ཀན་ལྷོས་དམངས་ཕན་དོན་བཟང་བཅུ་གཉིས་བསྒྲུབ་རྒྱུའི་དམ་བཅས་པ།


འདི་ལོར་ཀན་ལྷོ་ཁུལ་གྱིས་དམངས་ཕན་དོན་བཟང་བཅུ་གཉིས་བསྒྲུབ་རྒྱུའི་དམ་བཅས་པ།


      གསར་འགོད་པས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2015ལོར་ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་མུས་བཞིན་དམངས་འཚོ་ལེགས་བཅོས་དེ་བྱ་བ་ཡོད་ཚད་ཀྱི་འགོ་རྩོམ་ས་དང་མཇུག་བསྡུ་སར་བརྩིས་ཏེ།   སྔོན་ལ་བཀོད་སྒྲིག་གང་ལེགས་བྱས་པ་དང་།   བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེས་ཁུལ་ཡོངས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་ཕན་འདོགས་པར་བྱ་ཆེད།   ནུས་ཤུགས་ཡོད་རྒུས་དམངས་ཕན་དོན་བཟང་སྣ་ཁ་བཅུ་གཉིས་བསྒྲུབ་རྒྱུའི་དམ་བཅས་ཡོད་པ་སྟེ།

      གཅིག་ནི་སྨན་བཅོས་རོགས་སྐྱོབ་དང་གནས་སྐབས་རོགས་སྐྱོབ་ལ་ནོར་སྲིད་ནས་རྒྱུ་ཤུགས་གཏོང་ཚད་ཇེ་ཆེར་བཏང་སྟེ།  ཆ་སྙོམ་མི་རེའི་བསྡུ་དངུལ་ཚད་གཞི་དེ་སྒོར་གཅིག་ནས་སྒོར་གསུམ་ལ་སྤོར་རྒྱུ་དང་། གཉིས་ནི་མི་གྲངས་ཅུང་མང་བོའི་ཤང་གྲོང་ཉིས་བརྒྱ་ལ་ཤང་སྡེའི་གར་སྟེགས་བསྐྲུན་རྒྱུ།  གསུམ་ནི་བོད་བརྒྱུད་ནང་བསྟན་དགོན་སྡེ་ཡོད་ཚད་ཀྱི་གྲྭ་ཤག་ཚང་མར་བརྙན་འཕྲིན་འཁོར་སྐར་གྱི་ས་ངོས་བསྡུ་སྒྲིག་ཡོ་ཆས་སྒྲིག་སྦྱོར་བྱེད་པ། བཞི་ནི་སྨན་བཅོས་འགན་སྲུང་གི་ཚད་གཞི་ཇེ་མཐོར་བཏང་སྟེ། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་དང་། རིགས་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་གཉིས་པོའི་རྨང་གཞི་སྟེང་། མི་རེར་ཆ་སྙོམ་སྒོར་སུམ་ཅུའི་ཚད་གཞི་ལྟར་བསྡུས་ནས་མཁར་གྲོང་སྡོད་དམངས་ཀྱི་ནད་ལྗིད་མོའི་རིགས་ཀྱི་སྨན་བཅོས་འགན་སྲུང་གི་མ་རྩ་བྱེད་པ།   ལྔ་ནི་རོང་འབྲོག་པ་19000ལ་ནུས་རྩལ་གསོ་སྦྱོང་བྱེད་པ།   དྲུག་ནི་ཁུལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་11950ཡི་རྒན་གསོའི་དངུལ་ཚང་མ་ཁུལ་ནོར་སྲིད་ཀྱིས་ཚབ་སྤྲོད་བྱ་རྒྱུ་དང་།   རིམ་པ་དང་པོ་དང་གཉིས་པའི་དབང་བོ་སྐྱོན་ཅན་རེ་རེའི་ཚབ་ཏུ་སྒོར་200རེ་སྤྲོད་རྒྱུ་དང་།  རིམ་པ་གསུམ་པ་དང་བཞི་བ་རེ་རེའི་ ཚབ་ཏུ་སྒོར་100རེ་སྤྲོད་རྒྱུ།   དབང་བོ་སྐྱོན་ཅན་100ལས་གནས་འཚོལ་རྒྱུ་དང་རང་བདག་ལས་རིགས་གསར་སྐྲུན་ཐུབ་མཁན་ལ་སྒོར་ཁྲི་གཉིས་རེའི་རོགས་དངུལ་སྤྲོད་རྒྱུ།   ཆེད་བསྐོས་དགེ་རྒན་100ལ་མི་རེར་ལོ་རེར་སྒོར་1500ཡི་རོགས་དངུལ་སྤྲོད་རྒྱུ། བདུན་ནི་གཙོ་གནད་ཤང་གྲོང་25ལ། ཆུ་འདོན་དྲོད་འདོན་ལས་གཞི་30བསྒྲུབ་རྒྱུ། བརྒྱད་ནི་སྡེ་སྲུང་ཞིང་སྲུང་གི་ཆུ་རགས་སྤྱི་ལེ་བརྒྱ་དང་གྱ་དྲུག་ལས་རྒྱུ།   དགུ་ནི་ཁུལ་ཡོངས་ཀྱི་ཞིང་སྡེའི་དགེ་རྒན་5177ལ་འཚོ་བའི་རོགས་དངུལ་སྤྲོད་རྒྱུ། བཅུ་ནི་ཁུལ་ཡོངས་ཀྱི་འཛིན་བདག་དགེ་རྒན་3700ལ་ལས་གནས་རོགས་དངུལ་སྤྲོད་རྒྱུ།   བཅུ་གཅིག་ནི་ཀན་སུའུ་ཨ་མདོ་བོད་སྐད་བརྙན་འཕྲིན་འཁོར་སྐར་སྟེང་འཕུད་རྒྱུ།   བཅུ་གཉིས་ནི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་སྡེ་བ་དགུ་བཅུ་གོ་དགུ་འཛུགས་གྲུབ་བྱ་རྒྱུ་བཅས་རེད།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།

རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-04-02 ལྟ་ཀློག (6197)