སྙན་རྩོམ་མུ་ཏིག་སུམ་བརྒྱ་བ།

 གངས་ཅན་བྱུང་འཕེལ་གྱི་སྲད་བུར་བརྒྱུས་པའི་སྙན་རྩོམ་མུ་ཏིག་སུམ་བརྒྱ་བ།

 རྩོམ་པ་བོ།  ལྡོང་ཡོན་ཏན་རྒྱ་མཚོ།

ཁུགས་པ་དང་བོ།  སྟོད་ལྷ་རབས་ཀྱི་སྐབས།

        ༡
གཡའ་དག་མཁྱེན་རབ་མེ་ལོང་གཙང་མའི་ངོར། །
བདེན་གཉིས་ཤེས་བྱའི་སྣང་བརྙན་གསལ་ལེར་བཀྲ། །
རིག་བྱེད་ལྷ་མོ་འདར་ལྡན་ལང་ཚོ་དར། །
བློ་གྲོས་གཏེར་འཆང་སྨྲ་བའི་དབང་ཕྱུག་མཆོད། །

             ༢
སྒྲིབ་བྲལ་ཆོས་དབྱིངས་སྟོང་སངས་དག་པའི་མཁར། །
མཁྱེན་བརྩེ་ཉི་ཟླ་གཞོན་ནུའི་རྩེད་དགའ་རྒོད། །
ཐུབ་རྣམས་བརྟན་པ་འཕྲོག་མཁས་སྒྱུ་འཕྲུལ་མ། །
བདག་མགྲིན་ལོངས་སྤྱོད་འཁོར་ལོའི་འོ་མཚོར་རྩེན། །

             ༣
ཟབ་རྒྱས་གཙུག་ལག་ལི་ཤིའི་མེ་ཏོག་འབུམ། །
མཁྱེན་ཀློང་དགའ་ཚལ་སྣུམ་པོར་སྨིན་དྲགས་པས། །
བློ་གསལ་བུང་བ་འགུགས་པའི་ལྕགས་ཀྱུ་ཅན། །
ཐེག་མཆོག་དགེ་བའི་བཤེས་རྣམས་གཏན་གྱི་སྐྱབས། །

             ༤

མ་བྲིས་རི་མོར་བབས་པའི་སཱ་ལའི་ལྗོངས། །
ལུགས་གཉིས་མུ་ཁྱུད་ར་བས་བརྟན་པོར་བསྐོར། །
སྟོབས་དཔུང་རབ་འབར་བཙན་སྐར་ཞེ་གཉིས་སོགས། །
ས་སྐྱོང་ཚངས་པའི་ཚོགས་རྣམས་མཁྱེན་རྒྱ་ཡངས། །

             ༥
མགོན་པོའི་ཕུག་པ་བརྡོལ་བའི་རྟེན་འབྱུང་ལས། །
དགའ་སྐྱོ་ཆགས་སྡང་སྒྱུ་མའི་བྲོ་ར་འཁྲུངས། །
མ་ངེས་རྒྱལ་ཕམ་སྟོང་གི་འཁྱུག་འགྲོས་ལ། །
བྱང་འཕགས་བརྩེ་བ་ལྷུང་བའི་སྤྱན་ཆབ་ཉིལ། །

              ༦
འཇིག་རྟེན་དབང་ཕྱུག་ཐུགས་བསྐྱེད་ལྷོད་མིན་ཞིང་། །
ཁྲོ་གཉེར་ཅན་མས་བརྩེ་འཛུམ་མ་སྤངས་མོད། །
བཟློག་མེད་ལས་ཀྱིས་དེད་པའི་གདོང་དམར་བ། །
ཟོ་ཆུན་འཁོར་ལོའི་གུད་ན་ཉམ་རེ་ང་། །

            ༧
སུས་ཀྱང་མ་བྱས་སུ་ལའང་དབང་ཆོག་པ། །
རང་བྱུང་རི་ཆུ་ནེའུ་གསིང་སྣུམ་པོའི་བཅུད། །
ནགས་མའི་གཡུ་ལོ་གསོལ་བའི་སྤྲེལ་སྲིན་པས། །
གངས་རིའི་ཟོམ་དུ་འབབ་པའི་རྨུ་སྐས་རྙེད། །

              ༨
ལས་སྨོན་བསོད་ནམས་ག་འུ་ཁ་སྦྱོར་ལས། །
ཚེ་གཅིག་ལུས་རྟེན་གངས་རིའི་གཤོང་དུ་འཕངས། །
མ་བཅོས་བརྩེ་བ་ཟུག་པའི་འཐབ་ར་འདིར། །
མ་ནོན་ཆགས་སྡང་འཕྱུར་བ་མི་ཡི་གཤིས། །

              ༩
ཚོགས་དྲུག་སྣང་བ་སྒྱུ་མའི་འཕྲུལ་འདེགས་ཀྱིས། །
གངས་ལྗོངས་དར་རྒུད་མཚན་མ་འབུམ་བསྡུས་པ། །
སང་ཞོགས་ཕྱི་མའི་ལམ་བྲོ་མི་ཉན་པས། །
རིཊ་མཐུན་བློ་གསལ་དགྱེས་པའི་གཟིཊ་མོར་འགྲེམ། །

               ༡༠
མེ་ཤུགས་འཕུར་མདའི་རྩལ་གྱིས་མི་ཟིན་པའི། །
རྐང་གཉིས་མི་ཡི་རྒྱལ་ཁམས་དཔལ་བེའུའི་རིས། །
ཐོས་སྒྲོག་དཔའ་བོའི་ཐུགས་ཀྱིས་གཅུན་མིན་ན། །
ཕྲ་ཞིབ་བརྗོད་འདོད་སོ་སྐྱེས་སྙིང་ཁམས་ཆེ། །

         ༡༡
རྣམ་དཔྱོད་བདེ་འཐུང་རྩེན་པའི་སྟངས་སྟབས་ལ། །
མཚོ་ལྡན་བྱིན་རླབས་ཆར་གྱིས་རམ་བཏེགས་པས། །
གཟུར་གནས་དྲན་འཛིན་བརྐུ་བའི་ངག་རིག་འཇའ། །
ལི་ཁྲིའི་ཚོན་མདངས་འཁྱིལ་བའི་ཀློང་ནས་ཤར། །

        ༡༢
འདི་ལྟར་ཐོས་སོ་གཙུག་ལག་རིན་ཆེན་དང་། །
ཤེས་བྱ་ཀུན་གཟིགས་བཤེས་མཆོག་ཞལ་བུམ་ལས། །
སྤྱི་མཐུན་ལས་བསོད་འབྱུང་བཞིའི་དཀྱིལ་འཁོར་དུ། །
ལྷོ་གླིང་འཛམ་བུ་ཆུ་གསེར་ཁད་ཀྱིས་ཆགས། །

        ༡༣
གནམ་སྔོན་ཞུན་མའི་ཐིག་ལེ་ཆུ་བོའི་གཏེར། །
ཤར་ལྷོའི་གཤོང་བུར་བབས་པའི་རྗེས་སྟེགས་སུ། །
གླིང་བདུན་རྒྱ་ཕིབས་མཐོན་པོའི་རླུང་རྟ་ཅན། །
ཐོག་མར་འཁྲུངས་ལ་སྒང་བ་བོད་དུ་གྲགས། །

        ༡༤
སྟོད་ན་གཡའ་བྲག་གངས་རིའི་བསྟར་ཕྲེང་བརྗིད། །
བར་ན་ནེའུ་གསིང་སྔོན་མོ་ཡངས་ཤིང་ནེམ། །
སྨད་ན་རྩི་ཤིང་ནགས་མའི་གཡུ་ལོ་འཛིངས། །
ཚངས་ཆེན་བློ་ལས་མ་འཁྲུངས་ཕྱི་སྣོད་མཛེས། །

        ༡༥
ཁ་འབབ་རྣམ་བཞིའི་འཁྱུག་འགྲོས་ལྷོ་ལ་འཐེན། །
བརྒྱད་ལྡན་རྨ་འབྲུའི་དབྱངས་སྙན་ཤར་དུ་ངོམ། །
མཚོ་དང་མཚེའུ་ཁྲི་མ་འབུམ་གྱི་གཟིས། །
ལྷ་ལམ་སྒེག་མོར་ལན་བརྒྱར་སྐྱེངས་པ་སྟེར། །

        ༡༦
གསེར་དངུལ་ཟངས་ལྕཊ་གཏེར་སྣ་འབུམ་གྱིས་བརྗིད། །

བཞི་བརྒྱའི་ནད་དཔུང་གཞིལ་བའི་སྨན་སྣ་འཛོམས། །
བསུང་ཞིམ་དཀར་དམར་མེ་ཏོག་ཐགས་སུ་བཀྲ། །
ཏིང་འཛིན་པིར་གྱིས་བཞེངས་སམ་རང་བྱུང་ཉིད། །

        ༡༧
དབང་སྔོན་མདངས་ཆཊ་འཆི་མེད་ལམ་ཡངས་མར། །
ཆུ་འཛིན་ལྷོད་ལྡེམ་ས་སྲུང་གཞོན་ནུས་འཁྱུད། །
སར་བ་སར་བའི་མཁའ་དབུགས་སྨན་གྱི་རྩི། །
སྐྱེ་དགུའི་ཚེ་སྲོག་གསོ་བའི་དཔྱིད་དུ་འཇོ། །

        ༡༨
གནམ་གྱི་ཀ་བར་བཞེངས་པའི་དཀན་གཟར་རིར། །
སྣང་བྱེད་ཉི་ཟླའི་རྣ་ཆའི་འཕྱང་འཕྲུལ་ངོམ། །
མི་སེམས་བསླུ་བའི་སྨིག་རྒྱུའི་གྲོང་ཁྱེར་ལས། །
སྐབས་གསུམ་མཛེས་སྡུག་འཕྲོག་པའི་འཇིག་རྟེན་མཐོང་། །

        ༡༩
ཟམ་ཟིམ་སྦྲང་ཆར་སིལ་མའི་རྩེ་དགའ་དང་། །
ལྷན་ཅིག་གཡུ་འབྲུག་བཞད་པའི་དབྱངས་སྙན་ཐོས། །
སོ་ནམ་དུས་སྟོན་དར་བའི་ངོ་མཚར་དང་། །
ལྷན་ཅིག་འབྲས་ལེགས་སྙེ་མའི་གར་སྟབས་འཁྱུག །

        ༢༠
འདབ་དྲུག་ཁ་བའི་ནེམ་ལོས་ས་ཆེན་འཛིན། །
འཐོར་རླུང་དྲག་པོ་གཤེད་མའི་ཟོལ་གྱིས་རྒྱུ། །
སླར་ཡང་སྣོད་བཅུད་གཉིད་ལས་སློང་བ་སོགས། །
དུས་བཞིའི་འགྱུར་བ་མི་རྟག་སློབ་དཔོན་ཉིད། །

        ༢༡
གྲ་ཡག་སྤུ་རིས་མ་འཛིངས་གཡས་སུ་འཁྱིལ། །
གཏུམ་དྲག་གད་རྒྱངས་གཅིག་གིས་རི་བོ་ཉིལ། །
མཆེ་བའི་རྣོ་རྒྱུན་མཚལ་གྱི་ཐིག་ལེ་ཅན། །
འཇིགས་རུང་སྟག་གཟིག་དོམ་དྲེད་བག་མེད་འཕྱོ། །

       ༢༢
དྭངས་གཙང་ཆུ་རྫིང་ཚང་ཚིང་ནགས་ཀློང་ན། །
ལྷོད་ལྡེམ་ངང་བའི་འགྲོས་འཆང་གཉིས་འཐུང་ཁྱུ། །
ཕྲེང་བར་བསྟར་བའི་རེ་ཁཱ་གསར་བའི་མདངས། །
འདྲེན་བྱེད་དམ་ལ་འདོགས་པའི་ལྕགས་ཀྱུར་བརྫུས། །

       ༢༣
སྤྲ་སྤྲེལ་འཕར་སྤྱང་གླ་དགོ་ཤ་བ་སོགས། །
གཅན་གཟན་རི་སྐྱེས་རྫོང་དུ་གྲུབ་མོད་ཀྱང་། །
སྡེར་ཆགས་གདོང་ལྔའི་དབང་བོའི་འཇིགས་ཟིལ་གྱིས། །
ལྗོངས་འདི་གངས་སེང་དཀར་མོའི་ཕ་སར་བསྒྱུར། །

        ༢༤
ཐང་དཀར་རྒོད་པོའི་གཤོག་འགྱུར་མཐོངས་ན་ངོམ།
ཁྲུང་ཁྲུང་བསྟར་ཕྲེང་བླ་བྲེའི་མཆོད་པར་འཐེན། །
དཔྱིད་ཀྱི་ཕོ་ཉས་མགྲིན་པའི་རྫ་རྔ་འཁྲོལ། །
སྤུ་སྡུག་འདབ་ཆགས་བྱེ་བས་ས་འདི་བརྒྱན། །

         ༢༥
དཀར་སེར་ངང་ངུར་མགྲིན་པ་འཁྱོག་འཁྱོག་གིས། །
ཝུ་དཀར་མེ་ཏོག་འཐོར་བཞིན་འཐོར་བཞིན་རྩེད། །
རྔ་གསང་སྒྲ་བརྒྱས་བཟི་བའི་མདོངས་མཐའི་ཚོགས། །
ཚོན་ལྔ་བསྡེབས་པའི་སྒྲོ་གུར་གསར་བར་བྲེལ། །

         ༢༦
རྨུག་བཞིའི་རྩལ་ཤུགས་རྫོགས་པ་འདོ་རིག་རྟའི། །
འཚེར་སྐད་ཕྲ་མོ་རི་ཐང་ཀླུང་ལ་འཁོར། །
བསེར་མ་རླུང་གི་རྒྱུ་ལམ་གཅོད་བྱེད་པའི། །
ཁྱུང་ཆེན་གཤོག་པ་སྲིད་པ་རྒན་པོས་བསྩལ། །

         ༢༧
འབྲོང་རྒོད་དར་མ་མཐོན་པོའི་རྫ་ལ་གཤར། །
གཡག་རོག་ཞོལ་ཆེན་མུ་མེད་སྤང་ལ་བཀྲམ། །
འབྲུ་དང་མཛོ་མོའི་ངུར་དབྱངས་བྲག་ཅར་འཁོར། །
བེའུ་ཆུང་སྐྱིད་པའི་མཆོང་ལྡིང་ཨ་མར་ངོམ། །

        ༢༨
དགུ་ཚིགས་ཞགས་པས་མ་ཟིན་སྐར་ཚོགས་རྡུལ། །
མཐོ་སྒང་རྒྱན་དུ་ཆགས་པ་གཡང་དཀར་ལུག   །
མཁའ་མཐའི་སྤྲིན་པར་འདྲེས་པའི་ཟློས་གར་ལ། །
གངས་ལྷ་མེ་ཏོག་དབུ་ལྕོག་ལྡེམ་མེར་གཡེང་། །

        ༢༩
དགེ་ལེགས་རང་བྱུང་ཕུག་པའི་གཞལ་ཡས་སུ། །
ཤིན་སྦྱངས་ཏིང་འཛིན་བརྟན་པོ་ངང་གིས་འཛུམ། །
ཧ་རིའི་ངད་པ་ཁོལ་བའི་ནགས་ཀྱི་ལྗོངས། །
བསམ་བཞིན་དྲང་སྲོང་བསྟི་གནས་དམ་པར་འཕོས། །

        ༣༠
མེ་ཏོག་ཟིལ་བ་འཐུང་བའི་སྒྲེགས་ངད་ཀྱིས། །
རི་སྐྱེས་དྲི་འཛིན་བསུ་བའི་དངོས་གྲུབ་ཅན། །
རྐང་དྲུག་བུང་བ་བྱེ་ལེབ་སྒེག་མོའི་ཁྱུ། །
སྲིད་ཞིའི་མཛེས་སྡུག་སྤུངས་པའི་ཁུར་གྱིས་ངལ། །

        ༣༡
སྔོ་བསངས་མེ་ལོང་རྒྱུ་སྐར་ཚོམ་བུས་སྤུད། །
ཆུ་ཁུར་སྟོད་གཡོག་གུར་ཀུམ་ཚོས་ཀྱིས་བྱུག །
སྣོད་བཅུད་མཛའ་མཐུན་སྲིད་པའི་གཏམ་རྒྱུད་ལ། །
བསྐལ་བ་ཡ་ཐོག་རིང་མོའི་ལོ་ཟླ་བརྩེགས། །

        ༣༢
མི་ཤིགས་རྡོ་རྗེ་གདན་པའི་བྱང་གི་ཆར། །
རི་མཐོ་ས་གཙང་བསིལ་མཛེས་མཁའ་དབུགས་དྭངས། །
འཇིག་རྟེན་རྩེ་མོ་ངོ་མཚར་དག་པའི་ཞིང་། །
གངས་ཅན་ཟད་མེད་བསོད་ནམས་དཔལ་དུ་ཆགས། །

        ༣༣
སྟེང་མ་འོད་གསལ་ལྷ་ལས་གློག་བཞིན་ཆད། །
མང་བཀུར་རྒྱལ་རབས་སྲིད་པའི་མཐའ་ལ་བསྐྱངས། །
ཁྲི་འབུམ་གྲངས་ཀྱིས་བཅད་པའི་ལྕམ་སྲིང་སོགས། །
འཕགས་ཡུལ་གཏམ་བརྗོད་རིང་མོ་ཟུར་དུ་འཇོག །

        ༣༤
ལྟེམ་མེར་འཁྱིལ་བའི་ཆུ་གཏེར་ལུད་པའི་ཤུལ། །
རྩི་ཤིང་ནགས་ཚལ་ལོ་ཏོག་ཕྱུར་བུར་དཀྲིགས། །
གཅན་གཟན་རི་སྐྱེས་འཆམ་མཐུན་ལོ་ཟླའི་གྲངས། །
དྲང་སྲོང་སྐར་མའི་རྒྱལ་བོ་ཡིན་ཡང་ངལ། །

        ༣༥
ནམ་ཞིག་ལྷོ་ཁ་སྣེ་གདོང་བྲག་རིའི་སྤོར། །
སྤྲེལ་སྲིན་མཛའ་བ་འཁྱུད་པའི་བདེ་ཆེན་ལས། །
ལས་བསོད་མི་གཅིག་སྤྲེལ་ཕྲུག་ཕར་ཕྱིན་གྲངས། །
ལྟད་མོར་བྱོན་པས་བོད་མིའི་བྱུང་བ་བརྡོལ། །

         ༣༦
ལ་ལ་འཆར་སྒོ་མྱུར་ཞིང་སྙིང་རྗེས་ཕྱུག །
ཁ་ཅིག་སྡིག་ལ་རྔམ་ཞིང་གཤིས་རྒྱུད་གྱོང་། །
རང་རང་ལས་ཀྱི་བསྐོས་ཐང་མི་འདྲ་ཞིང་། །
འཁོར་བའི་ཡ་མཐའ་བྲལ་བའི་བདེན་པ་བརྡར། །

          ༣༧
ལྡེམ་ལྕུག་འཁྲི་ཤིང་གསར་བའི་རྩེ་མོར་འཁྱུད། །
འཕུར་མ་ལྡིང་གིས་དམའ་མོའི་གཤོང་ལ་བབས། །
ཟིན་མེད་རྨི་ལམ་རིང་མོའི་ཁུགས་སོ་ནས། །
རྩེད་ཐང་གོར་མོར་མག་མོག་རྐང་རྗེས་དཔར། །

        ༣༨
འབྲུ་དྲུག་སྔོན་མོ་གྲོ་སྲན་བྲ་བོ་སོགས། །
མ་རྨོས་ལོ་ཏོག་སྙེ་ཞགས་དཔལ་ལ་སྤྱོད། །
སེམས་གཤིས་འགྱུར་ཞིང་སྟོབས་རྒྱས་མི་སྐད་ཐོན། །
ཟོ་དང་ཞིང་གི་དབུ་ཁྱུད་དེ་ནས་བྲིས། །

        ༣༩
སྔ་ཚིགས་རིང་མོ་དམིགས་མེད་དབྱིངས་སུ་ཐིམ། །
འདབ་ལོ་ལྗང་གུའི་སྨད་གོས་ཆུ་ཡིས་བརླན། །
གད་སྐྱིབས་བྲག་སྐྱིབས་མང་བོའི་དྲོད་ཁོལ་བཙལ། །
གཟའ་སྐར་འབྱུང་བཞིའི་གསང་བར་ཧད་དེ་ལུས། །

        ༤༠
གཅན་གཟན་གཏུམ་པོ་གཡུང་མོའི་ཕྱུགས་སུ་བཀོལ། །
སྤྱིལ་བུ་ཆུང་ཆུང་དྲོལ་ཁོལ་མེ་ཡིས་གསོས། །
ང་ཁྱོད་རིས་སུ་གཅོད་པའི་རྣམ་རིག་དེས། །
ཡར་ལུང་སོག་ཁར་མི་ཡི་གཏམ་རྒྱུད་བསྐྲུན། །

        ༤༡
སྒ་འབྲུ་སྦྲ་ལྡོང་ཏི་སེའི་མངལ་གུར་ལས། །
མི་འུ་གདུང་དྲུག་ཆུ་ཕྲན་ཕྱོགས་སུ་གྱེས། །
ལྷོ་རོང་སྐྱ་སེང་བུ་ལྔས་གཡུལ་སྤྲད་པའི། །
རུ་པ་ཏིའི་ཚོགས་བོད་མིའི་གསོས་སུ་ཐོན། །

        ༤༢
གཉུག་མའི་མི་འུ་གདུང་དྲུག་དཀྱིལ་འཁོར་དུ། །
དཀར་ནག་རྒྱ་སོག་འཕེལ་བ་ཡོད་སྲིད་མོད། །
སྤྲེའུའི་སྔ་མ་ཆད་པའི་གདོང་དམར་བོད། །
ཤར་ནུབ་ཚན་རིག་མཁས་དགུའི་ཞལ་ནའང་འཚེར། །

        ༤༣
བོད་ཅེས་བྱ་བའི་བརྡ་ཆད་མཚར་མཚར་བོ། །
ཕོན་བོན་བྷོ་ཊ་འོད་དང་བྲོས་སོགས་ཀྱི། །
སྒྲ་ཟུར་ཆག་སྐད་མང་དུ་སྨྲ་བྱེད་མོད། །
དོམ་དམ་རང་ཞལ་མཇལ་ན་འདོད་རྒྱལ་ཙམ། །

        ༤༤
འདབ་དྲུག་ཁ་བའི་མེ་ཏོག་བཞད་པའི་ཡུལ། །
གངས་དཀར་རི་ཚོམ་བསྟར་ལ་སྒྲིག་པའི་ལྗོངས། །
ཉི་མའི་གྲོང་དང་གྲང་རེག་བསིལ་བ་ལྡན། །
ཕྱི་སྣོད་ཁྱད་ཆོས་མིང་བརྡ་འགྲན་བཞིན་བརྡོལ། །

        ༤༥
གླིང་བདུན་མཁའ་མཐར་ཆས་པའི་ཋུ་བྷའེ་ཋི། །
ཐུ་བྷོད་གདངས་ལས་འཁྲུངས་པ་བདེན་མོད་ཀྱི། །
སྟོབས་ལྡན་ཆེན་པོ་བོད་ཀྱི་དོན་ཉིད་ལས། །
བོད་ཀྱི་བརྡ་ཆད་རྒྱ་ཡིས་བཏགས་འདོད་འཁྲུལ། །

        ༤༦
བོད་འདི་མི་ཡི་སྔོན་འགྲོར་བརྗོད་ཆོག་པས། །
གདོད་མའི་ལོ་རྒྱུས་གཙང་བོའི་རྒྱུན་ལས་རིང་། །
མ་ཧཱ་ཙི་ནའི་རིགས་ལས་གྱེས་སོ་སྐད། །
རང་བློ་ནད་དང་སྒྲོག་གིས་བཅིངས་པའི་རྟགས། །

       ༤༧
སྲིད་པ་ཆགས་གླུ་ཨ་མཚར་མཚར་དགུའི་ཁེད། །
མ་སངས་སྤུན་དགུ་ལ་སོགས་ངག་རྩོམ་འབུམ། །
གདོད་མའི་ལོ་རྒྱུས་གསལ་བའི་མེ་ལོང་སྟེ། །
ལྷ་སྒྲུང་མེད་པའི་མི་རིགས་དབུལ་བོ་ཡིན། །

       ༤༨
གནོད་སྦྱིན་རྩེན་ཞིང་བདུད་སྲིན་འདྲེ་གཉན་འཁྲུག །
ཀླུ་བཙན་ཆོ་འཕྲུལ་འགྲན་པའི་སྟངས་སྟབས་སོགས། །
གདོད་མའི་ལོ་རྒྱུས་བཙན་པོའི་རྒྱབ་ལྗོངས་ཏེ། །
ཚུལ་འདི་འཛམ་གླིང་བྱུང་བ་སྤྱི་ཡི་སྲོལ། །

        ༤༩
དཔྱོད་པའི་བློ་མིག་རྩལ་སྣ་མ་རྫོགས་པས། །
གཟའ་སྐར་ཉི་ཟླའི་གསང་བར་བློས་བཏགས་མང་། །
འདོད་སྲེད་ཞུགས་ལྕེ་དམར་བོའི་རླབས་ཤུགས་ཀྱིས། །
རྡོ་ཆས་དུས་རབས་དམག་འཁྲུག་ངོ་བོར་ཟད། །

        ༥༠
གཅིག་གི་ཟླ་ལ་ཅིག་ཤོས་མ་སླེབས་པས། །
སིལ་མའི་སྡེ་ཕྲན་གང་མང་དབྱིངས་སུ་བསྟིམས། །
མ་སངས་སྤུན་དགུ་རྒྱལ་ཕྲན་ཉེར་ལྔ་དང་། །
 སིལ་མ་བཅུ་བཞི་སོགས་ལ་རླུང་རྟ་རྒྱུགས། །

         ༥༡
འདབ་བཟང་དབང་བོའི་རྩལ་གྱིས་མི་ཟིན་པའི། །
མུ་མེད་ས་འཛིན་སྣུམ་པོའི་བྲང་གཞུང་དུ། །
གཡང་ཕྱུགས་ལྷོད་ཀྱིས་བཀྲམ་པའི་འཚོ་སྟངས་དེས། །
ཟླ་ཤེལ་བརྩེགས་པའི་མུ་ཁྱུད་བརྒལ་བ་མེད། །

        ༥༢
འབྲུ་དྲུག་སྔོན་མོའི་སྐྱེ་འཕེལ་ལ་ཆགས་ཏེ། །
སྣ་ཚོགས་དོན་མཐུན་ལས་ལ་མིག་ཞགས་ལྷོད། །
གོ་ལའི་སྣེ་མོ་ཞི་བདེའི་རྒྱ་མཚོས་ཟད། །
སེམས་ཁམས་འཚོ་བ་གཉིས་ཀ་སྟབས་བདེ་ཡིན། །

        ༥༣
དུས་བཞིའི་འགྱུར་བར་འགྲོག་གིན་འགྲོག་གིན་འོང་། །
འཁྱར་འཁྱོར་གོམ་པ་སྤོ་བཞིན་སྤོ་བཞིན་འོང་། །
མངར་སྐྱུར་འཚོ་བ་མྱོང་གིན་མྱོང་གིན་འོང་། །
ཉམས་མྱོང་ཕྲན་བུ་གསོག་གིན་གསོག་གིན་འོང་། །

ཞེས་གངས་ཅན་བྱུང་འཕེལ་གྱི་སྲད་བུར་བརྒྱུས་པའི་སྙན་རྩོམ་མུ་ཏིག་སུམ་བརྒྱ་བ་ལས་སྟོད་ལྷ་རབས་ཀྱི་ཚུལ་བསྟན་པའི་ཁུགས་པ་སྟེ་དང་བོའོ། །

        ༡༠༡
དཔའ་མཛངས་བློན་འཁོར་མང་བོར་གྲོགས་ཤིག་བསྒྲིགས། །
ཟིང་རྗེ་ཆམ་ལ་འབེབ་པའི་གྲོས་ཤིག་བཏོན། །
བན་པ་འ་ཞ་དྲང་གར་ཞང་ཞུང་སོགས། །
རྒྱལ་ཕྲན་དུ་མར་བཀའ་ཡི་འཁོར་ལོ་བསྐོར། །

        ༡༠༢
ཆུ་བོ་ཆུ་བོའི་ཕར་འགྲམ་ལ་འཁྲེང་བའི། །
སེམས་ཀྱི་གླུ་སྐད་གསར་བ་ཁྱོད་ལ་བླངས། །
མི་མཛེས་རྟ་བཟང་རྒྱུ་བར་དཔྱད་པའི་གླུ། །
ཕག་ཚལ་ནགས་རིའི་འདབས་ནས་རླུང་ལ་བསྐྱོན། །

       ༡༠༣
མཛངས་བློན་གསུམ་པའི་མཁྱེན་དཔྱོད་འཁྱུག་གར་ལས། །
བྲེ་སྲང་བཅོས་ཤིང་གཡོ་སྒྱུའི་དབུ་འཕང་སྨད། །
ཀུན་ཕན་ཚོང་ལས་ཀླུང་ལྷ་སྡེ་བཞིར་བཅོལ། །
ཆེན་པོ་བོད་ཀྱི་རྟེན་འབྲེལ་དང་བོར་འགྲི། །

       ༡༠༤
ལེགས་པའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་དང་། །
ལུགས་གཉིས་ཉི་ཟླའི་སྣང་བའི་ཤིང་རྟ་བ། །
ཡབ་ཆེན་ཐུགས་དགོངས་སྐྱོང་བའི་དཔའ་སྤོབས་ཅན། །
གནམ་རི་སྲོང་བཙན་གངས་རིའི་ཟོམ་དུ་འགྱིང་། །

       ༡༠༥
འཁོར་སྒྱུར་ས་སྐྱོང་མཚན་སྙན་མ་ཆགས་ཀྱང་། །
སྟོབས་དང་དཔུང་ཤུགས་མཐའ་ནས་མཐའ་རུ་སླེབས། །
གཏུམ་དྲག་རྒྱ་སྟག་སྐྱ་བོ་གཡུང་ལ་ཕབ། །
སྤུར་བའི་བཙན་མཁར་བཅོམ་ཞིང་ཟིང་རྗེ་བཀུམ། །

       ༡༠༦
བསིལ་རླུང་འཇམ་པོའི་སྟངས་སྟབས་ལ་འཁྱུད་པའི། །
སེང་ཆེན་དཀར་མོའི་དར་ལྕེ་དགུང་དུ་བསྐྱོད། །
དཔའ་མཛངས་ཟུང་ལྡན་ཁྱུང་བོ་སྤུང་སད་ཀྱིས། །
གཙང་དུད་ཉིས་ཁྲིའི་མཆོད་པ་སྦམ་མཐོ་བཏེགས། །

       ༡༠༧
འདར་ལྡེམ་ལྕུག་ཕྲན་གསར་བའི་གསང་འཕྲུལ་རྩལ། །
མི་བཟད་དགྲ་སྡེའི་སྙིང་ལ་འཇོ་བའི་བློན། །
སེང་གོ་མི་ཆེན་བཞི་ལྡན་དཔུང་ཚོགས་ཀྱིས། །
རྨ་བྱའི་སྒྲོ་འཛིན་དྭགས་པོ་ཁྲི་འབུམ་བཀུག །

        ༡༠༨
གསོ་བྱེད་སྨན་དང་བརྟག་བྱེད་རྩིས་ཕྲན་བྱུང་། །
བྱང་ཕྱོགས་ཆུ་ཡི་ཁམས་ནས་ཚ་གཏེར་བརྡོལ། །
རབ་དཀར་འོ་མ་བསྲེས་པའི་བཟོ་རྩལ་ལས། །
སྐུ་མཁར་ཁྲི་བརྩེགས་འབུམ་གདུགས་གཟི་བྱིན་འབར། །

        ༡༠༩
བློན་པོ་གསར་རྙིང་འགལ་བ་མེ་ཆུ་བཞིན། །
མངའ་སྡེ་ཁྲི་འཕང་རྩོད་པ་ལྷ་མིན་ལྟར། །
སྣ་ཚོགས་བསམ་བློ་རལ་བའི་གཡུལ་ས་ནས། །
དབུ་རྨོག་རི་ལས་བཙན་ཁྱོད་གང་དུ་བརྫངས། །

       ༡༡༠
བོད་མིའི་ལག་རྩལ་མོན་དུག་སྦྱོར་སྡེབ་སྟེ། །
སྐྱེས་ཆེན་གང་མང་འདི་ཡིས་ཁྱུར་མིད་བཏང་། །
བོད་པའི་ལོ་རྒྱུས་མདུང་རྩེ་ནང་བསྐོར་ཏེ། །
ཚུལ་འདིར་དཔའ་སྤོབས་རྣམ་དཔྱོད་འགྲན་ཟླ་བྲལ། །

      ༡༡༡
སྲ་མཁྲེགས་ལྕགས་ལས་ཐོན་པའི་སྔོན་པོ་གཡའ། །
ལྕགས་ཀྱི་ཐོ་བ་གཞོམ་པའི་བྱེད་པོར་གྲུབ། །
མི་དབང་སློན་བཙན་བཀྲོངས་པའི་ནོར་འཁྲུལ་གྱིས། །
ཐུ་བྷོད་ཐུར་དུ་རྒུད་པའི་སྟ་གོན་བསྐྲུན། །

      ༡༡༢
བརྩེ་ཆེན་ཐིག་ལེ་སྤུངས་པའི་འཕྱང་འཕྲུལ་ལས། །
ཤེལ་དཀར་སྐུ་རུ་སྨིན་པ་སྤྱན་རས་གཟིགས། །
བྱང་ཕྱོགས་གངས་རིའི་ལྗོངས་ཀྱི་ལྷ་སྐལ་ཏེ། །
འཕྲིན་ལས་ཀྱོ་བ་རྣོན་པོས་བར་མེད་བསྡམས། །

      ༡༡༣
སྲིད་ཞིའི་མཛེས་སྡུག་བསྡུས་པའི་སྙིང་བོ་ལས། །
ལེགས་འཁྲུངས་ཡུམ་ཆེན་འབྲི་བཟའ་ཐོད་དཀར་མོའི། །
བསོད་ནམས་ཤེལ་བུམ་གཙང་མའི་མངལ་ཁྱིམ་ལས། །
སྲོང་བཙན་ཁྱེའུ་གསར་བའི་རྩེ་དགའ་རྒོད། །

      ༡༡༤
མ་བྲིས་ཉ་གང་ཞལ་རས་གཟི་ཡིས་འཁྱུད། །
ལྷན་སྐྱེས་མཁྱེན་རབ་གློག་གི་འཁྱུག་གར་རྩེན། །
སྒམ་བརླིང་ཐུགས་ཀྱི་རི་བོ་བརྟན་ཞིང་བརྗིད། །
གངས་རིའི་དཔྱིད་དང་ཕྱོགས་མེད་སེམས་ཀྱི་གསོས། །

      ༡༡༥
སེང་ཆེན་དཀར་མོའི་ཁྲི་ལ་སྟོབས་ཀྱིས་འགྱིང་། །
མཐའ་བཞིའི་རྒྱལ་ཕྲན་གཡང་གི་སྒོ་འཕར་ཕྱེས། །
གཞོན་ནུའི་ལུས་ལ་ཆེན་པོའི་མཁྱེན་རྩལ་རྫོགས། །
སྲོང་བཙན་སྙན་པས་ལྷོ་གླིང་དོག་པོར་བསྒྲུབས། །

      ༡༡༦
བསམ་སྦྱོར་ལོག་པའི་སྙིང་ལ་རྒྱ་ཁྲམ་བསྩལ། །
ནང་ཁུལ་ཟིང་འཁྲུག་སྣ་ཚོགས་ཞི་བར་མཛད། །
དྭགས་ཀོང་མྱང་སོགས་བཀའ་ཡི་གུར་དུ་བསྡུས། །
ངེས་དོན་ཆེན་པོ་བོད་ཀྱི་རྒྱལ་ཁམས་བསྐྲུན། །

      ༡༡༧
སྤྲུལ་བའི་རྒྱལ་བོས་བོད་ཁམས་སྐྱོང་ངོ་ཞེས། །
གྲགས་དཀར་ལྕགས་ཀྱུས་དྲངས་པའི་གཞན་སྡེ་ཡིས། །
སྐྱེས་དང་ངོ་སོ་བསྟོད་པའི་རྒྱང་འཕྲིན་གྱིས། །
ཁྱད་འཕགས་ཡི་གེའི་འཕྲུལ་ལ་ངེས་པ་རྙེད། །

       ༡༡༨
ལུགས་གཉིས་སྤྱན་དཀྱུས་རིང་བའི་ས་སྐྱོང་ཁྱོད། །
རྫོགས་ལྡན་གསར་བའི་ལྗོངས་ལ་སྨོན་པ་ཤོར། །
ཐུགས་བསྐྱེད་དགུ་ཚིགས་མཐའ་ནས་མཐའ་རུ་བསྲིངས། །
བཟློག་མེད་བཀའ་གསུང་བློན་ཆེན་སྙིང་ལ་བསྩལ། །

       ༡༡༩
འཕགས་པའི་ཡུལ་ན་ཤེས་རིག་འཕེལ་ཁ་དར། །
ཁ་བ་ཅན་པ་བས་མཐའི་གུད་དུ་འཁུམ། །
གཅན་གཟན་མཆེ་གཙིགས་དུག་སྦྲུལ་ཁ་རླངས་དང་། །
རི་ཆུ་ནགས་ཀྱིས་ཕན་ཚུན་རིང་དུ་བསྐལ། །

       ༡༢༠
འཕྲུལ་བློན་སྟོང་བཙན་མཁྱེན་པའི་ནམ་ལངས་ཀྱང་། །
བོད་ཡིག་གསར་བཟོའི་ལས་ལ་ཨ་ཐང་ཆད། །
མི་ཤི་རྒྱུ་ནོམ་ཟད་པའི་ཞུ་གསོལ་དེས། །
མི་དབང་ཐུགས་རེ་མཐོན་པོ་ལན་གཅིག་ཕམ། །

        ༡༢༡

ཡིད་སྲུབས་སྤྲིན་ནག་འཕྱུར་བའི་རྔམ་ཟིལ་ལ། །
བཟོད་མེད་དངངས་ཤིང་སྐྲག་དགོས་མི་འདུག་སྟེ། །
རྒྱལ་ཀུན་འཕྲིན་ལས་འཐོར་རླུང་དྲག་པོའི་རླབས། །
མཐའ་ཀླས་སྐྱེ་དགུའི་མགོན་དུ་ཡོལ་བ་མེད། །

      ༡༢༢
ལི་ཁྲིའི་མདངས་ཆགས་མཁྱེན་པའི་ལང་ཚོ་ཅན། །
སྒྲིབ་གཉིས་དབྱིངས་སུ་དག་པ་ངག་གི་དཔལ། །
གཉལ་བ་སྣང་གྲགས་གདུང་སྲས་ཐུ་མི་ཞེས། །
མཐའ་འཁོབ་མུན་པ་སེལ་བའི་སྒྲོན་མེ་ཡོད། །

       ༡༢༣
བླང་དོར་ཞིབ་མོའི་མཁྱེན་རྩལ་རང་འབར་ཡིན། །
རང་སྡེའི་རིགས་ལ་ལྷག་བསམ་རྣམ་དག་ཡིན། །
ཟད་མེད་ཐུགས་བསྐྱེད་སྨིན་པའི་རྟེན་འབྲེལ་ཡོད། །
རྒྱང་རིང་རྒྱལ་ཁམས་འགྲིམ་པའི་ཐུགས་སྟོབས་ཡོད། །

        ༡༢༤
བོད་འབངས་རེ་བཞག་ལྕི་མོ་ཕྲག་ཏུ་ཁུར། །
བཤུལ་རིང་ལེའུ་བར་ཁྲི་འབུམ་གོམ་པས་གཞལ། །
བཟོད་མེད་ཚ་གྲང་བཀྲེས་སྐོམ་དཀའ་སྤྱད་ཀྱིས། །
འཕགས་ཡུལ་མཚན་ལྡན་བཤེས་ཀྱི་གསེར་ཞལ་མཇལ། །

        ༡༢༥
ཡིག་རིགས་དྲུག་ཅུ་རྩ་བཞིའི་མཛེས་པ་རྙེད། །
ཀཱ་ཙན་དབྱངས་སོགས་བརྡ་སྤྲོད་གཞུང་ལ་བྱང་། །
མདོ་རྒྱུད་ཆུ་གཏེར་ཟབ་མོའི་འཇིངས་ལས་ཐོན། །
ཆེ་དགུའི་ངག་སྒོར་སཾ་བྷོ་ཊ་ཡིས་བརྒྱན། །

      ༡༢༦
བཤེས་མཆོག་རྣམ་གཉིས་ནགས་ཀློང་ཁྲོད་ནས་བསྐྱུར། །
གྱེས་བྲལ་མིག་ཆུ་འཐོར་བཞིན་འཐོར་བཞིན་འོང་། །
རྒྱལ་བློན་མང་བོས་གངས་རིའི་འདབས་ནས་སྒུག །
རྒྱལ་ཁའི་འཛུམ་དཀར་གྲོལ་བཞིན་གྲོལ་བཞིན་འོང་། །

       ༡༢༧
དབྱངས་ཡིག་རིག་བྱེད་གསེར་སྐུད་ཕྲ་མོ་ལ། །
གསལ་བྱེད་མཁའ་མེའི་མུ་ཏིག་བསྟར་བའི་ཕྲེང་། །
ཁ་བ་ཅན་པར་སྐྱེས་སུ་བསྩལ་པའི་མཐུས། །
ཆོས་ནོར་རིག་པའི་གཏེར་ཁ་ཐོལ་གྱིས་བརྡོལ། །

       ༡༢༨
བརྡ་སྤྲོད་བསྟན་བཅོས་བརྒྱད་ཀྱི་བ་གམ་བརྩེགས། །
གཉན་པོ་གསང་བའི་བྱིན་རླབས་སྒོ་འཕར་གྲོལ། །
མདོ་རྒྱུད་གཞུང་མང་བོད་པའི་སྐད་དུ་བསྒྱུར། །
ཐུ་བྷོད་རྡོ་རིང་གསར་བ་བསླངས་ཚུལ་ཡག  །

       ༡༢༩
རིགས་མཐུན་ཕྲག་དོག་ལྷབ་ལྷུབ་མེ་ལྕེའི་རྩེར། །

བདེན་དོན་ཁྲོམ་གླུ་བསྐལ་བའི་ཆར་རྒྱུན་ཕབས། །
དགུ་བརྩེགས་ཕ་བོང་ཁ་བའི་ཕོ་བྲང་ནས། །
ཐོན་མིའི་མཛད་བཟང་རྡོ་རྗེའི་བྲག་ལ་བཏབ། །

       ༡༣༠
ཕུན་ཚོགས་ཡོན་ཏན་དབྱིག་གི་མཛོད་འཛིན་པའི། །
ཡིག་འཕྲུལ་རྒྱ་མཚོའི་གོས་ཅན་ཁྱོན་ཡངས་ལས། །
རྨོངས་འཐོམ་མུ་གེའི་མྱ་ངན་དབྱིངས་སུ་དག །
ཆོས་སྲིད་འདབ་སྟོང་གསར་བའི་ཡོ་ལང་འཕྱུར། །

       ༡༣༡
སྲོང་བཙན་གཞལ་མེད་ཁང་བཟང་ཕྱོགས་ཕྱོགས་ན། །
བཀའི་འཕྲུལ་གསེར་གྱི་ཀྭ་བཞིས་བརྟན་པོར་སྲུང་། །
ཕྱི་ནང་གྲོས་པ་དྲུག་དྲུག་སྲིད་ལ་བྲེལ། །
བློན་ཚོགས་སུམ་བརྒྱ་དྲུག་ཅུས་བོད་ཁམས་བསྟད། །

       ༡༣༢
རྒྱལ་ཁམས་དཔེར་བླངས་ཁྲིམས་ཀྱི་ཚངས་ཐིག་སྟེང་། །
མདོ་ལོན་ཞུ་བཅད་དུང་གི་དཔལ་བེའུ་བྲིས། །
ཟད་མེད་མི་ཆོས་གཙང་མའི་འོད་ཀློང་ནས། །
འཚེ་བྲལ་རྫོགས་ལྡན་འཚོ་བའི་བདེ་དགའ་རྙེད། །

       ༡༣༣
ཆོས་སྲིད་ཟུང་འབྲེལ་གསེར་གྱི་ར་བར་ནས། །
ཆོས་ལྡན་ཡུལ་འདི་རུ་ཆེན་རྣམ་ལྔར་བགོས། །
སྟོང་སྡེ་རེ་བཞི་དབང་རིས་བཅོ་བརྒྱད་ཕྱེས། །
མཐའ་སྲུང་དཔའ་སྡེ་གསུམ་གྱི་ཕྲ་ཚོམ་བཏབ། །


རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ།  འབའ་སྣང་གྲོལ།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-04-03 ལྟ་ཀློག (3840)