྒྱལ་པོས་ཆེས་གཅེས་གནང་མཛད་པའི་སྲས་མོ་བཅུ་པར་པཎ་ཆེན་རིན་པོ་ཆེས་རྒྱལ་པོའི་བཀའ་བཞིན་ཚེ་དཔག་མེད་དང་སྒྲོལ་མ་དཀར་ལྗང་གི་སྙིང་པོའི་གཟུངས་ཀྱི་ལྗགས་ལུང་བསྩལ་ཞིང་མཚན་ལའང་བསོད་ནམས་དཔལ་གྱི་སྒྲོལ་མ་ཞེས་པའི་ཆོས་མཚན་གནང་པ་སོགས་འཁོད་པ་དང་།  ཆིང་གོང་མ་རིམ་བྱོན་གྱིས་ཧོ་པའེ་ཞིང་ཆེན་ཁྲིན་ཏེ་གྲོང་ཁྱེར་གྱི་ཚ་འབྱོལ་ཕོ་བྲང་གི་ཕྱི་རོལ་དུ་གྲུ་འཛིན་བསྟན་པའི་རྩ་བའི་ལྷ་ཁང་ངམ་རྩེ་པོ་ཏ་ལ་དང་།  ཀུན་བདེ་ལྷ་ཁང་ངམ་བསམ་ཡས་གཙུག་ལག་ཁང་། བཀྲ་ཤིས་ལྷུན་པོའི་ལྷ་ཁང་།  ཡུན་བདེ་ལྷ་ཁང་།  ཀུན་སྐྱིད་ལྷ་ཁང་།  ལེགས་རྒྱས་ལྷ་ཁང་།  ཐུགས་རྗེ་རྒྱས་པའི་ལྷ་ཁང་སོགས་གོང་མ་ཚང་གི་དགོན་སྡེ་དང་ལྷ་ཁང་བཅུ་གཉིས་བཞེངས་པ་མཇལ་རྗེས།   ཡིད་ཀྱི་མེ་ལོང་ངོས་སུ་ཆིང་གི་རྒྱལ་པོ་རྣམས་བོད་བརྒྱུད་ནང་བསྟན་ལ་དད་པ་ཆེན་པོ་ཡོད་པའི་སྙམ་པའི་གཟུགས་བརྙན་ཅིག་ཅར་དུ་ཤར་མོད། འོན་ཀྱང་དེང་གི་ཆབ་སྲིད་ཞིབ་འཇུག་པ་ཁག་ཅིག་གིས་ཆིང་རྒྱལ་རབས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་མང་པོ་བཞེངས་པ་ནི་སྐབས་དེའི་ཆབ་སྲིད་ཀྱི་དགོས་མཁོའམ་རྒྱལ་ཁབ་གཅིག་གྱུར་དང་མཐའ་མཚམས་ཞོད་འཇགས་ཡོང་བའི་ཐབས་ཇུས་ཙམ་ཡིན་པར་བཤད་ལ།  གནམ་སྐྱོང་རྒྱལ་པོ་རང་གིས་ཀྱང་"ཞྭ་སེར་བསྟན་པ་མཆོག་ཏུ་བཟུང་བ་ནི་།  སོག་པོ་ཚོའི་འདོད་པ་དང་བསྟུན་པ་ཡིན།"ཞེས་པ་དང་།  "ངེད་ཀྱིས་ལྷ་ཁང་(ཡུན་བདེ་ལྷ་ཁང་)འདི་བཞེངས་པ་ནི་སྤྱིར་ཞྭ་སེར་ གྱི་བསྟན་པ་རྒྱས་པར་བྱེད་པ་ཙམ་མ་ཡིན་པར་སྐྱེ་བོ་རྣམས་བདེ་འཇགས་སུ་བཀོད་ནས་ཐག་རིང་པོའི་སྡེ་རིས་རྣམས་མནལ་དུ་བཀོད་ཅིང་། ཡུན་རིང་དུ་ཚད་མེད་པའི་དགའ་བས་རོལ་ནས་བདེ་ལེགས་ལ་ལོངས་སྤྱོད་པར་འགྱུར་སྙམ་པ་ཡིན"ཞེས་གསུངས་ཡོད་པས། མགོ་བོ་རྨོངས་ཤིང་ཐེ་ཚོམ་གྱི་དྲ་བར་ཚུད་ནས་དོན་གྱི་རང་བཞིན་ངོ་མ་གང་ཡིན་ཐག་མ་ཆོད་པར་ལུས་པའི་སྐབས་སུ།  བརྙན་འཕྲིན་ལས་ཆིང་རྒྱལ་རབས་ཀྱི་ཤར་ངོས་བང་སོ་ཁྲོད་ཀྱི་གནམ་སྐྱོང་རྒྱལ་པོའི་བང་སོ་ཕྱི་ལ་མཇལ་དུ་འཇུག་ཅིང་དེའི་རྩིག་ངོས་སུ་ནང་བསྟན་ཀྱི་སྐུ་བརྙན་དང་གཟུངས་སྔགས་སྣ་ཚོགས་མང་དུ་བཞེངས་ཡོད་པ་ཤེས་བྱུང་།དེས་ན་གནམ་སྐྱོང་རྒྱལ་པོའི་བང་སོའི་ནང་རོལ་དུ་སྐུ་བརྙན་དང་གཟུངས་སྔགས་ཇི་འདྲ་བཞེངས་ཡོད་པ་ནི་རྒྱལ་པོ་དེ་ཉིད་བོད་བརྒྱུད་ནང་བསྟན་ལ་དད་མི་དད་ཐག་གཅོད་པའི་ཁུངས་ལུང་ཚད་མ་ཡིན་པས།  མགྱོགས་པོར་སློབ་གླིང་ལ་སྙན་སེང་ཞུས་ཤིང་ཁོང་ཚོས་གྲོན་དངུལ་གྱི་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་བང་སོ་དེར་མཇལ་བའི་སྐལ་བ་སྨིན་བྱུང་།  དེ་ཡང་།  སྤྱི་ལོ2011ལོའི་ཟླ་8པའི་    ཚེས་15ཉིན་ཟི་ལིང་ནས་ལམ་ལ་ཆས་ཏེ་པེ་ཅིན་ལ་སླེབས་ཤིང་།  ཚེས་17ཉིན་པེ་ཅིན་དུ་རླངས་འཁོར་ལ་བསྡད་དེ་ཙུན་ཧྭ་གྲོང་ཁྱེར་ཕྱོགས་སུ་སྤྱི་ལེ་125ཙམ་སོང་ཚེ་ཆིང་རྒྱལ་རབས་ཀྱི་ཤར་ངོས་བང་སོ་ལ་སླེབས་བྱུང་།  
གཉིས།   གནམ་སྐྱོང་རྒྱལ་པོའི་བང་སོ་ངོ་སྤྲོད།
      ཆིང་རྒྱལ་རབས་ཀྱི་ཤར་ངོས་བང་སོ་དེར་ཆིང་གི་གོང་མ་དང་པོ་ཧྲིན་ཀྲི་དང་།   གཉིས་པ་བདེ་སྐྱིད།   བཞི་བ་གནམ་སྐྱོང་།   བདུན་པ་ཡན་ཧྥུན།   བརྒྱད་པ་ཐུང་ཀྲི་བཅས་གོང་མ་ལྔ་དང་།   བཙུན་མོ་ཞའོ་ཀྲོང་དང་ཞའོ་ཧོས།   ཚི་ཨན།   ཚི་ཞི་སོགས་ཆེན་མ་15དང་ཆུང་མ་136།  རྒྱལ་སྲས་གཅིག  བསྡོམས་པས་མི་157གྱི་ བང་སོ་ཡོད་ཅིང་།   རྒྱལ་པོ་རྣམས་ཀྱི་བང་སོ་ཕྱིའི་བཟོ་བཀོད་དང་སྒྲིག་གཞི་ཧ་ལམ་གཅིག་པ་ཡིན་སྟེ།  བློན་པོ་དང་དམག་དཔོན།   རྟ།    རི་དྭགས་ཡ་མ་གཟུགས།    གླང་མོ་ཆེ།   རྔ་མོང་།   སེང་གེ་སོགས་ཀྱི་རྡོ་བརྙན་དང་རྡོ་རིང་ཁང་། ཤར་ནུབ་ཤག་ཁང་།   འདད་གཏོང་སྒོ་མོ་ཆེ།    ཤར་ནུབ་གཞོགས་གནས་ཕོ་བྲང་།  འདད་གཏོང་ཕོ་བྲང་།(隆恩段)  ས་འོག་ཕོ་བྲང་ངམ་གསང་བའི་ཕོ་བྲང་སོགས་ལས་གྲུབ་ཡོད། 
       ཆིང་རྒྱལ་རབས་ཀྱི་ཤར་ངོས་བང་སོ་་ལས་གནམ་སྐྱོང་རྒྱལ་པོའི་ས་འོག་ཕོ་བྲང་མ་གཏོགས་གཞན་རྣམས་ད་དུང་ཕྱི་ཕྱོགས་སུ་སྒོ་ཕྱེ་མེད་པས།  དེའི་སྒྲིག་གཞི་དང་བཟོ་བཀོད་སོགས་ངོ་སྤྲོད་བྱས་ན།   གནམ་སྐྱོང་རྒྱལ་པོའི་ས་འོག་ཕོ་བྲང་དེ་ཁང་པ་རིམ་པ་བཞི་ལས་གྲུབ་ཅིང་རིམ་པ་རེ་རེར་རྡོའི་སྒོ་ཆེན་གཅིག་རེ་སྟེ།      བསྡོམས་པས་སྒོ་ཆེན་བཞི་ལ་སྒོ་གླེགས་བརྒྱད་ཡོད་པའི་སྟེང་དུ་རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་སྤྱན་རས་གཟིགས།   གསང་བདག་ཕྱག་ན་རྡོ་རྗེ།     རྗེ་བཙུན་བྱམས་པ་མགོན་པོ། འཕགས་པ་སའི་སྙིང་པོ།   སྒྲིབ་པ་རྣམ་སེལ།    ནམ་མཁའི་སྙིང་པོ།   འཕགས་པ་ཀུན་ཏུ་བཟང་པོ་བཅས་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་བརྙན་བཞེངས་ཡོད།   ཁང་རིམ་དང་པོའི་གཡས་གཡོན་གྱི་རྡོ་རྩིག་ངོས་སུ་རྣམ་ཐོས་སྲས་དང་ཡུལ་འཁོར་སྲུང་།    འཕགས་སྐྱེས་པོ།    སྤྱན་མི་བཟང་བཅས་རྒྱལ་ཆེན་སྡེ་བཞིའི་སྐུ་བརྙན་དང་།    ཀླད་ངོས་སུ་གདུགས་དཀར་མཆོག་གྲུབ་མའི་གཟུངས་སྙིང་པོ་དང་ཉེ་བའི་སྙིང་པོ་སོགས་གཟུངས་སྔགས་མང་པོ་བཞེངས་ཡོད་ཅིང་།  ཁང་རིམ་གཉིས་པའི་གཡས་གཡོན་གྱི་རྩིག་ངོས་སུ་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འདོད་ཡོན་ལྔའི་རི་མོ་དང་།   རྒྱལ་བ་ཤཱཀྱ་ཐུབ་པ་དང་།   རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ།     རིན་ཆེན་འོད།    ཀླུ་དབང་གི་རྒྱལ་པོ།    དཔའ་བོའི་སྡེ།    དཔལ་དགྱེས།     རིན་ཆེན་མེ།    རིན་ཆེན་ཟླ་འོད།     མཐོང་བ་དོན་ཡོད། རིན་ཆེན་ཟླ་བ།   དྲི་མ་མེད་པ།    དཔལ་སྦྱིན་སོགས་དེ་བཞིན་གཤེགས་པ་ལྷ་སོ་ལྔའི་སྐུ་བརྙན་བཞེངས་ཡོད།    ཁང་རིམ་གསུམ་པའི་རྩིག་ངོས་སུ་བཀྲ་ཤིས་རྟགས་བརྒྱདཀྱི་རི་མོ་དང་གདུགས་དཀར་མཆོག་གྲུབ་མའི་གཟུངས་སྔགས་རིང་མོ།   སྤྱན་རས་གཟུགས་ཀྱི་གཟུངས་སྔགས།    སེང་གེ་སྒྲས་དམ་བཅས་པའི་གཟུངས་སྔགས་སོགས་བཞེངས་ཡོད།   ཁང་རིམ་བཞི་པ་སྟེ་ཆེས་ཕུགས་ཀྱི་ཁང་པའི་དབུས་སུ་གནམ་སྐྱོང་རྒྱལ་པོའི་གདུང་སྒམ་ཡོད་ཅིང་གཡས་གཡོན་དུ་བཙུན་མོ་ཆེན་ཆུང་ལྔའི་གདུང་སྒམ་བཞག་ཤུལ་ཡོད།   ཕྱོགས་ཀྱི་རྩིག་ངོས་སུ་རྣམ་རྒྱལ་མའི་གཟུངས་རྒྱས་པ་སོགས་གཟུངས་སྔགས་སྣ་ཚོགས་ཀྱིས་ཁྱབ་པར་བཞེངས་པ་དང་།   ཤར་ནུབ་ཀྱི་རྩིག་ངོས་གོང་དུ་མཚན་དཔལ་ཤིན་ཏུ་ཡོངས་གྲགས་དང་ཀླུ་དབང་གི་རྒྱལ་པོའི་སྐུ་བརྙན་སོགས་བཞེངས་ཡོད་པ་རེད། 
མདོར་ན་གནམ་སྐྱོང་རྒྱལ་པོའི་ས་འོག་ཕོ་བྲང་དུ་ཉེ་བའི་སྲས་ཆེན་བརྒྱད་དང་རྒྱལ་ཆེན་སྡེ་བཞི།    དེ་བཞིན་བཤེགས་པ་ལྷ་སོ་ལྔ་སོགས་བསྡོམས་པས་ནང་བསྟན་གྱི་སྐུ་བརྙན་46དང་།    མཆོད་རྟེན་2།   བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་3།      འདོད་ཡོན་ལྔའི་རི་མོ་བཅས་བརྐོ་བཞེངས་བྱས་ཤིང་།   བོད་ཡིག་གི་བྲིས་པའི་གཟུངས་སྔགས་ཡིག་འབྲུ་29464དང་།    ལཉྫ་ཡིག་འབྲུ་647བསྐོ་བཞེངས་བྱས་ཡོད་སྐད། 

ཡིག་ཚགས་སུ་འཁོད་པ་ལྟར་ན།  

       གནམ་སྐྱོང་རྒྱལ་པོའི་འདད་གཏོང་ཕོ་བྲང་གི་མཆོད་ཁང་དུའང་བྱུ་རུའི་ཕྲ་ཚོམ་བཀོད་པའི་ཙན་དན་གྱི་མཆོད་ཁྲི་ཞིག་གི་སྟེང་དུ་ཙན་དན་གྱི་སྐུ་སྒྲོམ་གཅིག་ཡོད་ཅིང་།     དེའི་ནང་དུ་ཟངས་སྐུ་ཞིག་བཞུགས་པ་དང་ཕྱག་ཏུ་མུ་ཏིག་རྡོག་ཆེན་ཞིག་བསྣམས་ཡོད།     མདུན་དུ་མུ་ཏིག་གིས་སྦྲེལ་བའི་མཆོད་ཀོང་ཆ་གཉིས་དང་ཟངས་ཀྱི་མཆོད་ཀོང་ཆ་གཉིས་བསྙེན་བཀུར་ཞུས་ཡོད།     མཆོད་སྟེགས་ཤིག་གི་སྟེང་དུ་བ་སོའི་སྐུ་བརྙན་དགུ་དང་གསེར་གྱི་རྒྱལ་སྲས་སྣ་བདུན།     གསེར་གྱི་བཀྲ་ཤིས་རྟགས་བརྒྱད་།    རྨ་བྱའི་སྒྲོ་དང་རྩྭ་ཀུ་ཤ་ཡོད་པའི་བུམ་པ་ཆ་གཉིས་བསྙེན་བཀུར་ཞུས་ཡོད།    ཤེལ་གྱི་ཕྲ་ཚོམ་བཀོད་པའི་ཙན་དན་གྱི་ཁྲི་སྟེགས་བརྒྱད་ཀྱི་སྟེང་དུ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་ཟངས་སྐུ་བཞུགས་ཤིང་། མཆོད་སྟེགས་སྟེང་དུ་བཀྲ་ཤིས་རྟགས་བརྒྱད་དང།     གསེར་གྱི་མཆོད་རྟེན་གཅིག    གསེར་གྱི་བློས་བསླངས་གཅིག     བྱུ་རུའི་སྡོང་བོ་ཆ་གཅིག་བཙུགས་པའི་གཡུ་རྩིའི་བུམ་པ་བཅས་བསྙེན་བཀུར་ཞུས་ཡོད།     ཙན་དན་གྱི་སྤོས་ཁྲིའི་སྟེང་དུ་གཡུ་རྩིའི་མཆོད་ཆས་ལྔ་བསྙེན་བཀུར་ཞུས་ཡོད།     དེ་མིན་ད་དུང་བ་སོའི་མཆོད་ཀོང་ཆ་གཅིག་དང་སྤོས་ཕོར་སོགས་མཆོད་ཆས་དང་དངོས་རྫས་མང་པོའང་བསྙེན་བཀུར་ཞུས་ཡོད་པ་རེད། (འདི་དག་ད་ལྟ་མཐོང་རྒྱུ་མེད)

གསུམ།  གནམ་སྐྱོང་རྒྱལ་པོའི་བང་སོའི་རྩིག་ངོས་སུ་སྐུ་བརྙན་དང་གཟུངས་སྔགས་བཞེངས་པའི་དགོས་པ་བཤད་པ། 

       གནམ་སྐྱོང་རྒྱལ་པོའི་བང་སོ་ཧྲིལ་བོ་ལས་ཆེས་གནད་འགག་དང་ཆེས་གསང་བའི་གནས་སུ་གྱུར་བའི་ས་འོག་ཕོ་བྲང་གི་རྩིག་ངོས་སུ་ནང་བསྟན་གྱི་སྐུ་བརྙན་དང་གཟུངས་སྔགས་དེ་འདྲ་མང་པོ་བཞེངས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན།   དེ་ནི་ཡོན་རྒྱལ་རབས་དང་མིང་རྒྱལ་རབས་རིམ་བྱོན་ནས་བོད་བརྒྱུད་ནང་བསྟན་ལ་དད་ཅིང་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཆོས་ཀྱི་བླ་མར་བཀུར་བའི་སྲོལ་ཆེས་ཆེར་དར་བ་དང་།  ཆིང་རྒྱལ་རབས་སུ་སླེབས་ཚེ་ཞྭ་སེར་བསྟན་པ་ནི་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་གྱུར་པས།   མན་ཇུའི་རྒྱལ་པོ་ནོར་ཨར་ཧྭ་ཁྲི(怒尔哈赤)ནས་ཆིང་རྒྱལ་རབས་རིམ་བྱོན་ཀྱིས་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཆོས་ཀྱི་བླ་མར་བཀུར་ཞིང་སྲིད་ཀྱི་གྲོགས་དན་དུ་བསྟེན་པ་དང་། སྒོས་སུ་གནམ་སྐྱོང་རྒྱལ་པོས་བོད་ཡིག་ཀློག་ཚུལ་ཚགས་སུ་ཆུད་པར་སྦྱངས་ནས་དམ་པའི་ཆོས་སློབ་ཅིང་རྒྱལ་ཁབ་ཀྱི་བླ་མ་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་རྣམ་གཉིས་ཆོས་ཀྱི་བླ་མར་བསྟེན་ནས་དབང་ལུང་མན་ངག་ཞུས་པ་སོགས་ལ་བརྟེན་ནས།   ནང་བསྟན་ཆོས་ལུགས་ལ་དགའ་ཞེན་ཆེན་པོ་དང་དད་པ་བརྟན་པོ་བརྙེས་པའི་རྐྱེན་གྱིས་རེད།   དེ་གང་གིས་ཤེས་ཟེར་ན།

     1.སྐུ་བརྙན་དང་གཟུངས་སྔགས་དེ་དག་གི་ ཕན་ཡོན་ལས་ཤེས།དེ་ཡང་།གདུགས་དཀར་མཆོག་གྲུབ་མའི་གཟུངས་སྔགས་ཀྱི་ཕན་ཡོན་ནི་《བཀའ་འགྱུར》ལྦཾ་དུམ་པ(P143)ལས། "ལྷའི་དབང་པོ་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ།   སྡིག་པ་དང་།   ལས་དང་།   སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ།       བདེ་འགྲོའི་ལམ་ཐམས་ཅད་དུ་འགྲོ་བ་དང་།   ངན་འགྲོ་ཐམས་ཅད་རྣམ་པར་འཇིག་པར་བྱེད་་་་་་་་་་"ཅེས་འཁོད་པ་དང་། ཐུགས་རྗེ་ཆེན་པོའི་གཟུངས་སྔགས་ཀྱི་ཕན་ཡོན་ནི།《བཀའ་འགྱུར》གྱི་ཨེ་དུམ་པ་(P172)ལས། "ཐུགས་རྗེ་ཆེན་པོའི་རིག་སྔགས་འདི་འདོན་ཅིང་ཡོངས་སུ་འཛིན་པར་བགྱིད་པ་དེ་དག་ནི་་་་་་་་་་་་་་སྐྱེ་བ་ཐམས་ཅད་དུ་རྒྱལ་པོ་དགེ་བ་དང་མཇལ་བར་འགྱུར་བ་དང་། རྟག་པར་ཡུལ་དགེ་བར་ སྐྱེ་བར་འགྱུར་བ་དང་།    རྟག་པར་དུས་བཟང་པོ་དང་མཇལ་བར་འགྱུར་བ་དང་།   རྟག་པར་དགེ་བའི་བཤེས་གཉེན་དང་མཇལ་བར་འགྱུར་བ་དང་།   རྟག་པར་ལུས་ཀྱི་དབང་བོ་ཚང་བར་འགྱུར་བ་དང་།   ལམ་གྱི་སེམས་ལ་གོམས་པར་འགྱུར་བ་དང་།    སྡོམ་པའི་ཚུལ་ཁྲིམས་ཉམས་པར་མི་བགྱིད་པ་དང་།  འཁོར་རྣམས་དྲིན་གྱིས་འདྲིས་ཤིང་འདུམ་པར་འགྱུར་བ་དང་།      འཚོ་བའི་ཡོ་བྱད་རྣམས་རྟག་པར་འབྱོར་ཅིང་ལྡན་པར་འགྱུར་པ་དང་།     རྟག་པར་གཞན་གྱིས་བཀུར་ཞིང་རིམ་གྲོ་བགྱིད་པར་འགྱུར་པ་དང།     ཡོ་བྱད་བདོག་པ་རྣམས་གཞན་དུ་འགྲུབ་པར་འགྱུར་པ་དང།   ལྷ་དང་།   ཀླུ་དགེ་བ་རྣམས་ཀྱིས་རྟག་ཏུ་སྲུང་ཞིང་ཡོངས་སུ་སྐྱོབ་པར་འགྱུར་བ་དང། སྐྱེ་བ་ཐམས་ཅད་དུ་སངས་རྒྱས་མཐོང་ཞིང་ཐོས་པར་འགྱུར་པ་དང་།    ཡང་དག་པའི་ཆོས་ཐོས་ནས་དོན་ཟབ་མོ་རྟོགས་པར་འགྱུར་པ་དག་ལགས།"ཞེས་ཐུགས་རྗེ་ཆེན་པོའི་རིག་སྔགས་འདོན་ཞིང་ཡོངས་སུ་འཛིན་པར་བྱས་ན་དགེ་བའི་སྐྱེ་བ་རྣམ་པ་བཅོ་ལྔ་ཐོབ་པར་འགྱུར་བ་བསྟན་ཡོད།   

རྣམ་རྒྱལ་མའི་གཟུངས་སྔགས་ཀྱི་ཕན་ཡོན་ནི། 《བཀའ་འགྱུར》གྱི་ལྦཾ་དུམ་པ་(P84-85)ལས།  "ཕྱིར་བཟློག་རྣམ་པར་རྒྱལ་བ་ཅན༎   རྒྱལ་བ་འབྱུང་བ་གསུངས་པ་འདི༎  གང་གི་མགུལ་དུ་འདི་བཏགས་པ༎   དེས་ནི་རྒྱལ་འགྱུར་ཐེ་  ཚོམ་མེད༎     སྡིག་དང་ རྨི་ངན་བཀྲ་མི་ཤིས༎   རྒྱལ་བོ་མེ་དང་ཆོམ་རྐུན་དགྲ༎   དེ་དག་རྣམས་ཀྱིས་དེ་མི་ཚུགས༎   གང་གི་མགུལ་དུ་འདི་བཏགས་པ༎   དེ་ནི་ཆུ་ཡིས་བྱེར་མི་འགྱུར༎    སྡིག་པ་ཡང་དག་བྱང་བར་འགྱུར༎        དགེ་བ་རྣམས་ནི་  རྟག་ཏུ་འཕེལ༎ ནད་མེད་པ་ཡང་ འཐོབ་པར་འགྱུར༎"ཞེས་འཁོད་ཡོད།       ལྷ་ཚོགས་སོ་ལྔ་བཞེངས་པའི་ཕན་ཡོན་ནི།   《ཕུང་བོ་གསུམ་པའི་མདོ་》  ལས།   ཚེ་རབས་ཀྱི་སྡིག་པ་མི་དགེ་བ་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པ་དང་།   དགེ་བ་ཕྲ་མོ་ཚུན་ཆད་ཅི་མཆིས་པ་མཐོ་རིས་དང་ཐར་པའི་རྒྱུར་སྨིན་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་འབྱུང་བར་གསུངས་ཡོད།    དེས་ན་གནམ་སྐྱོང་རྒྱལ་པོའི་བང་སོའི་རྩིག་ངོས་སུ་སྐུ་བརྙན་དང་གཟུངས་སྔགས་དེ་དག་བཞེངས་པ་ནི་ཁོང་ཉིད་གཟུངས་སྔགས་དང་སྐུ་བརྙན་དེ་དག་གི་ཕན་ཡོན་ལ་དད་པ་བརྟན་པོ་བརྙེས་པའི་མཚོན་རྟགས་ཚད་མ་རེད།
     2.དུར་འཇུག་གི་ལུགས་སྲོལ་ལས་ཤེས།འཇིག་རྟེན་གྱི་ཁམས་འདིར་ཆེ་བ་ས་སྐྱོང་རྒྱལ་པོ་ཆེན་པོ་ནས་ཆུང་བ་འབངས་རྩྭ་མི་ཤིང་མའི་བར་གྱི་སྐྱེ་བོ་རྣམས་སྟོབས་འབྱོར་མངའ་ཐང་ལ་ཁྱད་པར་ཆེན་པོ་ཡོད་ཀྱང་།   གང་ཞིག་ཚེ་ལས་འདས་རྗེས་བང་སོ་གནས་གང་དུ་ཚུལ་ཇི་ལྟར་སྦ་རྒྱུ་དེ་གཤིན་པོའི་ཁམས་དང་བསྟུན་པ་དང་།   དུར་རྫས་སུ་སྦ་བའི་དངོས་པོའང་གཤིན་པོ་ཆེས་དགའ་ཞིང་ཞེན་པའི་དངོས་པོའམ་ཆེས་རིན་ཐང་ཆེ་བའི་དངོས་པོ་ཡིན་པ་ནི་འགྲོ་བ་མིའི་རིགས་ཀྱི་གཤིསལུགས་ལྟ་བུར་གྱུར་པ་ཡིན་ན།   གནམ་སྐྱོང་ཁྲི་ལོ་བརྒྱད་པ་ནས་ཁྲི་ལོ་བཅུ་བདུན་བར་བཞེངས་པའི་བང་སོའང་གནམ་སྐྱོང་རྒྱལ་པོ་རང་གི་ཐུགས་བཀོད་དང་ཐུགས་མོས་ལྟར་བཞེངས་པ་སྨྲས་མ་འཚལ།   དེས་ན་གནམ་སྐྱོང་རྒྱལ་པོའི་བང་སོའི་རྩིག་ངོས་སུ་སྐུ་བརྙན་དང་གཟུངས་སྔགས་མང་པོ་བཞེངས་པ་ནི་རྒྱལ་པོ་དེ་ཉིད་ནང་བསྟན་ཆོས་ལུགས་ལ་དགའ་ཞེན་ཆེན་པོ་ཡོད་པའི་དཔང་རྟགས་དངོས་རེད།
     3.ལྡེབས་རིས་དང་ཡིག་རིགས་གཞན་མེད་པ་ལས་ཤེས།   གནམ་སྐྱོང་རྒྱལ་པོ་ནི་ཀྲུང་གོའི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ལོ་རྒྱུས་སྟེང་དབང་བསྒྱུར་དུས་ཡུན་ཆེས་རིང་ཞིང་དགུང་ལོ་ཆེས་མཐོ་བའི་གོང་མ་ཡིན་པ་དང་།  ཁོང་གིས་དབང་བསྒྱུར་མཛད་སྐབས་ཆིང་རྒྱལ་རབས་ཀྱི་ཆབ་སྲིད་དང་དམག་དོན།   རིག་གནས་གང་ཡིན་རུང་སྔ་ན་མེད་པའི་འཕེལ་རྒྱས་བྱུང་ཞིང་བཀས་བཀོད་རྒྱུད་འཛིན་གྱི་དཔལ་འབྱོར་ལ་དར་རྒྱས་རྩེར་སོན་པ་བྱུང་།   ཁོང་གིས་སྐབས་དེའི་མི་རིགས་མང་པོའི་གཅིག་གྱུར་རྒྱལ་ཁབ་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་བྱེད་པར་ཡང་དགེ་མཚན་ལྡན་པའི་མཛད་རྗེས་བསྐྲུན་མྱོང་།   ཡིན་ཡང་ཁོང་གི་བང་སོའི་རྩིག་ངོས་སུ་མཛད་རྣམ་མཚོན་པའི་ལྡེབས་རིས་གཅིག་ཀྱང་བཞེངས་མེད།   ཡང་།   གནམ་སྐྱོང་རྒྱལ་པོ་ནི་མན་ཇུ་རིགས་ཡིན་ཞིང་སྐབས་དེར་གཞུང་ཕྱོགས་སུ་སྤྱོད་པའི་སྐད་དང་ཡི་གེ་ནི་རྒྱ་སྐད་དང་རྒྱ་ཡིག་ཡིན་རུང་། ཁོང་གིས་བང་སོའི་རྩིག་ངོས་སུ་མན་ཡིག་དང་རྒྱ་ཡིག་གཅིག་ཀྱང་མ་བཀོད་པར་བོད་ཡིག་གི་གཟུངས་སྔགས་དང་ལཉྫ་རྐྱང་རྐྱང་འཁོད་པ་དང་།   ཐ་ན་ལྷ་སྐུ་རྣམས་ཀྱི་མཚན་བྱང་ཡང་མན་ཡིག་དང་རྒྱ་ཡིག་གིས་མ་བྲིས་པར་བོད་ཡིག་ཁོ་ནས་བྲིས་ཡོད་པ་རེད།   དེས་ན་ནང་བསྟན་གྱི་སྐུ་བརྙན་དང་གཟུངས་སྔགས་རྣམས་ཀུན་ལས་གཙིགས་ཆེན་དུ་བཟུང་བ་འདི་ལས་ཀྱང་གནམ་སྐྱོང་རྒྱལ་པོ་དེ་བོད་བརྒྱུད་ནང་བསྟན་ལ་དད་པ་བརྟན་པོ་དང་དགའ་ཞེན་ཆེན་པོ་ཡོད་པ་ཤེས་ཐུབ།
     4.འདད་གཏོང་ཕོ་བྲང་དུ་ནང་བསྟན་གྱི་མཆོད་ཁང་བཞེངས་པ་ལས་ཤེས།  དྲག་ཆས་ལ་བརྟེན་ནས་འཇིག་རྟེན་བདེ་ལ་འགོད་པ་དང་།  སྲི་ཞུར་བརྟེན་ནས་འཇིག་རྟེན་བཅོས་སྐྱོང་བྱེད་པ་ནི་ཆིང་རྒྱལ་རབས་ཀྱི་རྒྱལ་སྐྱོང་བསམ་བློ་ཡིན་ཞིང་།  བསམ་བློ་དེ་ལྟ་བུར་དམིགས་ནས་རྒྱལ་རབས་ཕྱི་མ་རྣམས་ཀྱིས་རྩིས་ཀྱི་བང་སོ་བཞེངས་དུས།   རྒྱ་ཁྱོན་དང་ཚད་གཞི་གང་གི་ཆ་ནས་ཀྱང་རྒྱལ་པོ་སྔོན་མའི་བང་སོ་ལས་ཇེ་ཆུང་དང་ཇེ་ཉུང་དུ་བཏང་ནས།  སྲི་ཞུའམ་བསྙེན་བཀུར་གྱི་དགོངས་འདུན་མཚོན་པར་བྱེད་ཀྱིན་ཡོད།  དེས་ན་ཧྲིན་ཀྲི་དང་བདེ་སྐྱིད་རྒྱལ་པོའི་འདད་གཏོང་ཕོ་བྲང་དུ་ནང་བསྟན་གྱི་མཆོད་ཁང་མེད་ཀྱང་གནམ་སྐྱོང་རྒྱལ་པོས་རང་གི་བང་སོའི་འདད་གཏོང་ཕོ་བྲང་དུ་མཆོད་ཁང་བཞེངས་པ་ནི་རྒྱལ་པོ་དེ་ཉིད་ཀྱིས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བ་དེ་རང་གི་ཡབ་མེས་གོང་མར་སྲི་ཞུ་བྱེད་པ་ལས་གལ་ཆེན་དུ་དགོངས་པའི་མཚོན་རྟགས་ཡིན་པས།  གནད་དེ་ལས་ཀྱང་རྒྱལ་པོ་དེ་ཉིད་ནང་པའི་བསྟན་པར་དད་མོས་ཇི་འདྲ་ཡོད་པ་རྟོགས་ཐུབ།
      5. པེ་ཅིན་གྱི་ཕོ་བྲང་རྙིང་བའི་ནང་རོལ་དུ་དགོན་པའམ་མཆོད་ཁང་བཞེངས་པ་ལས་ཤེས།  གནམ་སྐྱོང་རྒྱལ་པོས་པེ་ཅིན་ས་ཁུལ་དང་ཁྲིན་ཏེ་གྲོང་ཁྱེར་སོགས་སུ་ནང་བསྟན་གྱི་དགོན་སྡེ་དང་ལྷ་ཁང་མང་དུ་བཞེངས་པར་མ་ཟད།   པེ་ཅིན་གྱི་ཕོ་བྲང་རྙིང་བ་དང་བྱེས་བཞུགས་ཕོ་བྲང་དུའང་ལོ་སར་དང་རྒྱལ་པོ་ཡབ་ཡུམ་གྱི་འཁྲུངས་སྐར་སོགས་ལ་དུས་ལྟར་མཆོད་འབུལ་ཞུ་བ་ དང་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་སར་བོད་ལུགས་ཀྱི་ཡུའུ་ཧ་ཀུག་雨花阁དང་དབྱིན་ཧྭ་ཏེན(英华段)།   ཕུན་ཚོགས་ཐོག་ཁང་(梵华楼)།   ཕར་ཕྱིན་ཁང་(般若段)སོགས་དགོན་པ་དང་ལྷ་ཁང་བཞེངས་ནས་ད་ལྟའི་བར་མ་ཉམས་པར་གནས་པ་ལྟར་ཡིན་ལ།  ད་དུང་པེ་ཅིན་གྱི་ཞི་ཧྭ་མིན་(西华门)དུ་སྒྲ་སྒྱུར་ཁང་བཙུགས་ནས་ལོ་བཅོ་བརྒྱད་ཀྱི་རིང་ལ་རྒྱལ་བའི་བཀའ་བསྟན་པོ་ཏི་216མན་ཡིག་ཏུ་བསྒྱུར་བ་རེད།   རྒྱལ་པོའི་ཕོ་བྲང་དང་དེའི་ནང་དུ་བཞེངས་པའི་དགོན་པ་དང་ལྷ་ཁང་དུ་བོད་དང་སོག་པོ་སོགས་གྲངས་ཉུང་མི་རིགས་དང་།  འབངས་མི་སེར་འགྲོ་བའི་གོ་སྐབས་ཤིན་ཏུ་ཕྲ་བས།ཕོ་བྲང་ནང་གི་དགོན་སྡེ་དང་ལྷ་ཁང་དེ་དག་བཞེངས་པ་ནི་སྲིད་ཀྱི་དོན་དུ་མ་ཡིན་ཏེ།  གོང་མ་ཚང་གི་དད་མོས་ཀྱི་དགོས་པ་སྐོང་བའི་ཆེད་དུ་ཡིན་ལ།རྒྱལ་བའི་བཀའ་བསྟན་རང་མི་རིགས་ཀྱི་ཡི་གེ་སྟེ་མན་ཡིག་ཏུ་བསྒྱུར་ཏུ་བཅུག་པ་དེ་ལས་ཀྱང་གནམ་སྐྱོང་རྒྱལ་པོ་བོད་བརྒྱུད་ནང་བསྟན་ལ་དད་པ་དང་དགའ་ཞེན་ཆེན་པོ་ཡོད་པ་རྟོགས་ཐུབ།  མདོར་ན་གནམ་སྐྱོང་རྒྱལ་པོ་བཞུགས་པའི་དུས་སུ་ཕོ་བྲང་ནང་རོལ་དུ་ནང་བསྟན་གྱི་དགོན་པ་དང་ལྷ་ཁང་བཞེངས་ནས་མཆོད་འབུལ་བྱེད་པ་དང་། སྐུ་གྲོངས་པའི་རྗེས་སུ་གསང་བའི་བང་སོའི་ནང་དུ་ནང་བསྟན་གྱི་སྐུ་བརྙན་དང་གཟུངས་སྔགས་མང་དུ་བཞེངས་པ།  འདད་གཏོང་ཕོ་བྲང་དུ་མཆོད་ཁང་བཞེངས་ནས་དཀོན་མཆོག་གསུམ་ལ་མཆོདཔ་འབུལ་བ་བཅས་ལས་བརྟགས་ན་གནམ་སྐྱོང་རྒྱལ་པོས་ཞྭ་སེར་བསྟན་པ་མཆོག་ཏུ་བཟུང་བ་ནི་ཆབ་སྲིད་ཀྱི་དགོས་མཁོ་ཙམ་མ་ཡིན་པར་ནང་པའི་བསྟན་པ་ལ་དངོས་གནས་དད་པ་བརྟན་པོ་དང་དགའ་ཞེན་ཆེན་པོ་ཡོད་པ་རེད།
      དེས་ན་གནམ་སྐྱོང་རྒྱལ་པོ་ཁོ་རང་ཉིད་ཀྱིས་"སོག་པོ་ཚོའི་འདོད་པ་དང་བསྟུན་པ་ཡིན་""སྐྱེ་བོ་རྣམས་བདེ་འཇགས་སུ་འགོད་པའི་དོན་དུ་ཡིན"པར་གསུངས་པ་ལ་གོ་བ་ཇི་ལྟར་ལེན་ཞེ་ན།   གནམ་སྐྱོང་རྒྱལ་པོས་མཛད་པའི་ཁྲིན་ཏེའི་《བཀྲ་ཤིས་ལྷུན་པོའི་ལྷ་ཁང་གི་རྡོ་རིང་ཡི་གེ》ལས།   "བཀྲ་ཤིས་ལྷུན་པོའི་ལྷ་ཁང་བཞེངས་པ་ནི་ཡར་རྒྱལ་རབས་མཐའ་དག་བདེ་སྐྱིད་གོང་འཕེལ་དུ་སྨོན་པའི་འདུན་པ་གསལ་བ་དང་མར་ཧོར་གྱི་རྒྱལ་ཕྲན་རྣམས་གུས་འདུད་བྱས་པའི་ཡིད་དང་མཐུན་པས་ལྷ་ཁང་ངེས་པར་བཞེངས་པའི་འོས་སུ་གྱུར"ཞེས་པ་བཞིན།    ཁོང་ཉིད་ཆབ་སྲིད་སྐྱོང་བའི་རྒྱལ་པོ་ཆེན་པོ་ཡིན་པའི་ཆ་ནས་རྒྱལ་ཁམས་བདེ་ལ་བཀོད་ནས་མངའ་འབངས་ཐམས་ཅད་རིས་སུ་མ་ཆད་པར་བདེ་སྐྱིད་ཀྱི་དཔལ་ལ་རོལ་དུ་འཇུག་རྒྱུ་ནི་འབྱོལ་ཐབས་མེད་པའི་འོས་འགན་ཉག་གཅིག་ཡིན་པས། འོས་འགན་དེ་འགྲུབ་པར་བྱེད་པའི་ཆེད་དུ་སྐབས་དེར་ཞྭ་སེར་བསྟན་པར་ཤིན་ཏུ་དད་པའི་བོད་ དང་ཁྱད་པར་དུ་ཧོར་སོག་མི་རིགས་ཀྱི་འདོད་མོས་ལྟར།  བོད་བརྒྱུད་ནང་བསྟན་གྱི་རྟེན་དང་བརྟེན་པ་མང་དུ་བཞེངས་ནས་ཞྭ་སེར་བསྟན་པ་རྒྱ་ཆེར་སྤེལ་བ་ཡིན་ལ།  ནང་པའི་བསྟན་པར་དད་མཁན་ཞིག་ཡིན་པའི་ཆ་ནས་རང་གི་ཆབ་སྲིད་བརྟན་ཞིང་རྒྱལ་རྒྱུད་རྣམས་ཀྱི་སྐུ་ཚེ་རིང་པ་དང་།   ཚེ་འདི་ཕྱི་གཉིས་ཀྱི་ཕན་བདེ་ལེགས་ཚོགས་བསགས་པ་བཅས་ཀྱི་ཆེད་དུ་བོད་རྒྱུད་ནང་བསྟན་གྱི་རྟེན་དང་བརྟེན་པ་མང་དུ་བཞེངས་ནས་ཞྭ་སེར་བསྟན་པ་རྒྱ་ཆེར་སྤེལ་པ་ཡིན་ཞིང་།   རང་གི་ཆོས་ལུགས་དད་མོས་དང་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་གཉིས་འགལ་བར་གྱུར་ཚེ་ཁོང་ཉིད་ཆབ་སྲིད་སྐྱོང་བའི་རྒྱལ་པོ་ཆེན་པོ་ཡིན་པས་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་རེད།  འདི་ནི་གནམ་སྐྱོང་རྒྱལ་པོས་ཆོས་སྲིད་ཀྱི་འཕྲིན་ལས་མཛད་པའི་རྩ་བའི་རྩ་དོན་ཡིན་ལ།  ཁོང་གི་སྐུ་རིང་ལ་རྒྱལ་སྲིད་བརྟན་ཅིང་རྒྱལ་ཁམས་དར་ཞིང་རྒྱས་པའི་རྒྱུ་རྐྱེན་གཙོ་བའང་ཡིན་པར་འདོད་དོ།།
གསལ་བཤད།
 པེ་ཅིན་དགའ་ལྡན་བྱིན་ཆགས་གླིང་གི་《བླ་མའི་རྣམ་བཤད་》ཅེས་པའི་རྡོ་རིང་ཡི་གེ་ལས་གསལ།
ཁྲིན་ཏེ་གྲོང་ཁྱེར་《ཡུན་བདེ་ལྷ་ཁང་གི་རྡོ་རིང་ཡི་གེ་》ལས་གསལ།
བོད་རིིག་པ་དང་སྤྱིཚོགས་དཔྱད་གླེང་ལོ་དེབ་ལྔ་རིག་གི་ལང་ཚོ་ལས་བཤུས། 
རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ། ཨ་བུ་འབྲོང་། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-04-03 ལྟ་ཀློག (3607)